རྒྱལ་གཤེན་བོན་སྒྲའི་རྩོམ་སྒྲིག་པ་རྣམས་ཀྱིས་༧སྐྱབས་རྗེ་ཡོངས་འཛིན་མཆོག་གི་བརྒྱ་སྟོན་ལ་ཕུལ་བའི་མཉམ་བྲིས་སྙན་རྩོམ།

རྩོམ་ཡིག་འདི་ཐེངས། 565 བཀླགས་འདུག

ས་ཆེན་བརྗིད་ཀྱིས་གནོན་པའི་གསེར་གྱི་ལྷུན་པོ།

     -སྨྲ་སེང་མི་ཡི་རྣམ་རོལ་༧སྨྲ་དབང་ཡོངས་འཛིན་ཆེན་པོ་ཆེའི་བརྒྱ་སྟོན་དུ་ཕུལ་བ།

                                      བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ།

རྒོད་པོ་ཁྱུང་གིས་གནམ་འཕང་བཅད་ཅིང་བློ་རིག་གཟི་མོ་དགོངས་ནས་གཏད།། 

རྒྱལ་ཁམས་བྱེ་བའི་གཙུག་གི་འཕང་བར་ཁྱུང་ཕྲུག་འཚོ་བའི་ཚང་ཞིག་བཙལ།། 

འོད་གསལ་གནམ་གྱི་བྲང་ནས་མཆེད་པའི་དཀར་པོ་དངུལ་གྱི་ཐིག་ལེའི་འོད།།

སྲིད་པའི་གངས་རི་གྱེན་དུ་འགྲེང་བའི་རི་ལུང་སྨུག་པོའི་གཞུང་དེར་འཕོས།།

པན་གྲུབ་མཁས་མང་གསེར་གྱི་འཕྲེང་བ་རིམ་པར་བྱོན་པའི་ཞིང་ཁམས་དེར།། 

སྐུ་མཆོག་མཚན་དཔེའི་མེ་ཏོག་ཟླུམ་པོ་རྒྱལ་བསྟན་མཛེས་པའི་རྒྱན་དུ་བཞད།། 

རྒྱལ་གཤེན་སྟོན་པའི་བསྟན་པའི་དབུ་རྩེ་གནམ་དུ་འདེགས་པའི་ཀ་བར་གྱུར།།

གསེར་གྱིས་བྱུག་པའི་བགྲང་བྱའི་འཕྲེང་རྡོག་བརྒྱ་ལ་ཕེབ་པར་རྟེན་འབྲེལ་ཞུ།། 

སེར་པོ་གསེར་གྱི་བགྲང་བྱའི་འཁོར་ལོ་རིམ་པས་བགྲོད་པའི་བཞུད་ལམ་དེར།།

ཕྱི་མིག་ཐང་གཅིག་ཡུད་ཀྱིས་འཕང་ཞིང་ཀྱག་ཀྱོག་མང་བའི་ལོ་ཟླའི་ངོགས།།

མཛད་རྗེས་རི་མོ་གསེར་གྱིས་སྤྲས་པར་ཚིགས་སུ་བཅད་པའི་འགྱུར་ཁུག་ཅིག།

དད་འདུན་པད་དཀར་འདབ་མའི་ཀློང་ནས་བརྒྱ་སྟོན་བསུ་བའི་མཆོད་པར་སྤྲོ།།

གསོ་བྱེད་སྨན་གྱི་རི་བོའི་ནགས་ཚལ་ཚང་ཚིང་འཁྲིགས་པའི་གནས་མཆོག་ཏུ།།

གྲྭ་རྐྱང་ཞིག་གི་འཚོ་བའི་ལམ་ནས་གདན་སའི་སྒྲིག་སྒོར་ཞུགས་མཛད་ནས།།

འཆད་རྩོད་རྩོམ་གྱི་འཁོར་ལོ་བསྐོར་ཞིང་དཔོན་སློབ་མཚན་སྙན་སྤྱི་བོར་ཕུལ།།

སྐུ་ཚེགས་སྣ་ཚོགས་འཕྲག་ཏུ་མྱོང་བཞིན་བསྟན་འགྲོའི་ཁུར་ཆེན་རྒྱབ་ཏུ་བཞེས།།

དུས་ཀྱི་འཁོར་ལོའི་དཀྱོག་མཚམས་ཞིག་གིས་གངས་རིའི་རྩེ་མོ་ཐང་དུ་སྒྱེལ།།

རྣམ་ཤེས་སྟོང་གི་ཆོ་ངེའི་དབྱངས་ཀྱིས་འཇག་མའི་རྩྭ་ཕུང་སྒུལ་བའི་སྐབས།། 

ལ་རྒྱའི་བྲང་གཞོང་ཕྱག་གིས་རྡུང་བཞིན་བོན་པོ་ཚང་གི་བསྟན་འགྲོ་ཞེས།།

སྐུ་སྲོག་ལས་ཀྱང་གཅེས་པར་བཟུང་ཞིང་འཁྱམ་པོ་སྟོང་གི་ལམ་སྣེ་མཛད།།

དབྱིན་ཇི་རྒྱལ་པོའི་མངའ་ཁུལ་ཅིག་ཏུ་འཚོ་བའི་སྣུམ་ཐིགས་མི་འབྲལ་བར།།

རང་དོན་འཕྲིན་ལས་མེ་ལྕེའི་ཕུང་བོ་དགུང་ལ་མཆེད་པའི་སྐབས་བྱུང་ཡང་།།

བོན་པོ་ཚང་གི་བསྟན་དང་འགྲོ་རྣམས་བརྩེ་ཆེན་ལྕགས་ཀྱུས་མ་བཏང་བར།།

མ་ཡིས་བུ་ལ་བསྐྱངས་པ་ལྟ་བུའི་བཀའ་དྲིན་གཞལ་མཐའ་བྲལ་བ་མཛད།།

བསྟན་པའི་མེ་རོ་རྨིང་ནས་གསོ་བར་མེས་པོའི་གསུང་རབ་དཔར་བསྐྲུན་མཛད།། 

འབངས་ཀྱི་སྐྱིད་སྡུག་མཉམ་དུ་རོལ་བར་གཞིས་ཁྱིམ་དྲན་མོ་གསར་རྒྱག་གནང་།།

བཤད་སྒྲུབ་བསྟན་པའི་རུ་དར་འཕྱར་བར་ཁྲིད་ལུང་མན་ངག་ཆར་བཞིན་སྙིལ།།

བསྟན་དང་འགྲོ་བའི་དཔུང་གཉེན་དམ་པ་ཡོངས་འཛིན་ཆེན་པོ་ཁྱེད་ཕྱག་འཚལ།།

ཐུན་མོང་རིག་གནས་གཞན་སྐད་དང་བཅས་མཁྱེན་པའི་བློ་རྩལ་ཁོང་ནས་རྡོལ།།

ཐུན་མིན་མདོ་སྔཊ་སེམས་ཀྱི་ཉམས་ལེན་ཐུགས་ཉིད་བདེ་སྟོང་དབྱིངས་སུ་འདྲིས།།

གསུང་རབ་རིན་བྲལ་གསེར་གྱི་གླེགས་བམ་རྒྱལ་བསྟན་གསལ་བའི་རྒྱན་དུ་སྤེལ།།

རྒྱལ་གཤེན་ཆེན་པོའི་སྤྲུལ་པའི་གར་འཆང་སངས་རྒྱས་དངོས་བྱོན་སྤྲུལ་པའི་སྐུ།།

དུས་ཀྱི་འགྱུར་བས་སེམས་ཀྱི་གཏད་སོ་རླུང་བཞིན་གཡུག་པའི་དུས་སྐབས་འདིར།།

གྲུབ་མཐའི་ཞལ་ཕོར་གཞན་ལ་མ་འདྲིས་རང་ཚུགས་འཁར་བར་དམ་གྱིས་འཇུས།།

གཤེན་རབ་མི་བོའི་ལུང་དང་རིགས་པར་དཔྱད་གསུམ་དག་པས་རྩལ་གྱིས་འགྲེལ།།

ས་ཆེན་འདི་རུ་གཡུང་དྲུང་བོན་ཞེས་གྲུབ་མཐའི་དབྱངས་སྙན་ཁྱེད་ཀྱིས་དཀྲོལ།།

བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཐོན་པོ་མཁའ་ལ་རྩེན་པའི་དགོན་སྡེ་དང་།།

ཕྱོགས་བཞིའི་མི་རིགས་འདྲ་མིན་ཁུལ་དུ་བོན་དབྱངས་སྒྲོག་པའི་ཚོགས་སྡེ་བཅས།།

བསྟན་འགྲོའི་བྱ་བར་སྲི་ཞུའི་ལེགས་ཚོགས་འབད་པས་སྒྲུབ་པའི་འཕྲིན་ལས་ཀུན།།

དཔོན་གསས་མཆོག་གི་ཐུགས་བརྩེའི་དྲིན་ལས་འདའ་བ་མེད་པ་ཀུན་གྱིས་རྟོགས།།

ཉམས་དང་རྟོགས་པའི་དཀྱིལ་འཁོར་ཆེན་པོ་ཕལ་བས་གཞལ་བར་མི་གྱུར་མོད།།

ཁྱེད་སྐུ་དགྱེས་ཞལ་འཛུམ་པའི་རང་མདངས་ཕྱི་ནས་མཇལ་བ་ཙམ་གྱིས་ཀྱང་།།

ཕྱི་ནང་མི་རིགས་འདི་ཞེས་མེད་པར་མགྲིན་པའི་སྒྲ་དབྱངས་ཕྱོགས་གཅིག་གིས།།

སེམས་ལ་དགའ་དང་དད་པའི་ཚོར་བས་ཐར་བའི་ལམ་སྣེར་འཁྲིད་ཅེས་བརྗོད།།

དྲན་པའི་ཐུགས་སྤྲུལ་མཚན་བཟང་ཅོད་པན་རྩ་གསུམ་ལྷ་ཡི་ཚོགས་ཀྱིས་བསྩལ།།

གངས་རིའི་ལྗོངས་ཀྱི་ཚིག་མཛོད་ཆེན་མོའི་ཆེ་བ་རྒྱལ་དབང་ཆེན་པོས་གནང་།།

ཚེ་དབང་རིག་འཛིན་དངོས་སུ་བྱོན་པའི་སྐུ་མཆོག་བདག་ཅག་མིག་གིས་མཇལ།། 

བདག་ཅག་བོན་པོའི་བསོད་ནམས་དཔལ་ཡོན་ཐུཊ་ལ་འཆང་བ་བཀའ་དྲིན་ཆེ།། 

སླད་ཀྱང་བདག་ཅག་རེ་བའི་མིག་གིས་སྐུ་ཉིད་བསྐལ་བརྒྱར་བཞུགས་པའི་ཕྱིར།། 

ལྷ་རྣམས་དགྱེས་པའི་མཆོད་པའི་སྤྲིན་གྱིས་གནམ་སའི་གོང་བུ་འདྲིས་གྱུར་ཞིང་།།

དད་དམ་ཤེལ་དཀར་འཕྲེང་བའི་རང་མདངས་གཅིག་ཏུ་སྤུང་བའི་ངང་ཚུལ་ལ།། 

བརྩེ་བའི་སྤྱན་གྱིས་ཡང་ཡང་གཟིགས་བཞིན་སྐུ་ཚེ་རྒྱལ་མཚན་རབ་བརྟན་ཤོག།

འདི་ན་སྙན་ཚིག་རོལ་མོའི་དབྱངས་ཀྱིས་མཆོད་པའི་སྤྲིན་དཀར་འདེགས་པ་པོ།།

བྱ་འཕུར་བདག་གི་སྐྱེད་མ་༼བླ་མ་མཚོ།༽གཙོས་པའི་འགྲོ་རྣམས་ཐུགས་བརྩེས་མི་འདོར་བར།།

ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་ཞིང་མཐར་ཐུག་གཏན་བདེའི་ལམ་བཟང་ཞིག།

བརྩེ་ཆེན་འོད་གསལ་རྒྱ་མཚོའི་ཀློང་ནས་བསྟན་དུ་གསོལ་ཞེས་སྐྱབས་འཇུག་ཞུ།།

བསྟན་འགྲོ་སྤྱི་དང་ཁྱད་པར་དུ་བདག་ཅག་བོན་འབངས་རྣམས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་སྨྲ་སེང་མི་ཡི་རྣམ་པར་རོལ་བ་༧སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་གྲངས་ ༡༠༠ རུ་ཕེབས་པའི་བསྐལ་བཟང་དགྱེས་སྟོན་ཆེན་མོའི་སྐབས། མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བ་རྒྱ་མཚོའི་མཐའ་བར་དུ་མི་འཇིགས་གཡུང་དྲུང་གི་ཁྲི་འཕང་མཐོན་པོར་རབ་ཏུ་བརྟན་པའི་གསོལ་འདེབས་ཤུགས་དྲག་དང་བཅས། མདོ་སྨད་བྱ་འཕུར་བླ་བྲང་གི་གདན་སར་དལ་འབྱོར་གྱི་རྟེན་བཟང་པོ་རྙེད་པ་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོར་འབོད་པས་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡ ཉིན་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་གི་ཡན་ལག་མཁར་ས་བྱ་འཕུར་ཚང་ཅེས་པའི་ཚོགས་སྡེའི་གནས་སུ་བྲིས་པའོ།། །།

བརྒྱ་སྟོན་ཨེ་མ་ཧོ།

-སྨྲ་སེང་མི་ཡི་རྣམ་རོལ་༧སྨྲ་དབང་ཡོངས་འཛིན་ཆེན་པོ་ཆེའི་བརྒྱ་སྟོན་དུ་ཕུལ་བ།

གདོང་བཙུན་རྒྱ་ཐར།

ཚེ་རིང་ལོ་བརྒྱ་སྐུ་ཡི་རི་དབང་བརྟན།།

   ཚེ་རིང་ལོ་བརྒྱར་གསུང་གི་བོན་འཁོར་བསྐོར།།

   ཚེ་རིང་ལོ་བརྒྱའི་སྟོན་པ་ཐུགས་རྗེ་ཅན།།

   ཚེ་རིང་ལོ་བརྒྱའི་དུས་སྟོན་སྤྲོ་བས་བསུ།།

བརྒྱ་ཕྲག་ལོ་ཡི་ཁྲི་ལ་གཟི་བྱིན་འབར།།

   བརྒྱ་ཕྲག་བགྲང་བྱའི་མཛད་བཟང་ཟླ་དང་བྲལ།།

   བརྒྱ་ཕྲག་ལོ་རྒྱུས་ཀུན་ལས་འཕགས་པ་དེ།།

    བརྒྱ་བའི་བསྟན་པའི་གསལ་བྱེད་སྨན་རི་བ།།

བརྒྱ་སྟོང་ཁྲི་འབུམ་བྱེ་བའི་གདུལ་བྱའི་མགོན།།

    བརྒྱ་ལ་ན་ཡང་གཅིག་འབྱུང་ཨུ་དཔལ་ཙམ།།

    བརྒྱ་ཕྲག་ལོར་བཞུགས་བསྟན་དང་འགྲོ་བའི་དོན།།

    བརྒྱ་བརྒྱ་ཁྲི་འབུམ་བཞེས་ལ་གསོལ་བ་འདེབས།།

བརྒྱ་བའི་འདྲེན་སྟོན་མཆོག་གི་གསུང་གི་བསྟན།།

     བརྒྱ་དང་སྟོང་དང་ཁྲི་ཡི་བོན་སྒོ་ཆེ།།

    བརྒྱ་བཤད་ཚིག་གི་རྩ་བ་རྫོགས་པ་ཆེའི།།

     བརྒྱ་ཆའི་གནད་འགག་འཆད་མཛད་ཁྱེད་ཁོ་ན།།

བརྒྱ་ཕྲག་ཁ་རལ་སྙིགས་མའི་ཡང་ཐ་འདིར།།

    བརྒྱ་དང་བརྒྱད་ཀྱི་གྲངས་ལྡན་ཕྲེང་བ་ཡི།།

    བརྒྱ་དཔོན་ཇི་བཞིན་མཁས་བརྒྱའི་མདོ་འཛིན་པ།།

    བརྒྱ་ཕྲག་བགྲང་བྱ་བཞེས་ཁྱེད་བསྟན་པའི་སྲོག།

བརྒྱ་བྱིན་ཚངས་པ་ཡིས་ཀྱང་བཀུར་པ་ཡི།།

    བརྒྱ་སྟོང་རྣམ་འདྲེན་སྤྱི་གཟུགས་རིན་པོ་ཆེ།།

    བརྒྱ་བའི་སྟོན་པའི་བསྟན་པ་རྣམ་གསུམ་ལ།།

    བརྒྱ་གོ་གཅིག་ཆོད་ཁྱེད་འདྲ་ཉིན་སྐར་ཙམ།།

  བརྒྱ་་ལོ་དངུལ་གྱི་འབུལ་བ་མ་འབྱོར་ཡང་།།

    བརྒྱ་ཕྱག་དད་པས་འཚལ་བཞིན་རྒྱང་རིང་ནས། །

    བརྒྱ་སྟོན་གསེར་གྱི་མཎྜལ་ཆེན་མོ་ལ།།

    བརྒྱ་སྟོང་སྤྲོ་དགའི་མཆོད་པ་འདི་ཙམ་བཏེགས།།

བརྒྱ་སྟོན་མཛད་སྒོ་ལྷ་མི་དགྱེས་པའི་དཔལ།།

     བརྒྱ་སྟོན་བརྟན་བཞུགས་ཚོགས་བསགས་མཆོད་པའི་ཞིང་།།

     བརྒྱ་ཕྲག་བགྲང་བྱའི་ཁུར་འཆང་རིན་པོ་ཆེ།།

     བརྒྱ་སྟོང་ཁྲི་ཡང་ཞབས་པད་བརྟན་པར་སྨོན།།

གཡུང་དྲུང་བོན་བསྟན་འདེགས་པའི་གསེར་གྱི་ཀ་ཆེན།

-སྨྲ་སེང་མི་ཡི་རྣམ་རོལ་༧སྨྲ་དབང་ཡོངས་འཛིན་ཆེན་པོ་ཆེའི་བརྒྱ་སྟོན་དུ་ཕུལ་བ།

 རྔ་རང་རིག

བསོད་ནམས་ཡེ་ཤེས་ཚོགས་ཀྱི་རྒྱ་མཚོ་ལས།།

གངས་ལྗོངས་ས་འཛིན་ཁྱུང་ཡུལ་མཛེས་པའི་ཞིང་།།

དགེ་ལེགས་དཔལ་གྱིས་ཕྱུག་པའི་གནས་མཆོག་དེར།།

སྐུ་མཆོག་མཚན་དཔེའི་མེ་ཏོག་རྣམ་པར་བཞད།།

གཞོན་ནུའི་དུས་སུ་གཞུང་ལུགས་རྒྱ་མཚོ་ཡི།།

གསུང་རབ་ཟབ་མོའི་བདུད་རྩི་གསོལ་བ་ལས།།

བཤད་སྒྲུབ་ནོར་བུའི་མཛོད་ལ་མངའ་བརྙེས་ཏེ།།

མཁས་པའི་སྙན་པ་དཀར་པོ་ཕྱོགས་བཅུར་ཁྱབ།།

རྒྱུད་པ་གསུམ་གྱི་བསྟན་པའི་སྲོག་འཛིན་པ།།

དྲིན་ཅན་ཡོངས་འཛིན་རྣམ་གཉིས་ཞབས་པད་ལས།།

དབང་ལུང་མན་ངག་བདུད་རྩིའི་ཆུ་རྒྱུན་གྱིས།།

ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བར་མཛད།།

འདུལ་ཁྲིམས་བསླབ་གསུམ་རྣམ་དག་གསེར་གྱི་ཁྲི།།

བླ་མེད་ཕྱིན་བཅུའི་ཉམས་ལེན་རིན་ཆེན་བརྒྱན།།

བྱང་སེམས་སྡོམ་པའི་ཚུལ་ཁྲིམས་དྲི་མེད་པས།།

མདོ་རྒྱུད་ཟབ་མོའི་དགོངས་དོན་ཕྱག་ཏུ་བཞེས།།

བསྐྱེད་རིམ་རྣལ་འབྱོར་ཟབ་མོའི་ཉམས་ལེན་གྱིས།།

ལྷ་ཚོགས་དཀྱིལ་འཁོར་རྒྱ་མཚོའི་དཔལ་མངའ་ཞིང་།།

རྫོགས་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས།།

གནས་ལུགས་དོན་གྱི་འོད་གསལ་མངོན་དུ་གྱུར།།

ཀ་དག་བོན་སྐུའི་དབྱིངས་སུ་མཉམ་བཞག་པས།།

རིག་པ་ཡེ་ཤེས་ཆེན་པོའི་རང་མདངས་ཤར།།

ལྷུན་གྲུབ་རོལ་པའི་རྩལ་ལས་མ་གཡོས་ཀྱང་།།

སྣང་སྲིད་རང་གྲོལ་ཆེན་པོའི་དགོངས་པ་བརྙེས།།

འཁོར་འདས་གཉིས་མེད་དབྱིངས་སུ་རོ་གཅིག་པའི།།

མན་ངག་བདུད་རྩིའི་བཅུད་ཀྱིས་འགྲོ་རྣམས་བསྐྱངས།།

རང་རིག་ཡེ་ཤེས་ཆེན་པོའི་ཀློང་ཡངས་པོར།།

གཞི་སྣང་རང་ཤར་ཆེན་པོའི་དགོངས་པ་རྫོགས།།

མདོ་སྔགས་གཞུང་བརྒྱའི་དཀའ་གནད་བརྩོན་པས་གཞལ།།

བསླབ་གསུམ་ནོར་བུའི་རྒྱལ་མཚན་མངོན་མཐོར་བསྒྲེངས།།

སྐལ་བཟང་གདུལ་བྱ་སྟོང་ཕྲག་རྗེས་སུ་བཟུང་།།

གཡུང་དྲུང་བོན་བསྟན་སྲིད་པའི་ཁྱོན་ལ་སྤེལ།།

པོ་ཏི་ཉེར་གཉིས་གསུང་གི་བདུད་རྩིའི་གཏེར།།

མཁས་དགུའི་དགོངས་བཅུད་ནོར་བུའི་ཕྲེང་བ་བསྒྲིགས།།

རིག་གནས་ཀུན་ལ་མི་རྨོངས་མཁྱེན་པའི་དཔལ།།

དོན་གཉིས་མཐར་ཕྱིན་འགྲོ་དོན་ལྷུན་གྱིས་གྲུབ།།

ཐེག་པ་རིམ་དགུའི་ལམ་བཟང་གསལ་བར་སྟོན།།

སྒོ་བཞི་མཛོད་ལྔའི་ཡང་བཅུད་སྒྲིབ་མེད་གཟིགས།།

བླ་མེད་ཐེག་པའི་ཟབ་དོན་རྒྱ་མཚོའི་གཏེར།།

ཕངས་མེད་མ་ལུས་འགྲོ་ལ་སྩོལ་བར་མཛད།།

དེང་འདིར་དགུང་ལོ་བརྒྱ་ཡི་དཔལ་ཐོབ་པ།།

བཀྲ་ཤིས་དགེ་མཚན་ལྷ་ཡིས་མེ་ཏོག་འཐོར།།

སྐལ་ལྡན་བུ་སློབ་ཡོངས་ཀྱི་སྤྱི་བོ་རུ།།

བྱིན་རླབས་དངོས་གྲུབ་རྒྱུན་དུ་འབེབས་པར་ཤོག།

ཅེས་པ་འདི་ནི་གང་གི་སློབ་མའི་གྲལ་མཐའ་བ་རྒྱལ་གཤེན་བོན་སྒྲའི་རྩོམ་སྒྲིག་པ་དགེ་བཤེས་མཁྱེན་རབ་རྒྱ་མཚོའམ་རྔ་རང་རིག་ཏུ་འབོད་པ་དེས་གདན་ས་ཁྲི་བརྟན་ནོར་རྩེའི་རང་ཤག་དཔེ་མང་སྤུངས་པའི་དཀྱིལ་འཁོར་ནས་སྨྲ་དབང་ཡོངས་འཛིན་ཆེན་མོ་མཆོག་གིས་བསྟན་འགྲོར་ཕན་པའི་མཛད་འཕྲིན་བླ་མེད་བསྐྱངས་ཏེ་དགུང་ལོ་བརྒྱ་ཕྲག་གཅིག་བཞེས་པའི་སྐལ་བཟང་གི་དུས་ཚོད་ཁྱད་པར་ཅན་འདི་ལ་དད་པའི་ལྷ་ཕྱག་གྲངས་མེད་དང་བཅས།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *