གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིིན་པོ་ཆེ་མདོ་སྨད་དུ་བྱུང་རིམ་ཟུར་ཙམ་གླེང་བ།
རྩོམ་ཡིག་འདི་ཐེངས། 101388 བཀླགས་འདུག
།
རྒྱལ་རོང་བ་གཡུང་དྲུང་ཚེ་རིང་།
།
སྔོན་གླེང་།
།
སྤྱིར་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་བྱུང་རིམ་གྱི་ལོ་རྒྱུས་ཁ་གསལ་གོ་བདེ་ཅན་ཞིག་མཐོང་རྒྱུ་དཀོན་སྟབས། གནས་སྐབས་སུ་འདི་རེད་ཅེས་ཁ་ཚོད་བཅད་ནས་བཤད་དཀའ་ནའང་། ད་ལྟ་ང་ཚོའི་མཇལ་ཡུལ་དུ་གྱུར་པའི་རྒྱལ་བའི་བཀའ་རིན་པོ་ཆེ་པོ་ཏི་བརྒྱ་དང་བདུན་ཅུ་དོན་བརྒྱད་ཅན་ཞིག་ཡོད་པ་དེ་ནི་གཙོ་བོ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་སྤྱི་ཕུད་རྒྱལ་པོ་བོན་གྱི་བསྟན་སྦྱིན་ཆེན་མོ་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོ་རྣམ་གཉིས་ཀྱིས་མཁས་དབང་ཀུན་གྲོལ་གྲགས་པའི་ཐུགས་བཀོད་བཞིན་སྦྱིན་བདག་གནང་བའི་ཆུ་ཆེན་ཟངས་པར་མ་དང་། ཁྲོ་སྐྱབས་ཤིང་པར་མ་ཞེས་བོན་རྒྱལ་རྣམ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད་སྙམ། དེའི་ཕྱིར་ཁོང་རྣམ་གཉིས་ནི་བོན་གྱི་ལོ་རྒྱུས་ཁྲོད་དུ་མ་གླེང་ཐབས་མེད་ཅིག་ཏུ་གྱུར་ཡོད། སྐབས་དེར་རྒྱལ་རོང་ལ་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད་པས། ཤར་ཕྱོགས་རྒྱལ་མོ་རོང་ནི་བོན་གྱི་བསྟན་པའི་འབྱུང་གནས་ལྟ་བུར་ཆགས་ཡོད། འོན་ཀྱང་བར་སྐབས་ཤིག་ལ་འཇིག་རྐྱེན་མང་པོ་ཞིག་བྱུང་བ་ལ་བརྟེན་ནས་ཉེ་བའི་བྱུང་རབས་ནང་དུ་བོན་གྱི་བསྟན་པ་ཆེས་ཉག་ཕྲ་བའི་དུས་སྐབས་ཞིག་ཏུ་གྱུར་ཡོད། ལོ་རྒྱུས་དང་རིག་གནས་སོགས་གང་གི་ཐད་ནས་སྟོང་ཆ་མང་པོ་ཞིག་ལྷག་ཡོད་པ་དེ་དག་མྱུར་སྐྱོབས་དང་ཁ་གསབ་བྱེད་དགོས་པ་ནི། ང་དང་ང་ལྟ་བུའི་རྒྱལ་རོང་གི་སློབ་གཉེར་བ་རྣམས་ཀྱི་ཕྲག་ལ་བབས་པའི་མ་འོངས་པའི་འོས་འགན་ཞིག་ཏུ་གྱུར་ཡོད། རབ་བརྟན་རྒྱལ་པོ་དང་ཁྲོ་སྐྱབས་རྒྱལ་པོ་རྣམ་གཉིས་ཀྱིས་བཀའ་འགྱུར་ཤིང་དཔར་ཅན་ཞིག་བཞེངས་ཡོད་པ་བོད་སྟོད་སྨད་བར་གསུམ་ཀུན་ཏུ་རྒན་རབས་རྣམ་པའི་ངག་རྒྱུན་དུ་བཤད་སྲོལ་ཡོད་པ་དང་། ཁོ་བོ་ནི་རྒྱལ་པོ་དེ་གཉིས་ལས་ཁྲོ་སྐྱབས་རྒྱལ་པོའི་མངའ་རིས་སུ་གཏོགས་པའི་སློབ་གཉེར་བ་ཞིག་ཡིན་ཕྱིར། རྒྱལ་ཕྱི་ནང་ཀུན་ལ་ཡོད་པའི་གྲོགས་པོ་མང་པོ་ཞིག་གིས་དེའི་སྐོར་ནས་དྲི་བ་གང་མང་ཞིག་བྱུང་སྟབས། ངས་ཀྱང་དེའི་སྐོར་ནས་རྒན་རབས་པ་རྣམས་ལ་དྲིས་པ་དང་དཔེ་ཆ་གང་འཚམས་བཀླགས་རྗེས་བློ་ངོར་ངེས་ཚུལ་ཙམ་ཞིག་ཞུ་འདོད་བྱུང་།
།
།
དང་པོ། བོན་བསྟན་ཕྱི་དར་སྐབས་སུ་རྒྱལ་བའི་བཀའ་རིན་པོ་ཆེ་དར་ཚུལ།
།
བོན་བསྟན་ཕྱི་དར་གྱི་དབང་དུ་བྱས་ན། དུས་རབས་བཅུ་གཅིག་པའི་སྟོད(སྤྱི་ལོ༡༠༡༧)དུ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགས་ལྷོ་འབྲིག་མཚམས་མཐའ་དཀར་དུ་གཏེར་ཞལ་ཕྱེས་ནས་དར་འགོ་ཚུགས་པ་ཡིན་ལ།དེ་ཡང་དར་འགོ་ཚུགས་ཅེས་པ་ནི་རིམ་བཞིན་འཕེལ་རིམ་གྱི་དབང་དུ་བཤད་པ་ཡིན་གྱི་སྔར་མེད་གསར་དུ་བྱུང་བ་ཞིག་མ་ཡིན་ཏེ། བོད་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་སྐུ་དུས་སུ་བོན་གྱི་བསྟན་པ་ལ་གོད་ཆག་ཡ་ང་བ་ཞིག་བྱུང་སྟེ་བསྟན་འཛིན་གྱི་སྐྱེས་ཆེན་མང་པོ་ཞིག་བོད་རུ་བཞི་རུ་བཞུགས་ཐབས་བྲལ་ནས་མཐའ་འཁོབ་རོང་ཁམས་རྣམས་སུ་གཤེགས་དགོས་བྱུང་ཡོད་པ་རེད། རྒྱལ་བའི་བཀའ་དང་བཀའ་བརྟེན་མང་པོ་ཞིག་མེས་བསྲེགས་ཆུ་ལ་བསྐུར་ཏེ་འཇིག་ཟིན་ཅིང་། ཟབ་བོན་ཁག་གཅིག་བྲག་ཕུག་དང་ལྷ་ཁང་མཆོད་རྟེན་སོགས་སུ་གཏེར་དུ་སྦས་དགོས་བྱུང་ཡོད། འོན་ཀྱང་རིག་འཛིན་གྲུབ་ཆེན་རྣམ་པས་སྨོན་ལམ་གྱི་ནུས་མཐུ་དང་བོན་འབངས་ཡོངས་ཀྱི་ལས་དང་བསོད་ནམས་ཀྱི་དབང་གིས། ཞང་ཞུང་སྙན་རྒྱུད་དང་མེ་རི་སོགས་ཞང་ཞུང་གི་བོན་སྐོར་དུ་མ་ཞིག་ཉམས་རྒུད་དུ་མ་སོང་བར་བོད་ཆེན་པོའི་ཐ་གྲུར་བཞུགས་པར་གསུངས་པས་སོ།།ཕྱིས་སུ་གསང་ཆེན་རིག་འཛིན་གོང་མ་རྣམས་ཀྱིས་གཏེར་དང་སྙན་རྒྱུད་ཅི་རིགས་ལ་བརྟེན་ནས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་དྲི་མ་མེད་པ་མདོ་སྔགས་རྫོགས་གསུམ་གྱི་བོན་སྡེ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་དཔེ་ཚོགས་འདི་བྱུང་བ་ཡིན། དེ་ཡང་རིམ་བཞིན་འཕེལ་རྒྱས་སུ་སོང་བ་ཞིག་ཡིན་པ་ལས་དུས་གཅིག་ཏུ་བཀའ་གཏེར་སྙན་གསུམ་བྱུང་བ་མ་ཡིན་ལ། འདི་ཐོག་མར་བོན་གྱི་མཁས་གྲུབ་སུ་ཞིག་གིས་ཕྱོགས་གཅིག་ཏུ་བསྡུ་རུག་བྱས་པ་དང་། ས་གནས་གང་དུ་འབྲི་བཞེངས་བྱས་ཡོད་པའི་ལོ་རྒྱུས་ཁ་གསལ་ཅན་ཞིག་མཐོང་རྒྱུ་དཀོན་ཕྱིར། གོང་བཤད་བཞིན་འདི་རེད་ཅེས་ཐག་གཅོད་དཀའ་མོད། འོན་ཀྱང་སྔ་དུས་སུ་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོ་མདོ་སྔགས་རྫོགས་གསུམ་གྱི་བརྒྱུད་པ་འཛིན་པའི་གསང་ཆེན་རིག་འཛིན་ཕལ་ཆེར་སྟོད་ཕྱོགས་སུ་བྱོན་ཡོད་པ་དང་། བོན་གྱི་གདན་ས་ཕལ་ཆེར་ཡང་སྟོད་ཕྱོགས་སུ་ཡོད་པར་མ་ཟད་དུས་རབས་བཅུ་བཞི་པའི་སྔོན་དུ་གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་ཤིན་ཏུ་ཆེ་བའི་གདན་ས། གཙང་གཡས་རུ་དབེན་ས་ཁ། ཞུ་དབང་ལྡན་ལྷུན་འགྲུབ་སྒང་། སྤ་ལ་ཕུག རྨེའུ་དཔལ་ལྡན་བཟང་པོ་རི། གཤེན་དར་ལྡིང་སོགས་སུ་བཞུགས་པའི་མཁས་གྲུབ་དམ་པ་རྣམས་ཀྱིས་བཀའ་དང་བཀའ་བརྟེན་གྱི་ཁྱད་པར་དང་དབྱེ་བ། ས་མཚམས་དང་ངོ་བོའམ་མཚན་ཉིད་བཞག་སྟངས་སོགས་ལ་གཞིག་ན། རྒྱལ་བའི་བཀའ་དྲི་མ་མེད་པ་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་བོན་སྡེ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཚོགས་དེ་བཞུགས་ཡོད་ཅེས་བཤད་ན་མི་འགལ་བར་སྙམ་མོ།། དཔེར་ན་བསྟན་པ་ཕྱི་དར་གྱི་སྐབས་སུ་ཤིང་རྟའི་སྲོལ་བཏོད་པ་དང་འདྲ་བའི་བྲུ་སྟོན་ནམ་མཁའ་གཡུང་དྲུང་གིས་སངས་རྒྱས་ཉེས་པའི་དྲི་མ་ཟད་པས་གསུངས་པ་བཀའ་ལ། སེམས་དཔའ་དང་རྟོག་གེ་ཕལ་པས་མཛད་པ་བརྟེན་པ་ཡིན་ཞེས་གསུངས་པས། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སྟོན་པས་གསུངས་པའི་བོན་ཐམས་ཅད་བཀའ་ཡིན་དགོས་པ་དང་། དེ་ལ་བརྟེན་ནས་རྗེས་འཇུག་གཤེན་རབ་རྣམས་ཀྱིས་བཀའི་དགོངས་པ་ཚུལ་བཞིན་དུ་འགྲེལ་ནས་གསུངས་པའི་བོན་རྣམས་ནི་བཀའ་བརྟེན་ཡིན་ཞེས་པའི་དོན་ཡིན། ཁོ་བོས་སྔ་རབས་ཀྱི་མཁས་པའི་རིགས་ལམ་འགྲོ་ཕྱོགས་དང་བོན་འཆད་ཚུལ་དཔེ་ཆ་རྩོམ་སྟངས་དང་། དེང་དུས་ཀྱི་རིགས་ལམ་འགྲོ་ཕྱོགས་དང་ཕྱག་དཔེ་རྩོམ་སྟངས་སོགས་ལ་ཁྱད་པར་ཅུང་མ་འདྲ་བར་མཐོང་སྟེ། དེང་དུས་ཀྱི་རིགས་ལམ་ལ་བསྐྱོད་ནས་ཁྱབ་པ་ཡོད་མེད་ལ་མ་ལྟོས་པར་སྐབས་དེ་དུས་ནས་བཀའ་དང་བཀའ་བརྟེན་གྱི་རྣམ་བཞག་ལ་རྩོད་པ་དང་རྩོད་སྤོངས་ཟབ་མོ་བྱེད་སྲོལ་འདུག་པས་ཕྱོགས་ཀུན་ནས་བསྡུས་པའི་བཀའ་ཡོད་ཆོག་པ་ཞིག་རེད་སྙམ། བྲུ་སྟོན་ནམ་མཁའ་གཡུང་དྲུང་མཆོག་ནི་བསྟན་པའི་སྒོ་འབྱེད་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའི་བཀའ་བབས་ཀྱི་སློབ་མ་ཡིན་པ་དང་ཁོང་དུས་རབས་བཅུ་པ་སྤྱི་ལོ༼༩༩༤༽ལོར་སྐུ་འཁྲུངས་པ་ཞིག་ཡིན།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཟུར་བ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་ཕྱོགས་བསྒྲིགས་གནང་བའི་རྒྱལ་མོ་རོང་གི་ལོ་རྒྱུས་སྐོར་གྱི་དེབ་འཕྲེང་གསུམ་པའི་ནང་དུ། དུས་རབས་བཅུ་གཉིས་པའི་ནང་མདོ་སྨད་ཨ་མདོའི་མངའ་ཁུལ་དུ་སྣང་ཞིག་དོ་འཕགས་ཆེན་པོས་རྟེན་བཞེངས་གནང་བའི་གསེར་དངུལ་གྱི་བྲིས་པའི་བཀའ་འགྱུར་ཞིག་ཡོད་པར་གྲགས་ཀྱང་སྣང་ཞིག་བླ་རབས་སོ་བཞི་པ་བློ་གྲོས་ཐོགས་མེད་ཀྱི་སྐུ་རིང་དུ་ཁོང་གི་མྱི་རྒྱབ་ཚང་ལ་མེ་འཇིགས་བྱུང་སྐབས་མེ་ལྷའི་ཞལ་དུ་བསྟིམས་འཕྲོ་བསྐལ་བཟང་གསེར་བྲིས་པོད་གཅིག་ད་ལྟ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་བླ་བྲང་གི་རྟེན་གཙོའི་གྲས་སུ་བཞུགས་ཡོད་པར་གསལ།
།
སྣང་ཞིག་དོ་འཕགས་ཆེན་པོ་ནི་ཞུ་སྒོམ་འཁྲུལ་ཞིག་ཆེན་པོའི་དངོས་སློབ་ཡིན་པ་དང་། ཁོང་དུས་རབས་བཅུ་གཅིག་པ་སྤྱི་ལོ(༡༠༨༨)ལོར་འཁྲུངས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཞིག་ཡིན་པར་མ་ཟད། ཁོང་གིས་མདོ་འབུམ་རྒྱུད་མཛོད་ཀྱི་བཀའ་གཞུང་དག་ཕྱོགས་ཀུན་ནས་བསྡུ་རུག་བྱས་པའི་གསེར་དངུལ་གྱི་བྲིས་པའི་བཀའ་འགྱུར་ཞིག་རྟེན་བཞེངས་གནང་ཡོད་ཕྱིར། དེའི་མ་དཔེ་ཞིག་སྔོན་དུ་ཡོད་དགོས་སྟབས་མདོ་སྨད་ཕྱོགས་སུ་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་ནི་དུས་རབས་བཅུ་གཉིས་པའི་སྔོན་དུ་ཡོད་ཆོག་པ་ཞིག་རེད། དེ་དུས་བཀའ་འགྱུར་ཡོད་ཀྱང་པོད་བརྒྱ་དང་བདུན་ཅུ་དོན་བརྒྱད་ཀྱི་གྲངས་སུ་མ་ངེས་ཏེ། དེ་རྗེས་སུ་བྱུང་བའི་གཏེར་དང་སྙན་རྒྱུད་ཀྱི་བཀའ་རྣམས་དེའི་ཁོངས་སུ་མ་འདུ་བས་སོ། །དུས་རབས་བཅུ་བཞི་པའི་ནང་དུ་རྒྱལ་རོང་དཔོན་ཁག་བཅོ་བརྒྱད་ཀྱི་སྤྱི་ཕུད་བོན་གྱི་བསྟན་སྦྱིན་ཆེན་མོ་ཆུ་ཆེན་རབ་བརྟན་རྒྱལ་པོའི་ལིག་ཝེར་ཕོ་བྲང་དུ་གཡུང་དྲུང་བོན་གྱི་བཀའ་འགྱུར་བཞུགས་ཡོད་པར་གྲགས། ལོ་རྒྱུས་ཁྲོད་དུ་འདིའི་སྐོར་ཁ་གསལ་ཅན་ཞིག་མཐོང་རྒྱུ་དཀོན་ནའང་། རྒྱལ་རོང་གི་ཡུལ་མི་རྒན་པ་རྣམས་དང་དམངས་ཁྲོད་དུ་བཤད་སྲོལ་ལྟར་ན། དམུ་གཤེན་ཉི་མ་རྒྱལ་མཚན་མཆོག་སྐུ་ཚེའི་སྟོད་དུ་ཤར་རྒྱལ་མོ་རོང་དུ་འགྲོ་དོན་ལ་བྱོན་སྐབས། རབ་བརྟན་རྒྱལ་པོས་ཕོ་བྲང་དུ་གདན་དྲངས་ནས་གཤེན་ཉི་མ་རྒྱལ་མཚན་དེ་གྲུབ་རྟགས་དང་རྫུ་འཕྲུལ་མངའ་བ་ཞིག་ཡིན་ཟེར་བ་བདེན་མིན་བརྟག་ཕྱིར། བཀའ་འགྱུར་གྱི་ཁྲི་བརྩིགས་ཏེ་ཟ་འོག་གིས་གཡོགས་ནས་བཞུགས་སུ་བཅུག་ཚེ། བླ་མས་སེ་གོལ་ཞིག་གདབས་ནས་ཁྲི་ལ་བཞུགས། རྒྱལ་བློན་རྣམས་ཀྱིས་བླ་མ་མཁྱེན་པ་དང་གྲུབ་རྟགས་མངའ་བ་ཞིག་མི་འདུག་སྙམ་ནས་ཡིད་མ་ཆེས། བླ་མ་ཕེབས་རྗེས་གླེགས་བམ་གྱི་ཞལ་ཕྱེས་ཚེ་ཤོག་སྟོང་ལས་ཡིག་འབྲུ་གཅིག་ཀྱང་མི་གསལ། དེར་ཡིད་ཆེས་དང་དད་གུས་ཆེན་པོས་འགྱོད་བཤགས་ཕུལ་ཏེ་ཇི་སྲིད་བར་དུ་བསྟན་སྦྱིན་བྱེད་པར་ཁས་བླངས་པ་རེད་ཅེས་བཤད་སྲོལ་འདུག དེ་ལྟར་བཤད་སྲོལ་དེ་དངོས་གནས་ཡིན་མིན་ལ་མ་ལྟོས་པར་སྐབས་དེ་དུས་བོན་གྱི་བཀའ་འགྱུར་གྱི་གླེང་སློང་བྱུང་ཡོད་པས། རབ་བརྟན་རྒྱལ་པོའི་ཕོ་བྲང་དུ་བཀའ་འགྱུར་བཞུགས་ཡོད་པའི་བདེན་དཔང་བྱེད་ཐུབ་པར་སྙམ། དམུ་གཤེན་ཉི་མ་རྒྱལ་མཚན་མཆོག་ནི་དུས་རབས་བཅུ་བཞི་པའི་ནང་བྱོན་པའི་བླ་ཆེན་ཞིག་ཡིན་པས། དེ་དུས་བོན་གྱི་མདོ་སྔགས་སེམས་གསུམ་བསྡུ་རུག་བྱས་པའི་བཀའ་འགྱུར་ཞིག་ཡོད་པ་ཤེས་ཐུབ། དེ་རྗེས་སུ་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་རྒྱ་ནག་གོང་མ་ཆན་ལུང་གཉིས་ལོ་དུ་མའི་རིང་འཁྲུགས་པས། གོང་མ་ཆན་ལུག་གི་དམག་མི་ཁྲི་གསུམ་ལྷག་བསད་ནས་ཆུ་ཆེན་རབ་བརྟན་རྒྱལ་པོ་གཡུལ་ལས་རྒྱལ་བ་དང་། སྤྱིར་ཆུ་ཆེན་རྒྱལ་པོ་དགེ་སེམས་ཧ་ཅང་ཆེན་པོ་ཡིན་པས་དམག་འཁྲུགས་རྒྱག་འདོད་མེད་ན་ཡང་། གོང་མིའི་དམག་མི་ཆུ་ཆེན་གྱི་སྒོ་ཁར་སླེབས་པས་དམག་འཁྲུགས་མི་བྱེད་ཐབས་མེད་བྱུང་བས་ཤི་རྨས་དེ་དག་བྱུང་བ་རེད། དམག་འཁྲུགས་ཁྲོད་དུ་གོང་མའི་དམག་མི་ཧ་ཅང་མང་པོ་བསད་པས་འགྱོད་བཤགས་ཀྱི་ཆེད་དུ་ཀུན་གྲོལ་གྱི་བཀའ་དགོངས་ལྟར་རྒྱལ་བའི་བཀའ་རིན་པོ་ཆེ་ཚར་གཅིག་གསེར་དངུལ་གྱིས་འབྲི་བཞེངས་གནང་བ་དང་། དེ་ལ་ཀུན་གྲོལ་འཇའ་ཚོན་སྙིང་པོ་དང་ཁོང་གི་དབོན་པོ་སྨོན་རྒྱལ་སངས་རྒྱས་རིན་ཆེན་རྣམ་གཉིས་ཀྱིས་ཞི་དག་མཛད་ནས་རབ་བརྟན་རྒྱལ་པོའི་ཕོ་བྲང་ལི་ཝེར་རྣམ་པར་རྒྱལ་བའི་རྫོང་དུ་བཞུགས་གསོལ་མཛད། དེ་ནས་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་ཁྲོ་སྐྱབས་རྒྱལ་པོ་རྣམ་གཉིས་ཀྱིས་བཀས་བསྐུལ་པ་ལྟར་སྤྱི་ལོ(༡༧༥༡)ལོར་ཀུན་གྲོལ་གྲགས་པས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེའི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར་ཞེས་བྱ་བ་དེ་རབ་བརྟན་རྒྱལ་པོའི་ཕོ་བྲང་དུ་བསྒྲིགས། དེ་ནས་བོན་རྒྱལ་ཁོང་གིས་ཕྱོགས་སོ་སོ་ནས་བྲིས་པ་དང་དཔར་རྐོ་བ་མང་པོ་གདན་དྲངས་ནས་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར་གཞིར་བྱས་ནས་རྒྱལ་བའི་བཀའ་རིན་པོ་ཆེ་ཤིང་དཔར་དུ་བརྐོས་བཞེངས་གནང་།
།
ཕྱིས་སུ་ཡང་བསྐྱར་གོང་མ་ཆན་ལུང་དང་འཐབས་ནས་ཆུ་ཆེན་རབ་བརྟན་རྒྱལ་པོའི་བསྟན་སྲིད་ཉམས་དམས་སུ་སོང་སྐབས། དཔར་ཤིང་བརླག་འཕྲོ་རྣམས་ཁྲོ་སྐྱབས་རྒྱལ་པོས་གདན་དྲངས་པར་གྲགས། ཁྲོ་སྐྱབས་རྒྱལ་པོ་ཀུན་དགའ་ཕུན་ཚོགས་ཀྱིས་ཀུན་གྲོལ་གྲགས་པའི་ཐུགས་བཀོད་ལྟར་ཡང་བསྐྱར་རྒྱལ་བའི་བཀའ་རིན་པོ་ཆེ་ཤིང་དཔར་དུ་བཞེངས་ཏེ་དྲུག་ཟུར་རྣམ་པར་རྒྱལ་བའི་ཕོ་བྲང་དུ་བཞུགས་སུ་གསོལ། ཀུན་གྲོལ་གྲགས་པ་ནི་སྤྱི་ལོ(༡༧༠༠)ལོར་ཁམས་ཁུལ་དུ་དམུ་ཚ་སྒ་ཡི་གདུང་རྒྱུད་ལས་སོན་པའི་སྨོན་རྒྱལ་ཞེས་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ནའང་། ཁོང་གིས་ཁྲོ་སྐྱབས་དང་རབ་བརྟན་དགེ་ཤིས་རྒྱལ་པོ་སོགས་ཀྱི་དབུ་བླ་མཛད་ཅིང་སྐུ་ཚེའི་མཇུག་གི་མཛད་པ་མང་ཤོས་བསྐྱངས་ཡུལ་ནི་རྒྱལ་རོང་གི་ས་ཆ་རང་ཡིན། ཁ་ཅིག་གིས་ཀུན་གྲོལ་གྲགས་པའི་གོང་དུ་མདོ་སྔགས་སེམས་གསུམ་གྱི་བོན་དཔེ་ཕྱོགས་གཅིག་ཏུ་བསྡུ་རུག་བྱས་པའི་བཀའ་མེད་པར་འདོད་པ་དང་། བཀའ་འགྱུར་གྱི་དཀར་ཆག་ཡང་ཀུན་གྲོལ་གྱིས་བརྩམས་པ་འདི་སྔ་ཤོས་ཡིན་པར་འདོད་པ་དག་ནི་མི་འཐད་དེ། ཀུན་གྲོལ་གྲགས་པས་མཁས་གྲུབ་གོང་མའི་བཀོད་པའི་དཀར་ཆག་དག་གི་ཕྱི་མོ་བྱས་ཞེས་གསུངས་པས། དེའི་སྔོན་དུ་མདོ་སྔགས་སེམས་གསུམ་གྱི་བོན་དཔེ་བསྡུ་རུག་བྱས་པའི་བཀའ་ཡོད་དགོས་པ་དང་། གྲངས་བསྡོམས་སུ་སྟོན་པའི་དཀར་ཆག་ཡོད་པ་ཡང་གསལ་བོར་ཤེས་ཐུབ་པ་ཡིན་ནོ།། ཁྲོ་སྐྱབས་རྒྱལ་པོས་བཞེངས་པའི་བཀའ་འགྱུར་ཤིང་དཔར་མ་དེ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་མངའ་ཁུལ་ཙམ་དུ་མ་ཟད་ཕྱི་གླིང་བལ་ཡུལ་དོལ་པོའི་ཕྱོགས་སུ་ཡང་དར་ཁྱབ་སོང་ཡོད་པ་རེད། དམངས་ཚོགས་བཅོས་བསྒྱུར་སྔོན་དུ་ཨ་མདོ་མངའ་བ་རུ་བྱ་འཕུར་གོང་མ་ཚང་ལ་བཀའ་འགྱུར་ཚར་གཉིས། འོག་མ་ཚང་ལ་ཚར་གཅིག གྲོང་མང་སྡེ་བའི་ཕྱུག་ཚང་སང་དང་། རྟོགས་ལྡན་དགོན་དང་རི་ཁྲོད་གཉིས་ལ་ཚར་རེ་རེ། གཞན་མདོ་སྨད་རེབ་གོང་སྔགས་མང་ཚང་ལ་ཡོད་པ་དེ་བྱང་ཁའི་ཕྱོགས་སུ་བོན་གྱི་བཀའ་འགྱུར་ཆ་ཚང་བཞུགས་པའི་ཐོག་མ་དེ་ཡིན་པ་རྒྱལ་རོང་ལོ་རྒྱུས་སྐོར་གྱི་དེབ་འཕྲེང་གསུམ་པའི་ནང་དུ་གསལ། སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བརྩམས་གནང་མཛད་པའི༼སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ༽ཤོག་གྲངས(༡༦༠)ལས། བསྟན་སྦྱིན་ཆེན་པོ་མི་ཡི་དབང་པོ་ཁྲོ་ཆེན་རྒྱལ་པོ་ཀུན་དགའ་ཕུན་ཚོགས་བསྟན་འཛིན་གྱིས་པར་བཞེངས་གནང་། བཀའ་བརྟེན་འགྱུར་ཆ་ཚང་མེད་ཀྱང་པར་ཤིང་བཞུགས་གནས། གཙང་བཀྲ་ཤིས་སྨན་རི་དང་རབ་ལེགས་གཡུང་དྲུང་གླིང་། མཁར་དགོན་བསམ་བརྟན་གླིང་། བདེ་ལྡན་སྒྱེའུ་ལུང་། ཤར་རྫའི་རི་ཁྲོད། ཉག་ཁོག ཁྱུང་པོ་དཀར་རུ་བཅས་ལ་ཡོད་ཅེས་གསུངས།། སྐྱབས་རྗེ་རྩ་བའི་བླ་མ་ཞིང་གཤེགས་དམ་པ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་སྤྱི་ལོ(༡༩༦༡)ལོར་བལ་ཡུལ་དོལ་པོ་བསམ་གླིང་ནས་བསྣམས་ཕེབས་པའི་གཟི་བརྗིད་པོད་བཅུ་གཉིས་ཀྱི་བདག་ཉིད་ཅན་དེའི་ཕྱི་མོ་དེ་ཡང་རྒྱལ་རོང་ཤིང་པར་དེ་ཡིན་འདུག་པ། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་མདའ་འཕང་སྟོད་ཆ་ཤོག་གྲངས(༤༢༦)ལས་གསལ་ཡོད།
།
།
གཉིས་པ། བོན་རྒྱལ་རྣམ་གཉིས་ཀྱིས་རྒྱལ་བའི་བཀའ་རིན་པོ་ཆེ་ཤིང་དཔར་དུ་བརྐོས་བཞེངས་བྱས་པའི་སྐོར།
།
མེ་ཕོ་ཁྱིའི་ལོ་སྤྱི་ལོ(༡༧༦༦)ཧོར་ཟླ་དང་པོའི་ཚེས་བཟང་ལ་རྒྱལ་རོང་མུ་རྟོ(དམུ་རྡོ)གཡུང་དྲུང་སྤུངས་རྩེའི་བྱང་ཕྱོགས་ཕོ་བྲང་ཆེན་པོ་བཀའ་རྔམ་དུང་མཁར་གཡུ་རྩེ་མི་འགྱུར་གཡུང་དྲུང་གདམས་པའི་རྫོང་དུ་པར་རྐོ་བ་ཁུ་རྡེ་རྒྱལ་མཚན་ཞུ་བ་ཁོང་གིས་གཙོ་བྱས་པའི་མི་བརྒྱ་དང་ལྔ་བཅུ་ང་གསུམ་གྱིས་ཤིང་དཔར་རྐོ་བའི་དབུ་བཙུགས་གནང། དཔར་ཚགས་འབྲི་མཁན་ཡེ་ཤེས་དང་། རྒྱལ་མཚན་ཞུ་བ་རྣམ་གཉིས་གཙོས་པའི་མི་གྲངས་ཉི་ཤུ་མ་ཟིན་ཙམ་ཀྱིས་བྲིས་གནང་མཛད་ནས་བླ་མ་བསོད་ནམས་རྒྱལ་མཚན་དང་བཀའ་བློན་བླ་མ་རྒྱལ་བ་བསྟན་འཛིན་མཁས་མཆོག་ཚེ་དབང་ཉི་མ་གསུམ་གྱིས་ཞུ་དག་མཛད། དེ་ནས་དཔར་རྐོ་བ་མི་གྲངས་བརྒྱ་དང་ལྔ་བཅུ་ང་གསུམ་གྱིས་འབད་རྩོལ་ལྷོད་མེད་གནང་བ་ལ་བརྟེན་ནས་ལོ་གཉིས་དང་ཟླ་བ་དྲུག་གི་ཁོངས་སུ་མདོ་འབུམ་གཟུངས་སོགས་དང་ཁྱད་པར་ཁམས་ཆེན་སྟོང་ཕྲག་བརྒྱ་པ་རྣམས་ལེགས་པར་གྲུབ་པ་ཡིན་ནོ།། སྤྱིར་དཔར་རྐོའི་སྐབས་སུ་པར་བརྡེབ་པ་དང་། ཐབ་འདྲེན་དང། དཔོན་པོ་དང་། གཡོག་པོ་དང། མགར་བ་བཅས་མི་ཉིས་བརྒྱ་དང་ཉེར་གཅིག་ཡོད་པ་དང་། ཁོང་རྣམས་ལ་གླ་ཆ་དངུལ་གྲངས་དངུལ་སྲང་སྟོང་ཕྲག་བདུན་དང་བརྒྱད་བརྒྱ་ལྔ་བཅུ་རྩ་གཉིས་ལྷག་ཙམ་བཏང་། མདོ་འབུམ་གཟུངས་གསུམ་སོགས་ཀྱི་ཤིང་དཔར་ལེགས་པར་གྲུབ་ནས་རབ་བརྟན་རྒྱལ་པོའི་པར་ཁང་ཆེན་མོར་གདན་འདྲེན་ཞུས་ཤིང་། རིག་གྲོལ་ཡོན་ཏན་གྱིས་ཕྱུག་པའི་བླ་གྲྭ་དགེ་བའི་བཤེས་གཉེན་དུ་མ་གདན་དྲངས་ནས་རབ་གནས་མེ་ཏོག་གཏོར་ཞིང་བཞུགས་སུ་གསོལ་བར་མཛད་དོ།། དེའི་སྐོར་ཁམས་བརྒྱད་གཏན་ལ་ཕབ་པ་སྟོང་ཕྲག་བརྒྱ་པའི་དཀར་ཆག་སྲིད་པའི་སྒྲོན་མེ་ལས་གསལ་བོ་གསུངས་འདུག་པས་འདིར་རྒྱས་པར་མ་སྤྲོས་སོ།། ཁམས་བརྒྱད་གཏན་ལ་ཕབ་པ་སྟོང་ཕྲག་བརྒྱ་པའི་དཀར་ཆག་སྲིད་པའི་སྒྲོན་མེ་ནི་ཀུན་གྲོལ་གྲགས་པའི་དགུང་ལོ་རེ་བདུན་ལ་ཕྱིན་པའི་སྐབས་སུ་ཤར་རྫ་ཨ་ཁོད་དར་རྒྱས་གླིང་དུ་མཛད་པ་དཀར་ཆག་རང་གི་མཇུག་རྩོམ་ལས་གསལ། ཤོག་གྲངས་བཅུ་གཉིས་དང་ཕྱེད་ཀ་ཡོད་པའི་དཀར་ཆག་དེ་རབ་བརྟན་རྒྱལ་པོའི་ཁམས་ཆེན་ཤིང་པར་ཨ་དུམ་གྱི་མཇུག་ཏུ་བཀོད་ཡོད། དེང་སང་ཟུང་ཆུ་རྫོང་སྐྱང་ཚང་དགོན་པའི་ཁམས་ཆེན་སྟོང་ཕྲག་བརྒྱ་པའི་ཤིང་པར་མ་ཆ་ཚང་ཉར་ཚགས་ལེགས་པར་བྱས་ཡོད་འདུག ཁམས་ཆེན་ཤིང་དཔར་མ་དེའི་མཇུག་ཏུ་བཀོད་ཡོད་པའི་དཀར་ཆག་སྲིད་པའི་སྒྲོན་མེ་ཆ་ཚང་། སྤྱི་ལོ ༢༠༡༥ལོའི་ཟླ ༩ པར་དགེན་བཙན་ལྷ་ངག་དབང་ཚུལ་ཁྲིམས་དང་ནམ་མཁའ་ཚུལ་ཁྲིམས་རྣམ་གཉིས་སྐྱང་ཚང་དགོན་དུ་ཆེད་བཅར་གྱིས་བསྐྱར་པར་བཏབ་ནས་རྒྱལ་རོང་ས་ཁུལ་གྱི་རྒྱལ་པོ་དང་ཡིག་ཚགས་སྐོར་གྱི་དེང་འཕྲང་བཅུ་བའི་སྟེང་དུ་བཀོད་འདུག་པས་དེ་རུ་བལྟ་བར་བྱའོ།།
།
གསུམ་པ། བཀའ་འགྱུར་ཁྲོ་སྐྱབས་ཤིང་པར་ཅན་ལ་ཁྱོན་པོ་ཏི་ག་ཚོད་ཡོད་པའི་སྐོར།
།
སྨན་རིའི་མཁན་ཆེན་ཀུན་མཁྱེན་ཉི་མ་བསྟན་འཛིན་དགུང་ལོ་སོ་གསུམ་སྤྱི་ལོ(༡༨༤༦)ལོར་ཁྲོ་སྐྱབས་རྒྱལ་སར་རྒྱལ་བའི་བཀའ་རིན་པོ་ཆེ་གདན་འདྲེན་ཞུ་བར་བྱོན་སྐབས་ཁོང་གི་དཔེ་ཐོ་ལྟར་ན། ཕུན་སུམ་ཚོགས་པ་མདོ་ཡི་སྡེ་ལ་པོ་ཏི་བཞི་བཅུ་ཞེ་གཉིས། རྣམ་པར་དག་པ་འབུམ་གྱི་སྡེ་ལ་པོ་ཏི་བཞི་བཅུ་ཞེ་བརྒྱད། རྨད་དུ་བྱུང་བ་སྔགས་ཀྱི་སྡེ་ལ་པོ་ཏི་བཅོ་ལྔ། བླ་ན་མེད་པའི་སེམས་སྡེ་ལ་པོ་ཏི་བདུན། ཁྱོན་པོ་ཏི་བརྒྱ་དང་བཅུ་གཉིས་བཞུགས་པར་གསལ་ཡོད།
བསམ་ཚུལ་ཕྲིས།