རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནང་བྱུང་བའི་ས་གནས་དག་གི་ངོས་འཛིན།

རྩོམ་ཡིག་འདི་ཐེངས། 861 བཀླགས་འདུག

《 གཡས་རུ་ཤངས་ཀྱི་གུར་ཞོག 》་ནི་གཡས་རུ་ལ་སྟོད་སྨད་གཉིས་སུ་ཕྱེ་བའི་སྨད་དང་བོད་ལ་ཆོལ་ཁ་གསུམ་དུ་ཕྱེ་བའི་རྩང་ངམ་གཙང་དུ་འབོད་པའི་ས་ཆ་དེའི་ཆར་གཏོགས་ཡིན་ཞིང་། གཙང་པ་ཞེས་པའི་ཐ་སྙད་དེ་ཡང་ཡར་ཀླུང་གཙང་བོའི་འགྲམ་དུ་འཚོ་སྡོད་དམ་གཞི་ཆགས་པས་བཏགས་པར་སྙམ། དེང་སང་གཞིས་ཀ་རྩེ་ས་ཁུལ་རྣམ་གླིང་རྫོང་གི(日咯則南木林县)གནམ་གླིང་གྲོང་བརྡལ་གྱི་ཁོངས་སུ་ཆགས་ཡོད། 

《 གཡས་རུ་ཤངས་ཀྱི་ཤེལ་སྣང་“སྒང”་ 》་ནི་བོད་རྒྱལ་གཉའ་ཁྲི་བཙན་པོས་བླ་མཆོད་དུ་བཀུར་བའི་རྨེའུ་ངམ་ལེན་སྐྱོལ་པོའི་བཞུགས་གནས་ཡིན་ཞིང་།  དེང་སང་རྣམ་གླིང་རྫོང་གི་ཁོངས་གཏོགས་ཡིན།  

《 བྲུད་ཀྱི་སྨན་མོ་གཡུ་རྩེ་མཁར་བྱ་བ 》་འདི་ཡང་བོད་རྒྱལ་གཉའ་ཁྲི་བཙན་པོས་བླ་མཆོད་དུ་བཀུར་བའི་རྨེའུ་ངམ་ལེན་སྐྱོལ་པོའི་བཞུགས་གནས་དང་། དེང་རྣམ་གླིང་རྗོང་གི་གནམ་གླིང་གྲོང་བརྡལ་གྱི་ཁོངས་སུ་ཆགས་ཡོད།   གཞན་དུ་བྲུད་ཀྱི་སྨན་མོ་གཡུ་མཁར་ལ་ཞོགས་སྟོད་དང་།   སྙེ་མོའམ་ཡུལ་སྐད་དུ་སྣེ་མོ་རུ་འབོད་པའི་སྙེ་མོ་ཁམས་ལུང་ལ་ཞོགས་སྨད་ཅེས་སྨྲ་མཁན་ཡང་འདུག

།  

《 སེ་བ་འོ་དང་རྨེའུ་གྲོང་གཉིས་སུ་འབོད་པའི་ཡུལ 》་ནི་གུར་ཞོགས་མགོ་ཉང་དཀར་གྱི་མི་སྡེ་རྣམས་ཀྱིས་གྲོས་བྱས་ནས་བླ་མཆོད་དུ་སྤྱན་དྲངས་པའི་རྨེའུ་སྟོང་ཚབ་ཀྱི་སྲས་རྨེའུ་གདུང་ནག་ཅན་(རྨེའུ་མ་ར་རྟ་དང་། མུན་ནག་ཅན། གདུང་ཆུང་ཅན། མདུང་ནག་ཅན། མདོར་ན་ཁོང་གི་སྐུ་གཟུགས་ཆུང་སྟབས་བླ་དཔལ་དང་རྨེའུ་སྦྲང་བུ་ཅན་ཡང་ཟེར་སྲོལ་འདུག)གྱི་བཞུགས་གནས་ཡིན་ཞིང་། ས་གནས་ཡུལ་མི་ཚོས་དེང་སང་སེ་བ་འོ་ལ་ཁུས་ཅོག་ཅེས་འབོད་བཞིན་ཡོད། ཡང་བོན་གྱི་བསྟན་འབྱུང་འགའ་རུ་སེ་བ་འོ་ལ་ཞོགས་སྟོད་དང་།  སྙེ་མོ་ཁམས་ལུང་ལ་ཞོགས་སྨད་ཅེས་གསུངས་ཡོད། སྙེ་མོ་ཁམས་ལུང་ཞེས་པ་དེ་ཡང་བླ་མ་གཤེན་གྱིས་ལུང་བསྟན་པའི་སྙེ་མོ་བཟང་རིའི་ཕུ་ཡིན་པར་གྲགས། ཞོགས་ལ་སྟོད་སྨད་གཉིས་སུ་ཇི་ལྟར་གྱེས་པ་ཡིན་ནམ་ཞེ་ན། དེ་ནི་རྨ་དང་རྨེའུ་གཉིས་ལས་ཕྱི་མའི་རུས་རྒྱུད་ལས་འཁྲུངས་པའི་རྨེའུ་ངམ་ལེན་སྐྱོལ་པོའི་སྲས་ཆེ་བ་བདུད་འདུལ་བཙན་པོ་དང་སྲས་ཆུང་བ་གཡུ་གཤེན་ཐོད་དཀར་གཉིས་ལས་སྲས་ཆེ་བ་བདུད་འདུལ་བཙན་པོ་ཉིད་ཐོ་རངས་སམ་ཞོགས་ཀར་ཡོང་ནས་ཁང་བའི་འཚེར་སར་ཐོ་བཙུགས་པས་ཞོགས་ལ་སྟོད་པ་བྱ་བ་བྱུང་བ་དང་། དེ་བཞིན་སྲས་ཆུང་བ་དེས་ཞོགས་པར་འོང་ནས་ཁང་བའི་འཚེར་སར་ཐོ་བཙུགས་པས་ཞོགས་ལ་སྨད་པ་བྱ་བ་བྱུང་བར་གྲགས། རྗེས་སོར་བར་བོ་སོ་བརྒྱད་དང་འདྲ་བའི་སེ་བ་འོ་ལ་ཞོགས་སྟོད་དུ་འབོད་དོ།། འདིའི་ཞོགས་པ་སྟོད་དང་ཞོགས་པ་སྨད་ཅེས་པའི་ཞོགས་ལ་རྣམ་ཐར་ཁག་ཏུ་ས་དྲག་བྲིས་ཡོད་མེད་ཅི་རིགས་སུ་སྣང་ཡང་།  ཡུས་ཆེ་ཙམ་གྱིས་བསྙད་ན།ཁོ་བོས་ནི་ཞོགས་ས་དྲག་ཅན་དེ་དག་པར་མཐོང་། རྒྱུ་མཚན།  རྨེའུ་ངམ་ལེན་སྐྱོལ་པོའི་སྲས་གཅེན་ཆུང་གཉིས་ཀ་ཞོགས་ཀར་ཡོང་ནས་ཁང་བའི་འཚེར་སར་ཐོ་བཙུགས་པའི་སྔ་ཕྱི་རིམ་པ་ལས་སྔ་མར་ཞོགས་སྟོད་དང་།   ཕྱི་མར་ཞོགས་སྨད་ཅེས་གྲགས་པ་མིན་ནམ་སྙམ།  

《 འཇུ་སྐེད་དམར་གྱི་བྲག 》་ནི་རྨེའུ་རོག་དཔལ་གྱིས་(རོག་དབལ་དང་། རྟོགས་དབལ།)དབལ་ཕུར་བསྒྲུབས་པས་གྲུབ་པ་མངོན་དུ་གྱུར་ནས་ཕུར་པ་ཐེབས་པའི་བྲག་དེ་ཡིན་ཞིང་།   བསྟན་འབྱུང་གཞན་དུ་འཇེད་སྐད་དང་གུར་ཞོག་ན་བཀྲའི་བྲག་ཅེས་བྲིས་པའང་ཡོད།    འདི་ཡང་རྣམ་གླིང་རྫོང་གི་ཁོངས་གཏོགས་ཡིན།  

《 ལྷ་ཕུ་བ 》་ནི་རྨེའུ་ལྷ་རི་གཉེན་པོའི་ཆུན་མ་འབྲམ་ཟ་བསོད་མཚོ་སྐྱེ་སའི་གནས་ཡིན་ཞིང་།   ལྷ་ཕུའི་ཕུ་ཆུ་གནས་དེ་ནས་བཞུར་བཞིན་ཡོད།    འདི་ཡང་རྣམ་གླིང་རྫོང་གི་ཁོངས་གཏོགས་ཡིན། 

《 སྙེ་མོ 》་ལ་དུས་རབས་བདུན་པའི་སྐབས་སུ་གཞུ་སྙེ་མོ་དང་དུས་རབས་བརྒྱད་པའི་སྐབས་ཤིག་ནས་གཙང་སྙེ་མོ་འཁོད་པར་འདོད་མཁན་ཡོད་ལ། དེ་ལྟར་ན། སྙེ་མོ་ཞེས་པའི་ཐ་སྙད་དེ་དུས་རབས་བདུན་པ་ཡོད་པར་འདོད་དགོས་ནའང་།   ས་གནས་དེ་གའི་བགྲེས་པོ་རྣམས་ཀྱི་ཤོད་རྒྱུན་ལ་སྙེ་མོ་ཞེས་པའི་ཐོག་མའི་འབྱུང་ཁུངས་སྣེ་མོ་ཡིན་པར་མ་ཟད།  སྣེ་མོའི་དོན་ཡང་རྩེ་མོའི་དོན་དུ་འགྲེལ་གྱིན་ཡོད།  ཕྱོགས་གཅིག་ནས་བདེན་བདེན་དུ་སྣང་ཡང་།  བློ་རྣལ་དུ་ཕབ་ནས་བསྙད་ན།   ཐ་སྙད་དེ་གཉིས་ཀ་ལས་བྱུང་སྔ་བ་གང་ཡིན་པ་བཤད་དཀའ་བས། སྣེ་མོ་ལས་སྙེ་མོར་འགྱུར་བ་དེ་བས་བཤད་དཀའ།  རེད་དེ།   མིང་གཞི་དེ་གཉིས་བརྗེ་སྤོར་གྱིས་བྲིས་པ་མང་དུ་མཐོང་རྒྱུ་ཡོད། གསལ་བྱེ་ཅ་སྡེའི་བཞི་བ་ཉ་དང་།  ཏ་སྡེའི་བཞི་བ་ན་དང་། པ་སྡེའི་བཞི་བ་མ་སོགས་ཕན་ཚུན་བརྗེ་སྤོར་གྱིས་བྲིས་པ་མང་བ་དེ་ཡང་སྟེས་དབང་ཞིག་གིས་མ་ཡིན་པར།  གསལ་བྱེད་གང་དེ་རང་ངོས་ནས་ཀློག་པའི་ཚེ་འ་ཡིག་གི་ཆ་དང་ལྡན་པ་ལས་ཁྱད་པར་སྣ་ནས་འདྲེན་ཞིང་དབུགས་སྟོབས་ཕྲ་མོས་སྒྲ་ལྷག་པར་ཞན་པའི་ཚུལ་གྱིས་གདོན་པའི་ཡི་གེ་ཡིན་པས་ཕན་ཚུན་བརྗེས་པ་ཡིན་སྲིད།   དཔེར་ན།  ཉག་ཕྲན་ལ་མྱག་ཕྲན་དང་།   སྙུ་གུ་ལ་སྨྱུ་གུ།  ཉང་རོང་ལ་མྱང་རོང་།  དམྱུགས་ལ་ཉུག ཉག་རོང་ལ་ནགས་རོང་།   ཉལ་ས་ལ་མནལ་ས།  གནའ་ཁྲི་ལ་གཉའ་ཁྲི་སོགས་ཀྱིས་མཚོན་པའི་མིང་གཞི་ཕན་ཚུན་བརྗེ་བ་ཇི་སྙེད་ཅིག་ཡོད་ལ། དེ་དང་འདྲ་བར་གསལ་བྱེད་སུམ་ཅུ་པོ་གང་དེ་མགྲིན་སོ་མཆུ་རྐན་སོ་སོའི་སྐྱེ་གནས་ནས་བརྗོད་ཚེ་ཤུགས་ཆེ་ཆུང་དབང་གིས་འབྱུང་ཁམས་མེ་རུ་(རྟགས་ཀྱི་དབང་དུ་བྱས་ན་མོ།)བཞག་པའམ་ཡང་ན་འ་ཡིག་གི་ཆ་དང་ལྡན་པར་མགྲིན་པ་གློད་དེ་དབུགས་སྟོབས་མི་ཆེ་བས་སྒྲ་ཅུང་ཟད་ཞན་པའི་ཚུལ་གྱིས་གདོན་པའི་ཡི་གེ་སྟེ། གསལ་བྱེད་ཀ་སྡེའི་གསུམ་པ་ག་དང་། ཏ་སྡེའི་གསུམ་པ་ད་གཉིས་ཀ་ཡང་ཕན་ཚུན་བརྗེས་ནས་གང་བདེར་ཀློག་གིན་ཡོད་ལ་གང་བདེར་འབྲི་འིའང་ཡོད། དཔེར་ན། ཏུན་ཧོང་གཏེར་ཡིག་ཏུ་བྱུང་བའི་བོད་རྒྱལ་དྲི་གུམ་ཞེས་པར་གྲི་གུམ་དང་།  གཞན་ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པས་མཛད་པའི་དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པ་ཞེས་བྱ་བ་ལས། ཤ༢༦༦ ཐུར་དུ་འདྲིལ་བར་བྱེད་པ་དང་། །འགྲིལ་བར་བྱེད་པ་གཉིས་ཀ་འཐད།། ཅེས་མིང་གཞི་ག་དང་ད་གཉིས་ཕན་ཚུན་གང་བདེར་འབྲི་བ་གདམ་ང་ཅན་དུ་གསུངས་པ་དང་།  དེ་དང་འདྲ་བར་༡༩༢༢ལོར་འཁྲུངས་པའི་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོས་མཛད་པའི་དག་ཡིག་གཅེས་བསྡུས་འཁྲུལ་པ་སྤོང་པའི་ལེགས་བཤད་ལྷ་ཆབ་འཁྱིལ་བ་ཞེས་བྱ་བའི་ཤ༢༧༡ལས་ཀྱང་། ཐུར་དུ་འདྲིལ་དང་འགྲིལ་བསྒྲིལ་གསུམ་འཐད།  །ཅེས་འདྲིལ་ལ་འགྲིལ་དང་བསྒྲིལ་གཉིས་ཀ་གང་བྲིས་ཀྱང་ཆོག་པ་འདྲ་གསུངས་ཡོད་ནའང་། ཡིག་རྙིང་ཁུངས་དག་ལ་རྣམས་ལ་མཇལ་ན་འདྲིལ་ལ་འགྲིལ་བྲིས་ན་ཆོག་པ་ལས།  འདྲིལ་དང་འགྲིལ་ལ་བསྒྲིལ་བྲིས་ན་འགྲིག་མིན་ད་དུང་དཔྱད་དགོས་ཤིང་། རྣམ་པ་གཅིག་ཏུ་ན་བསྒྲིལ་ནི་བྱ་བའི་རྒྱུ་དང་འགྲིལ་ནི་བྱ་བའི་འབྲས་བུ་ཡིན་པས་ཕན་ཚུན་བྱ་བའི་རྒྱུ་འབྲས་སུ་གྲུབ་པ་ཙམ་གྱིས་གདམ་ང་ཅན་དུ་བཞག་ན་དེ་དང་འདྲ་བ་སྐོར་ཞིག་གདམ་ང་ཅན་དུ་འཇོག་དགོས་པ་མིན་ནམ་སྙམ་པའི་བློ་དོགས་ཤིག་ཀྱང་སྐྱེ་འི་འདུག་པས་དཔྱད་པར་འཚལ།    གོང་དུ་དྲངས་པའི་རྒྱུ་མཚན་དེ་དག་གིས་ཡུལ་སྙེ་མོ་ལ་སྣེ་མོ་ཞེས་འབོད་ཆོག་པ་འདོད་ཅིང་།  མདོར་ན།  སྙེ་མོ་ནི་རི་ལུང་མང་པོའི་མདོའམ་སྣེ་རུ་གནས་པའི་ཆ་ནས་སྣེ་མོ་བཏགས་པ་མིན་ནམ་སྙམ།   དེང་སྙེ་མོ་རྫོང་གི་(尼木县)ཁོངས་གཏོགས་ཡིན།   

《 སྡེ་རྩེ་གཤོང་ 》 ་ནི་རྨེའུ་དཔལ་ཆེན་གྱིས་གཙང་གཙུག་གི་སྡོམ་པ་ནོད་སའི་ས་གནས་ཡིན་པ་ལས། བྱེ་བྲག་ངོས་འཛིན་མ་ཐུབ་ཀྱང་། རྨེའུ་དཔལ་ཆེན་གྱི་རྣམ་ཐར་དུ། ཡར་ལ་སྙེ་མོར་བྱོན་ནས། སྡེ་རྩེ་གཤོང་དུ་སློབ་དཔོན་རྩང་པ་ལཞ གཙང་གཙུག་གི་སྡོམ་པ་ཞུས་ཟེར་བར་གཞིགས་ན།  སྙེ་མོའི་འདབས་འབྲེལ་གྱི་ས་གནས་ཤིག་ཡིན་སྙམ། 

《 སྐྱིད་མཁར་སྔོ་ཕུག 》་ནི་རྨེའུ་མཁས་པ་དཔལ་ཆེན་གྱིས་མཁས་པ་ཉི་ཤུ་ལྷག་ཅིག་དང་མཉམ་དུ་ཞུ་སྒྲོལ་བའི་མདུན་ནས་དགུན་ཐོག་གཅིག་ལ་སྲིད་པའི་མཛོད་ཕུགས་ལ་ཐུགས་སྦྱངས་མཛད་ས་ཡིན་ཞིང་།  སྐྱིད་མཁར་ཞེས་པའི་འབྲི་སྟངས་དཔེ་གཞུང་ཁག་ཏུ་མི་འདྲ་བ་མང་དུ་ཡོད་པ།     དཔེར་ན།   སྐྱིན་མཁར་དང་།  སྐྱིད་མཁར།  སྐྱིན་དཀར།  སྐྱི་མཁར་སོགས་བྲིས་པ་མང་ནའང་། འདིར་སྐྱིད་མཁར་ཞེས་པ་དག་པར་མཐོང་ནས་བྲིས་ཡོད།   དེང་རྒྱལ་རྩེ་རྫོང་སྐྱིད་མཁར་ཡུལ་ཚོའི་(江孜县金嘎乡)ཁོངས་སུ་ཡོད།  རྣམ་གླིང་རྫོང་ནས་རྒྱལ་རྩེ་རྫོང་བར་སྤྱི་ལེ༡༥༡.༣ཡོད་ཅིང་།   སྐྱིད་མཁར་སྔོ་ཕུག་པ་ནམ་རྫོང་དང་ཐག་ཉེ་བས་པ་ནམ་རྫོང་(白朗县)གི་ཁོངས་ཡིན་པའང་འདོད་མཁན་ཡོད།   གནས་འདི་ནི་བོན་ཞིག་ཁྱུང་ནག་གིས་སྲིད་པའི་རྒྱལ་མོ་ཞལ་མཇལ་ནས་ལུང་བསྟན་གནང་ས་ཡིན་པར་གྲགས།  

《 གུར་ཞོག་སེ་བོ་དང་སེ་བ་འོ་གཉིས 》་གཅིག་ཡིན་ཞིང་། གུར་ཞོག་སེ་བ་འོ་ནས་རྨེའུ་ཡབ་སྲས་གཉིས་ཀྱིས་སློབ་མའི་ཚོགས་ལྔ་བརྒྱ་ལྷག་ཅིག་བསྐྱངས་ཏེ་གཡུང་དྲུང་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ།  དེ་ནས་རྨེའུ་ལྷ་རི་གཉན་པོའི་ཞལ་ནས། རྨེའུ་དཔལ་ཆེན་ཁྱེད་ནི་རིག་གཞུང་བོན་གྱི་མཛོད་ལ་ཐོས་བསམ་སློབ་མཐར་ཕྱིན་ཅིང་།  གཞན་ལས་ཁྱད་པར་འཕགས་པའི་མཁས་པའི་མཆོག་ཡིན་པས། བླ་མ་ཆེན་པོ་ཞེས་པའི་མཚན་རྟགས་དེ་གནས་ཀྱི་མཆོག་སེ་བོ་འོ་ནས་མནོས་ཤིང་།   སྐབས་དེ་ནས།  ཁོང་ལ་བླ་ཆེན་པོ་ཚུལ་ཁྲིམས་དཔལ་ཆེན་ཞེས་ཐོགས།   

《 བཟང་རི 》་ནི་རྨེའུ་མཁས་པ་དཔལ་ཆེན་གྱིས་1096ལོར་བཏབ་པའི་རྨེའུ་ཚང་གི་དགོན་པ་གཉིས་པ་འདེབས་སའི་ས་གནས་དེ་ག་རང་ཡིན་ཞིང་། རྗེས་སུ་རྨེའུ་མཁས་པ་དཔལ་ཆེན་གྱིས་བཟང་རིའི་གདན་ས་དེ་སྤ་སྟོན་འོད་གསལ་རྒྱལ་ལ་གཏད་པར་གྲགས།   དེང་སང་རྣམ་གླིང་གི་རྫོང་གི་ཁོང་གཏོགས་ཡིན། 

། 

《 བར་ཐང་བྱེ་སྟོད 》་ནི་བར་ཐང་གི་ཁོངས་གཏོགས་ཤིག་དང་བར་ཐང་ནི་དབུས་དང་གཙང་གཉིས་ཀྱི་བར་དུ་ཆགས་པས་ན། བར་ཐང་ཞེས་པ་བཏགས་པར་གྲགས་ཤིང་། བར་ཐང་ཞང་སྟོན་འཁྲུངས་གནས་ཡིན། དེང་རིན་སྤུངས་རྫོང་(仁布县)གི་ཁོང་གཏོགས་ཡིན། 

《 སྦུབ་ཆུ་ཚན་ཁ 》་ནི་རྨེའུ་མཁས་པ་དཔལ་ཆེན་ཉིད་ཞག་གཅིག་གི་བཞུགས་གནས་དང་། ཁོང་གིས་ཆང་གསོལ་སའི་གནས་ཀྱང་ཡིན། དེང་རྣམ་གླིང་རྫོང་གི་ཁོང་གཏོགས་ཡིན་ནམ་དཔྱོད། 

《 ཤངས་མདའ 》་ནི་རྨེའུ་མཁས་པ་དཔལ་ཆེན་མཆོག་གིས་འགྱོད་པ་དང་། གནོང་བ། ཡིད་རང། ཕྱིས་དམ་བཅའ་འོ་སྙམ་པ་བཞི་དུས་གཅིག་ཏུ་འཁྲུངས་སའི་གནས་ཡིན་ལ། ཤངས་མདའ་ནས་སྨན་གོང་གི་རྒྱབ་རི་མཐོང་ཐུབ།   དེང་རྣམ་གླིང་རྫོང་གི་ཁོངས་གཏོགས་ཡིན། 

། 

《 མཚོ་སྙ་སྨན་གོང་ 》་ནི་རྨེའུ་དཔལ་ཆེན་གྱི་སློབ་བུ་རྨེའུ་ཡི་རྒྱལ་ཐེབས་དམ་པ་མར་སྟོན་རྒྱལ་ལེགས་ཀྱིས་སྒྲུབ་པ་ཉམས་ལེན་བྱེད་སའི་གནས་དང་། ཁོང་གནས་དེར་ཡུན་རིང་བཞུགས་པས་ཕྱིས་སུ་ཁོང་ལ་སྨན་གོང་བ་ཞེས་ཐོགས་པའི་གནས་ཉམས་དགའ་བ་དེའང་ཡིན། འདིའི་སྨན་གོང་བ་ཞེས་པའང་དྲང་སྲོང་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་འདུལ་བའི་གཏམ་རྒྱུད་ནང་དུ་བྱུང་བའི་( ཐེག་ཆེན་གཡུང་དྲུང་དཔེ་ཚོགས། ) ཤ་༦༧ལས། འགྲོ་མགོན་གྱི་ལོ་རྒྱུས་ཞེས་པའི་འགྲོ་མགོན་དང་།  དེ་ཉིད་ཀྱི་ཤ་༡༢༢ལས། འགྲོ་མགོན་གྱི་གཏམ་རྒྱུད་ཅེས་པའི་འགྲོ་མགོན་དང་།  ཡང་དེ་ཉིད་ཀྱི་ཤ༡༡༣ལས། རྗེ་འགྲོ་བའི་མགོན་པོ་སྨན་གོང་བ་ཞེས་པ་རྣམས་མར་སྟོན་རྒྱལ་ལེགས་ལ་ངོས་འཛིན་དགོས་སྙམ་པས་དཔྱད་པར་འཚལ།  དེང་རྣམ་གླིང་རྫོང་གི་ཁོངས་གཏོགས་ཡིན།  

《 སྨན་གོང་རི་ཐང་ཤ་བྲག 》་ནི་སྨན་གོང་བ་དང་རྨེའུ་དཔལ་ཆེན་རྣམ་པ་གཉིས་ཞལ་མཇལ་གནང་ས་དང་། དེང་རྣམ་གླིང་གི་ཁོང་གཏོགས་ཡིན། 

《 ཉང་རའམ་མྱང་ར་ཡང་ན་ཉང་ 》་ཞེས་པ་ནི་རྨེའུ་དཔལ་ཆེན་གྱི་རྣམ་ཐར་ནང་དུ་ཉང་དང་ཉང་ར་ཞེས་པའི་ཐ་སྙད་གཉིས་བྱུང་ཡོད་ཅིང་།  སྔ་མ་དེ་ཉང་དཔལ་མཚོའི་སྐུ་ཡུལ་དང་།  ཕྱི་མ་དེ་སྨན་གོང་བ་བྱ་རྒོད་ཅིག་ཏུ་སྤྲུལ་ནས་ལྕུམ་ལེན་སའི་ས་གནས་དེ་ག་ཡིན་པར་སྙམ་ཞིང་།   དེ་གཉིས་ཉང་ལ་སྟོད་སྨད་དུ་གཉིས་སུ་གྲགས་པའི་ཉང་གང་ཡིན་བསྙད་དཀའ་ཡང་།   འདིར་ཞོར་དུ་ཅིག་མོལ་ན། བྲུ་རྗེ་གཡུང་དྲུང་བླ་མ་དང་།  ཞུ་སྒྲོལ་གཤེན་རྒྱལ།  དགོངས་མཛོད་རི་ཁྲོད་པ་གསུམ་ཚད་མ་བསླབ་ཏུ་འགྲོ་སའི་ཉང་སྟོད་སྟག་ཚལ་ཞུ་བ་དེ་ནི།  གཉའ་ཁྲི་ཡབ་སྲས་ཀྱི་རིང་དུ་བཙུགས་པའི་སྔགས་ཀྱི་སྒྲུབ་སྡེ་སུམ་ཅུ་རྩ་བདུན་དུ་གྲགས་པའི་ནང་ཚན་ཉང་རོ་དྲུམ་གྱི་སྟག་ཚལ་ཏེ། ཉང་སྟོད་སྟག་ཚལ་ཞེས་པ་དེ་ཉིད་ཡིན་ཞིང་།   དེང་སང་རྒྱལ་རྩེ་ཁུལ་རྒྱལ་རྩེ་རྫོང་གི་ཁོངས་སུ་ཆགས་ཡོད། ད་རུང་མཁས་པ་དཔལ་ཚུལ་གྱིས་གསུངས་པའི་ཉང་སྟོད་གནས་རྙིང་དགོན་ཟེར་བ་དེ་ཡང་ཉང་སྟོད་ནས་ཡིན། གཞིས་རྩེ་ཁུལ་ལ་ཉང་སྨད་ཟེར་བའི་ཤོད་སྲོལ་ཤིག་ཀྱང་ཡོད། 

ཅེས་དགེ་བློ་གྲོས་ཟེར་བ་དེས་བྲིས་པ་དགེའོ། །  

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *