རང་བྱུང་ཆུ་ཚན་གྱི་སྐོར་ལ་དཔྱད་པ།

རྩོམ་ཡིག་འདི་ཐེངས། 395 བཀླགས་འདུག

གསོ་རིག་འབུམ་བཞིའི་སྨན་དགེ་གནམ་གསས་གྲགས་པ།

དང་པོ་བྱང་ཆུབ་མཆོག་ལ་ཐུགས་བསྐྱེད་ཅིང་།།

བར་དུ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས།།

མཐར་ཐུག་མངོན་པར་རྫོགས་པའི་སངས་རྒྱས་པ།།

བསྟན་པའི་བདག་པོ་གཤེན་རབ་མི་བོར་འདུད།།

ཅེས་མཆོད་པར་བརྗོད་པའི་མདུན་བསུས་ཏེ། འདིར་བརྗོད་བྱའི་གཞི་ནི་བཅོས་པའི་ལུམས་དང་། རང་འབྱུང་ཆུ་ཚན་ལུམས་གཉིས་ལས། སྐབས་འདིར་རང་འབྱུང་ཆུ་ཚན་སྐོར་གླེང་བར་བྱ། དེ་ཡང་སྔོན་སངས་རྒྱས་སྨན་ལྷའི་ཐུགས་རྗེ་དང་། འགྲོ་དྲུག་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ལས་བྱུང་བའི་རང་འབྱུང་གི་ཆུ་ཚན་འདི་དག བོད་ལ་སོགས་ཀྱི་མི་དམངས་རྣམས་ཀྱིས་དད་མོས་ཀྱིས་བསྟེན་པ་ཤིན་ཏུ་དར་ཁྱབ་ཆེ་ཡང་། ཆུ་ཚན་གྱི་རིགས་དང་། སོ་སོའི་ངོས་འཛིན། སོ་སོའི་ཕན་ནུས། ཆུ་ཚན་སྤྱི་ཡི་ཕན་ཡོན། བསྟེན་དུས་ནམ་ཟླ། འཇུག་ཚུལ་ཟས་སྤྱོད་ཀྱི་རྗེས་སྲུང་བཅས་ལ་ལེགས་ཉེས་ཀྱི་དཔྱད་གཞི་མེད་པར་གང་བྱུང་དུ་བསྟེན་བཞིན་འདུག་པ་མཐོང་ཐོས་བྱུང་བར་བརྟེན་ནས་དེའི་སྐོར་ཅུང་ཙམ་གླེང་རྒྱུ་ཡིན།

དང་པོ་ཆུ་ཚན་གྱི་རིགས་ནི།

གཙོ་བོ་རྒྱུ་ནི་རྡོ་སོལ་ཁོ་ན་ཡིན་ཡང་དེ་ལ་གྲོགས་ཀྱི་དབྱེ་བས་རིགས་ལྔར་ངེས་ཤིང་ནུས་པའང་དེ་དང་མཐུན་པར་འབྱུང་སྟེ། རྡོ་སོལ་དང་ཅོང་ཞི་གཉིས་འདྲེས་པ་ལས་བྱུང་བའི་ཆུ་ཚན། རྡོ་སོལ་དང་མུ་ཟི་གཉིས་འདྲེས་པ་ལས་བྱུང་བའི་ཆུ་ཚན། རྡོ་སོལ་དང་བྲག་ཞུན་གཉིས་འདྲེས་པ་ལས་བྱུང་བའི་ཆུ་ཚན། རྡོ་སོལ་དང་ཅོང་ཞི་མུ་ཟི་གསུམ་འདྲེས་པ་ལས་བྱུང་བའི་ཆུ་ཚན། རྡོ་སོལ་དང་མུ་ཟི་བྲག་ཞུན་ལྡོང་རོས་བཞི་འདྲེས་པ་ལས་བྱུང་བའི་ཆུ་ཚན་དང་ལྔ་ཡོད་པ་ཡིན། 

གཉིས་པ་སོ་སོའི་ངོས་འཛིན་ནི།

གཙོ་བོ་ཅོང་ཞི་ནི་ལྗོངས་ཡོངས་ཀྱི་ས་ཆ་ཕལ་མོ་ཆེར་ཡོད་ཅིང་གཏེར་ཁའི་དབང་གི་འབྱུང་ཁུངས་དང་ཆགས་ཚུལ་གྱི་དབང་གིས་རིགས་མི་འདྲ་བ་མང་ཡང་། རྩ་བའི་རིགས་ཕོ་མོ་མ་ནིང་བུ་དང་བུ་མོ་ལྔ་གང་རུང་གི་ཆུ་ཚན་ནི། ཆུ་མདོག་ཤིན་ཏུ་དྭངས་ལ་དྲི་མ་ཆེར་མེད་ཅིང་མདོག་མི་འགྱུར་བ། ས་ཕྱོགས་དེ་དག་ལ་ཅོང་ཞི་མཐོང་རྒྱུ་ཡོད་པ་དང་། ཅོང་ཞི་ཡོད་སའི་ཆུ་དེས་ཇ་སྐོལ་བྱེད་དང་ཆང་གསིང་བྱེད་བྱས་ཀྱང་རོ་བསྒྱུར་རྒྱུ་མེད་པ་བཅས་ཀྱི་ཁྱད་ཆོས་ཡོད་པ་དང། གཙོ་བོ་མུ་ཟི་ནི་ངོ་བོ་ཁྲོབ་པས་བཏུལ་སླ་བ། དབྱིབས་དང་ཆེ་ཆུང་ངེས་མེད། དེ་ལ་ཡང་དཀར་སེར་གཉིས་གང་རུང་འདྲེས་པའི་ཆུ་ཚན་ཡིན་ན། ཆུ་མདོག་སེར་ཞིང་ལྗང་ལ་རོ་ཁ་ལ་མུ་ཟིའི་དྲི་དུགས་མནམ་པ། ས་ཕྱོགས་དེ་དག་མུ་ཟི་མཐོང་རྒྱུ་ཡོད་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་། གཙོ་བོ་བྲག་ཞུན་ནི་འབྱུང་ཁུངས་སོགས་བཞེད་སྲོལ་མང་ཡང་། གསེར་སོགས་འབྱུང་ཁུངས་དྲུག་གི་བཅུད་རྒྱ་སྐྱེགས་ཁུ་བ་ལྟར་འཛག་པ། ངོ་བོ་ལྕི་ལ་བསྐམས་ནས་རྡོག་པོར་འདྲིལ་པ། གསེར་ཞུན་སོགས་ལྔ་ལས་ལྕགས་ཞུན་འདྲེས་པའི་ཆུ་ཚན་ཡིན་ན། ཆུ་མདོག་སྨུག་ལ་རོ་ཁ་ཞིང་དྲི་མི་ཞིམ་པ་དང་། ས་ཕྱོགས་དེ་དག་ལ་བྲག་ཞུན་དང་མཚུར་མཐོང་རྒྱུ་ཡོད་པའི་ཁྱད་བཅོས་ཡོད་པ་དང་། གཙོ་བོ་རྡོ་སོལ་ནི་གཏེར་ཁ་ནས་མང་དུ་ཐོན་པ། དེ་མིན་གྱི་ཡུལ་འགའ་ཞིག་གི་ས་འོག་ནས་ཐར་ཐོར་འབྱུང་བའི་གནའ་བོའི་རྩི་ཤིང་ནགས་ཚལ་ས་འོག་ཏུ་སོང་ནས་ལོ་ཁྲི་ཕྲག་མང་པོ་འདས་པ། ས་འོག་གི་ཚ་དབལ་དྲག་པོ་དང་གནོན་ཆེན་པོའི་སྟོབསཀྱིས་ངོ་བོ་བསྒྱུར་ནས་གྲུབ་པའི་གཏེར་རྡོ་སྟེ། དབྱིབས་དང་ཆེ་ཆུང་དེས་མེད་ཁ་མདོག་ནག་པོ་འཇམ་ལ་འོད་དང་ལྡན་པ་དེ་དང་འདྲེས་པའི་ཆུ་ཚན་ཡིན་ན། ཆུ་མདོག་སྐྱ་ལ་རྭ་གཞོབ་ཀྱི་དྲི་བྲོ་བ། ས་ཕྱོགས་སུ་བྱ་རྡོ་སྐྱ་བོ་མཐོང་རྒྱུ་ཡོད་པ་བཅས་ཀྱི་ཁྱད་ཆོས་ཡོད་པ་བཅས་ཡིན་ནོ།།

གསུམ་པ་སོ་སོའི་ཕན་ནུས་ནི། 

ཅོང་ཞི་ཆུ་ཚན་གྱིས་གཙོ་བོ་བད་ཀན་སྨུག་པོ་དང་། ཚ་བ་རྙིང་པ་དང་དུག་ནད་བཅས་ལ་ཕན་གྱི་ཡོད་པ་དང་། མུ་ཟི་ཆུ་ཚན་གྱིས་གཙོ་བོ་ཤ་བཀྲ་མཛེ་ནད་དང་། ཆུ་སེར་དང་གྲང་བའི་ནད་བཅས་ལ་ཕན་པ་ཡིན་ཡང་། རླུང་ནད་ཀྱི་རིགས་ལ་གནོད་ཀྱི་ཡོད་པ་ཡིན། བྲག་ཞུན་ཆུ་ཚན་གྱིས་ཕོ་བའི་ནད་དང་། ཁྲག་ནད་སྨུག་པོ་དྲེག་ནད་ཆུ་འགགས་ནད་བཅས་ལ་ཕན་པ་དང་། བྲག་མཚུར་ཆུ་ཚན་གྱིས་འབྲས་དང་སྐྲན་གྱི་རིགས་དང་། ཕོ་བའི་ནད་རྙིང་པ་བཅས་ལ་ཕན། རྡོ་ཞོ་ཆུ་ཚན་གྱིས་ཕོ་བའི་མེ་དྲོད་ཉམས་ནས་ཟས་མི་འཇུ་བ་དང་། བད་ཀན་ལྷེན་དང་ལྕགས་དྲེག་དུག་ཚད་རྙིང་ཚད་དང་། འབམ་དང་དྲེག་གྲུམ་འབྲས་དང་དགྱེ་ཤིང་ཡང་ན་དགུག་པ་བཅས་ལ་ཕན་གྱི་ཡོད། ཁྱད་པར་དུ་བལ་ཡུལ་རྒྱལ་སའི་ནུབ་རྒྱུད་བྷི་ནི་ཤིང་གྷོལ་ཆུ་ཚན་ནི། རྒྱུ་གཙོ་བོ་རྡོ་སོལ་ཡིན་པའི་ཐོག ཅོང་ཞི་དང་མུ་ཟི་མཚུར་གསུམ་ཤས་ཆེར་འདྲེས་པའི་ཆུ་ཚན་ཡིན་པས། ཕན་ནུས་ནི་དྲེག་གྲུམ་དང་རྒལ་ཚིགས་བུད་པ་སོགས་ཀྱིས་ལུས་སྒུར་པོ་རྩ་དཀར་ནད་དང་། རྐང་ལག་གི་ཆུ་རྒྱུས་རེངས་ཁུམས་སམ་ཡང་ན་ཞ་བ། ཤ་འབྲས་རུས་འབྲས་རྩ་འབྲས་སོགས་ཀྱིས་འབྲས་ནད་རིགས་དང་། རྨ་གསར་རྙིང་གང་རུང་སོགས་ཀྱིས་སྐྲངས་པ། བུད་མེད་ཀྱི་ཚབས་ནད་རིགས་དང་། ཤ་དང་རུས་པའི་བར་སོགས་སུ་ཆུ་སེར་གཡོས་པ་དང་། མཁལ་མ་ད་རྒན་དང་བད་ཀན་གྲང་བའི་ནད་དང་། ཁྲག་ཤེད་མཐོ་པོ་རུས་པ་ཆགས་གྲུམ་རྐང་འབམ་ནད་བཅས་ལ་ཕན་པ་ཡིན།

བཞི་པ་བསྟེན་དུས་ནམ་ཟླ་ནི།

ཐོག་མར་ཐག་རིང་པོ་ནས་ཡོང་བ་ཡིན་ན། སླེབས་མ་ཐག་ནས་ཆུ་ཚན་དུ་འཇུག་པར་མི་རུང་སྟེ། གང་ཡིན་ཟེར་ན་དེ་དུས་ལུས་ཀུན་འཁྲུགས་པར་བརྟེན་ནས་ཟུངས་ཁྲག་དང་ནད་ཁྲག་གཉིས་དབྱེ་བ་མ་ཕྱེ་བས་སོ།། དེ་འདྲ་ཡིན་དུས་ཐོག་མ་ཉིན་གཅིག་ཙམ་ངལ་གསོ་བྱས་རྗེས་གཞི་ནས་ཆུ་ཚན་དུ་འཇུག་དགོས་ཤིང་། འཇུག་དུས་ཀྱང་དང་པོ་ཉེ་འགྲམ་དུ་ཡོད་པའི་ཆུ་གྲང་དུ་ཞུགས་པ་དང་། དེ་ནས་རིམ་བཞིན་ཆུ་ཚན་དུ་གོམས་འདྲིས་སྒོ་ནས་དུས་ཚིགས་ཆ་བགོས་ནས་ཆུ་ནང་དུ་ཞུགས་དགོས་ཏེ། ཉིན་དང་པོ་ཆུ་ཚོད་གཅིག་གཉིས་ཙམ་ཞུགས། རིམ་བཞིན་ཆ་བསྐྱེད་དེ་བསྟེན་པར་བྱའོ།། «སྨན་གཞུང»ལས། “བསྟེན་ཐབས་དང་པོ་གྲང་བར་ཞུགས། དེ་ནས་རིམ་པས་ཇེ་ཆེར་བཏང་།” ཞེས་གསུངས་སོ།། དུས་ནི་དཔྱིད་ཀ་བོད་ཟླ་དང་པོ་དང་གཉིས་པ། སྟོན་ཀ་བོད་ཟླ་བདུན་པ་དང་བརྒྱད་པ་དགུ་པ་རྣམས་ལ་འཚམས་དམིགས་བསལ་དུ་ཕན་ཡོན་ཆེ་བ་ནི་སོས་ཀ་ཟླ་བ་གསུམ་པ་དང་བཞི་པ། དགུན་སྟོད་ཟླ་བ་དགུ་པ་དང་བཅུ་པ་རྣམས་ཡིན་ཏེ། དེའི་དུས་སུ་ཕན་ནུས་ཆེ་བའི་རྒྱུ་མཚན་ནི། འབྱུང་བ་གཞན་དང་མ་འདྲེས་པ་རང་ཁམས་རྒྱས་པའི་དུས་ཡིན་པ་དང་། དབྱར་སྟོད་དུས་སུ་ས་དང་ཆུའི་ནུས་པ་ཡང་། མེ་དང་རླུང་གིས་བསྐྱེད་ནས་གྱེན་དུ་རྒྱུ་བའི་ཚེ་རྒྱ་མཚོ་ཁོལ་བ་ཡི། ཟིལ་པ་དང་རླངས་པ་འདྲེས་པས་ནུས་པ་ཆུང་བ་དང་། དགུན་སྨད་དུས་སུ་ས་ཆུ་རླུང་གསུམ་གྱི་སྟོབས་སམ་ནུས་པ་འཁྱགས་པའི་སྦུབས་སུ་ཚུད་པ་ཡིན། ཆུ་ཚན་རིགས་ལྔ་གང་ཡིན་ཡང་། འབྱུང་བ་ཚ་གྲང་དང་འཕེལ་འགྲིབ་ཀྱི་ནུས་པའི་ཁྱད་པར་ཡོང་གི་ཡོད་པས་ཕན་ནུས་དང་བྱེད་ལས་རྟེན་འབྲེལ་དོན་ལ་མ་རྨོངས་པར་བྱ་རྒྱུ་གལ་ཆེ་བ་ཡིན་ནོ།། 

ལྔ་པ་འཇུག་ཚུལ་ནི།

ཆུ་ཚན་ཞུགས་པའི་དུས་ཚོད་ནི་སྤྱིར་བདུན་ཕྲག་གཅིག་ཙམ་ནས་འབྲས་བུ་སྨིན་ཐུབ་པ་དང་། བཅོས་དཀའ་བའི་ནད་ཁག་ལ་བདུན་ཕྲག་གསུམ་མམ་ཟླ་བ་གཅིག་ཙམ་ཡིན་ཡང་། གཙོ་ཆེ་བ་ནི་རང་རང་གི་ལུས་ཁམས་ལ་དཔགས་ནས་བསྟེན་དགོས་པ་ཡིན། ལྷག་པར་ཏུ་ཆུ་ཚན་འཇུག་སྐབས་ཀྱང་རང་རང་གི་ལུས་སྟོབས་སམ་ཁམས་ཀྱིས་ཆུ་ཚན་ལ་ཞུགས་ཐུབ་མིན་ལ་དཔྱད་པ་བྱ་དགོས་པ་གལ་ཆེན་པོ་ཡིན། དཔྱད་པ་མ་བྱས་པ་གང་བྱུང་མང་བྱུང་དུ་ཞུགས་ན་ལུས་སྟོབས་དང་ནད་ཁམས་ལ་མི་འཕྲོད་པ་ཡོང་གི་ཡོད་པ་མ་ཚད། མགོ་བོ་འཁོར་བ་དང་ཞེ་ལོག་རྒྱག་པ། ལུས་ཆུ་ཡི་གཏིང་དུ་མི་བྱིང་བར་ཆུ་སྟེང་དུ་ཐོན་པ། དྲན་མེད་བརྒྱལ་བ། ཚོར་བ་བརྟན་པོ་མེད་པ། ལོག་བརྒྱབ་པ་བཅས་ཡོང་གི་ཡོད།

དྲུག་པ་དོ་སྣང་གི་རྗེས་སུ་སྲུང་བ་ནི།

ནད་རླུང་ཁ་མཐོ་བ་དང་ཁྲག་གི་གནོད་ཤུགས་སྙིང་གི་འཕར་ལྡང་སོགས་ལ་དོ་སྣང་བྱས་ཏེ། རླུང་ཁ་གནོན་པའི་ཟས་སྨན་གཏོང་བ་དང་། ཆུ་ཚན་ལས་ཐོན་རྗེས་གྱོན་གོས་དྲོན་པོས་བཏུམ་པ། སྐོམ་ཚ་བོ་འཐུང་བ་སོགས་ཀྱིས་རྔུལ་ནག་འདོན་པའི་ཐབས་ཤེས་ལ་འཇུག་དགོས། རྔུལ་ནག་ཐོན་རྗེས་གྱོན་གོས་བརྗེས་ཏེ་རྔུལ་ནག་ཕྱི་དགོས་པ་དང་། རྗེས་སུ་དྲེག་བཞི་དང་རླིག་འབྲས་དང་། ལྟོ་བ་དང་སྙིང་གའི་གནས་རྣམས་ཡུན་རིང་ཆུ་ཚན་ཕོག་མི་རུང་བ་ཡིན། ལུས་ཟུངས་ཆུ་ཚན་ལས་ཐོན་མ་ཐག་དྲོ་བའི་གོས་ཀྱིས་བཏུམས་ནས་མལ་དུ་ཞུགས་ཏེ་མི་གྲང་མི་དྲོ་སྙོམས་པར་བྱ་ཞིང་། ལུས་སྐམ་པ་དང་མར་དཀར་དྭངས་མ་ལ་སོགས་ནད་ཁམས་དང་བསྟུན་ནས་བསྐུ་མཉེ་བྱ་ཞིང་མིག་དང་མཁུར་ཚོས་རྒྱས་པའི་ཆོ་ག་དང་ཉམས་པ་གསོ་བྱེད་ཀྱི་ཟས་དང་སྐོམ་གྱི་རིགས་ལུས་ཁམས་དང་བསྟུན་ནས་བསྟེན་དགོས་པ་བཅས་ཡིན་ནོ།།

འབྱུང་ལྔའི་བཅུད་གྲུབ་རྡོ་སོལ་དང༌།། 

ཅོང་ཞི་མུ་ཟི་བྲག་ཞུན་སོགས།། 

གྲོགས་ཀྱིས་བསྒྱུར་བའི་ཆུ་ཚན་འདིས།།

ནད་རྣམས་ཀུན་ལ་ཕན་པར་ཤོག།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *