ལྟུ་རུ་ཞེས་པའི་ཐ་སྙད་ཀྱི་བརྗེད་ཐོ།
རྩོམ་ཡིག་འདི་ཐེངས། 105789 བཀླགས་འདུག
།
དགེ་བློ་གྲོས། རྔ་བ།
།
་་་་་་་་་ སྤྱིར་ཐ་སྙད་ཀྱི་འགྱུར་བ་ལ་དེ་ཙམ་ཐུགས་སྣང་མི་མཛད་པ་ནི། རིག་གནས་ཀྱི་ངོས་ནས་བལྟས་ན་གྱོང་གུད་ཆེན་པོ་ཞིག་ཡིན་པར་མ་ཟད། ཐ་སྙད་འདིའི་རིགས་ཀྱི་བྱུང་རིམ་དང་གོ་དོན་སོགས་ལ་མནོ་བསམ་ཅི་ཡང་མ་བཏང་བར་བཞག་པ་ཡིན་ན། ནམ་ཞིག་མག་མོག་ནས་རབ་རིབ་དང་། རབ་རིབ་ནས་གོ་དཀའ་བའི་གནས་སུ་གྱར་ཏེ། བོད་རང་གི་ཐ་སྙད་ཅིག་ཡིན་མིན་ལའང་དོགས་པ་ཟ་བའི་ཉིན་མོ་ཞིག་མི་སླེབ་པའི་ངེས་པ་མེད་པས། ཐ་སྙད་ཀྱི་འགྱུར་བ་ལ་ངོས་ཟུར་གཉིས་ཀ་ནས་ཐུགས་གཞིག་ནན་མོ་གཏང་རྒྱུ་གལ་ཆེན་སྙམ། དེ་བས་འདིར་རྗེ་རིན་པོ་ཆེས་རང་ལ་གསལ་འདེབས་གཞན་ལ་ཕན་ཕྱིར་དུ་གསུང་པ་བཞིན། བརྗེད་ཐོའི་ཚུལ་དུ་སྨྲ་བའི་ལྕེ་འགུལ་བར་བྱའོ།།
།
་་་་་་་་་ ཕྲན་གྱིས་ད་སྔ་དཔེ་ཀློག་གི་ཁྲོད་ནས་མཐོང་བ་ལྟར་ན། ལྟུ་རུ་ཞེས་པའི་ཐ་སྙད་འབྱུང་སའི་དཔེ་ཆ་སྔ་ཤོས་དེ་དྲང་སྲོང་ཡེ་ཤེས་རྒྱལ་མཚན་གྱི་འདུལ་འགྲེལ་ཡིན་ཞིང་། གཞུང་དེ་ཉིད་ལས། 1ཤ༢༠༡<<སྟོད་ལུགས་ལས་ཀྱང་། ལྟུང་ཏུ(ལྟུ་རུ)དང་བར་བུར་གྱི་སྣོད་གཉིས་གསུངས་པས། ལྟུ་རུ་གོང་བཞིན་ལ>> ཞེས་པར་གཞིགས་ན་དེའི་ཚིག་མགོར་པད་ཁུག་གི་སྐོར་གསུངས་ཡོད་པས་ལྟུ་རུ་ཞེས་པ་པད་ཁུག་རང་ལ་གོ་དགོས་པ་མིན་ནམ་སྙམ། དེའི་ནང་དུ་དཔེ་ཆ་དང་ལྷ་སྐུ་རྟེན་ཆ་རྣམས་བཅུག་པ་ལས་གཞན་མཁོ་བའི་ཡོ་བྱད་ཀྱི་རིགས་རྣམས་མི་བྲུབ་པར་གསུངས། སྤྱིར་མཁན་པོ་མི་བརྗེད་པའི་རྟགས་བཞིའི་སྐོར་ཆེན་དགོངས་པ་རབ་གསལ་གྱི་མདུན་དུ་སྡོམ་པ་བླངས་པ་ནས་ཡོད་པ་སྨོས་མི་དགོས་ནའང་། ཐོག་མར་དཔེ་ཆ་གང་དུ་རྟགས་བཞིའི་སྐོར་གསུངས་ཡོད་མེད་སོགས་བསྙད་དཀའ། གཞན་བསམ་གཞིག་གཏང་དགོས་པ་ཞིག་ནི། ཡེ་རྒྱལ་གྱི་འདུལ་འགྲེལ་དུ། 2ཤ༡༩༤<<མཁན་པོ་མི་བརྗེད་པའི་རྟགས་བཞི་ལས་ཀྱང་ཞྭའི་མདངས་སྔོན་པོ་ཟེར>>ཞེས་པའི་ཚིག་ལ་བལྟས་ན། དེའི་ཡར་སྔོན་ནས་མཁན་པོ་མི་བརྗེད་པའི་རྟགས་བཞི་ངོས་བཟུང་ཡོད་པར་ཤེས་ཐུབ་པར་མ་ཟད། ཞྭའི་མདངས་སྔོན་པོ་བྱེད་པ་དེ་ཡང་མཁན་པོ་མི་བརྗེད་པའི་རྟགས་བཞིའི་ནང་གི་གཅིག་ཡིན་པར་རྟོགས་ཐུབ། དྲང་སྲོང་ཡེ་ཤེས་རྒྱལ་མཚན་ཁོང་གིས་རྟགས་བཞི་ལས་ཞྭའི་མདངས་སྔོན་པོ་ཕུད་པའི་གཞན་གསུམ་པོ་གང་ཞིག་ཏུ་ངོས་བཟུང་ཡོད་མེད་དང་ལྟུ་རུ་དེའི་ནང་གི་བྱེ་བྲག་ཅིག་ཏུ་ངོས་བཟུང་མིན་ཁ་ཚོན་བཅད་ནས་སྨྲ་མི་ཐུབ་ནའང་། བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་འདུལ་བརྒྱུད་མེ་ཏོག་འཕྲེང་བ་རུ། ལྟུ་རུ་ཞེས་པ་མཁན་པོ་མི་བརྗེད་པའི་རྟགས་བཞིའི་བྱེ་བྲག་ཅིག་ཡིན་པ་གསལ་བ་ལྟར་ན། འདི་ནས་ཡར་བརྩིས་པའི་ལོ་བདུན་བརྒྱ་ལྷག་ཅིག་གི་མཚམས་སུ་ལྟུ་རུ་ཞེས་པ་དེ་རྟགས་བཞིའི་བྱེ་བྲག་ཅིག་ལ་ངོས་བཟུང་ཡོད་པ་སྟེ། ཡེ་རྒྱལ་གྱི་འདུལ་བརྒྱུད་མེ་ཏོག་འཕྲེང་བ་རུ་མཁན་པོ་མི་བརྗེད་པའི་རྟགས་བཞི་སོ་སོར་བགྲངས་ཏེ། 3ཤ༡༦༣<<ཤམ་ཐབས་ཀྱི་ཀ་བ་སྔོན་པོ། ཐང་བའི་སྣེ་ཚངས་སྔོན་པོ། ལྟུ་རུ་སྔོན་པོ། གདིང་བ་སྔོན་པོ་དང་བཞི་ཡིན་གསུངས>>ཞེས་ལྟུ་རུ་ཞེས་པའི་ཐ་སྙད་དངོས་སུ་བསྟན་ཡོད། ཡང་ཅིག་བཤད་ན། དེའི་ཚིག་མཇུག་གི<<ཡིན་གསུངས>>ཞེས་པ་གཅིག་པུས་ཀྱང་བྲུ་རྒྱལ་གྱི་ཡར་སྔོན་དུ་མཁན་པོ་མི་བརྗེད་པའི་རྟགས་བཞི་སོ་སོ་ནས་བགྲངས་ཡོད་པར་ཚིག་ཐག་བཅད་ནས་བསྙད་ཆོག་སྙམ། རེད་དེ། དེའི་སྔོན་དུ་བགྲང་མཁན་དེ་དྲང་སྲོང་ཡེ་ཤེས་རྒྱལ་མཚན་ཡིན་མིན་དང་གཞན་མཁས་པ་སུ་ཞིག་གིས་ཐོག་མར་གསུངས་ཡོད་མེད་ནི་སུ་ལའང་རོ་འཛིན་གཡོ་བའི་སྤོབས་པ་དབེན། ལར་མཁན་པོ་མི་བརྗེད་པའི་རྟགས་བཞིའི་མཚོན་དོན་ནི་རྟ་མག་མོག་གི་སྤུ་བཞིན་སྣ་ཚོགས་སུ་འདོད་ཀྱང་། ཡང་སྙིང་ཅི་ཞིག་ཡིན་མིན་ལོ་རྒྱུས་ཁུངས་བཙན་དག་ནས་ཁ་གྲགས་པ་བཞིན་ཏེ། འདུལ་བ་སྨད་ལུགས་ཀྱི་སྡོམ་རྒྱུན་བོན་ལ་ཐུག་པའི་བཀའ་རྟགས་ཡིན་པར་གསལ་བས་དེའི་སྐོར་རྒྱས་བཤད་ཀྱི་ངལ་བ་དང་དུ་ལེན་པ་མི་བྱ་ཞིང་། རོབ་ཙམ་མོལ་ན། ཕ་བོན་མ་བོན་ཡིན་པའི་ཡ་ཟི་བོན་སྟོན་ནམ་བླ་ཆེན་དགོངས་པ་རབ་གསལ་གྱི་མདུན་ནས་གཞན་ཕྱོགས་འདུལ་འཛིན་པ་ཀླུ་མེས་སོགས་ཀྱིས་སྡོམ་པ་བླངས་པ་ནི་ཀུན་ལ་མཐུན་ཞིང་། དྲང་སྲོང་ཡེ་རྒྱལ་གྱི་འདུལ་བ་ཏི་ཀ་ལས། 4ཤ༡༨༣<<སྟོད་ལུགས་ལས་ཞྭ་ཐལ་སྦྱོར་མ་དང་རྒྱབ་ལ་ནམ་བྱེད་སྐད། དེ་ལྟར་བོད་ལ་སྣ་རིང་བྱེད་པ་ནི། བླ་ཆེན་མི་ཐུར་གྱིས་མཁན་བུ་མ་བདུན་པ་ལ་གནང་བའི་ཞྭ་ཡིན་པར་གསལ་ཏེ། མཁན་པོ་མི་བརྗེད་པའི་རྟགས་བཞི་ལས་ཞྭའི་མདངས་སྔོན་པོ་ཟེར་བས་ཞྭའི་རྩེ་ལ་གཉིས་སྔོན་པོ་བྱེད་པའོ།། >>ཞེས་དང་། གཏམ་རྒྱུད་གསེར་ཐང་དུའང5ཤ༦༤<<བུ་སྟོན་ཆོས་འབྱུང་དུ་བླ་ཆེན་གྱིས་ཀླུ་མེས་འགྲོ་ཁར་བོན་པོའི་ཞྭ་འོབ་ཞུ་ཁོག་ནས་ས་སེར་བཏབ་པ་ཞིག་གནང་ནས་འདི་རྟག་ཏུ་གྱོན་གསུངས་པར་བྲིས། དེས་ན་ཞྭ་དེ་བོན་ཞུ་རྣ་ལེབ་བཅད་པ་ལ་ཚོས་སེར་བསྒྱུར་བ་ཞིག་ཡིན་པར་གསལ་ལ། འབྲུག་པད་དཀར་གྱིས། བླ་ཆེན་གྱིས་ཞྭ་གནང་བ་དེ་ནས་བཟུང་ཞྭ་སེར་གྱོན་པའི་སྲོལ་བྱུང་གསུངས། དེས་ན་རང་རེའི་ཞྭ་སྣེ་རིང་གི་ཕྱི་མོ་དེ་བོན་ཞྭ་ཡིན་པར་གསལ>>ཞེས་བྲིས་པ་གཅིག་པུས་ཀྱང་། རྟགས་བཞིའི་མཚོན་དོན་ཅི་ཞིག་ཡིན་མིན་དང་སྨད་འདུལ་གྱི་ཁུངས་གང་ལ་ཐུག་མིན་སོགས་ནི་ཤེས་ཐུབ་སྙམ།
།
་་་་་་་་་་ ལྷག་ཏུ་ལྟུ་རུ་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལ་མནོ་བསམ་མང་དུ་གཏང་རྒྱུ་ཡོད། སྤྱིར་ལྟུ་རུ་དང་། རྟོལ་བུ། ལྟུར་བུ། གཏུར་བུ། གཏོར་བུ་སོགས་ཀྱི་མིང་གཞི་ཏ་ཡིག་ལས་གྲུབ་པས་ཕན་ཚུན་འབྲེལ་ཡོད་ཅིག་ཡིན་པར་ཤེས་ཐུབ་པས་མི་ཚད། གཅིག་ལས་གཅིག་བྱུང་བའང་བསྙོན་དུ་མེད། ཐ་སྙད་དེ་དག་ཐོག་མར་ལྟུ་རུ་ལས་བྱུང་བ་ཡིན་པ་ནི། ལྟུ་རུ་ཞེས་པའི་ཐ་སྙད་དཔེ་གཞུང་ཁུངས་དག་དང་། ཡང་ན་ལྟོས་འཇོག་གིས་དཔེ་རྙིང་དུ་མཐོང་རྒྱུ་ཡོད་པ་ལས། གཞན་རྟོལ་བུ་སོགས་ནི་ཕྱིས་འབྱུང་གི་དཔེ་གཞུང་མ་གཏོགས་སྔ་ཤོས་ཀྱི་དཔེ་གཞུང་དུ་མཐོང་རྒྱུ་མེད་གཤིས། ཐ་སྙད་དེ་དག་གི་རྩ་བའི་ཁུངས་ལྟུ་རུའི་སྒྲ་གཟུགས་འདི་ཉིད་ཡིན་ཞེས་བསྙད་ན་ཞུན་ཐར་ཆོད་པའི་གཏམ་ཞིག་ཏུ་འདོད་ཀྱིན་ཡོད་ལ། ཐ་སྙད་དེ་དག་གི་རྩ་བའི་མིང་གཞི་ལ་འགྱུར་བ་སོང་མེད་ནའང་། མགོ་ཅན་དང་འཕུལ་རྟེན་སོགས་ལ་འགྱུར་བ་སོང་ཡོད་པ་ནི་བོད་ཀྱི་ཐ་སྙད་དག་གི་སྤྱིའི་འགྱུར་ཚུལ་ཞིག་ཡིན་ཞིང་། དེ་ཡང་ཡུལ་ལུང་སོ་སོའི་ངག་གི་བརྗོད་པ་མི་འདྲ་བའི་རྐྱེན་གྱིས་ཐ་སྙད་གང་དེའི་ཡིག་གཟུགས་ལ་འགྱུར་བ་ཐེབས་བཞིན་ཡོད་ལ། ཡིག་གཟུགས་ཀྱི་འགྱུར་བ་རེ་རེ་ནི་ཐ་སྙད་མི་འདྲ་བ་འབྱུང་བའི་རྩ་བའི་རྒྱུ་རྐྱེན་ཉག་གཅིག་ཡིན། ར་དང་ལ་གཉིས་བརྗེ་སྤོར་གྱིས་བྲིས་པ་ཡོད་ལ། དགེ་ཆོས་ཀྱིས་ཀྱང་ཡུལ་གྲུ་དུ་མའི་སྐད་ལ་ར་དང་ལ་གཉིས་ཕན་ཚུན་རྟག་ཏུ་འགྱུར་བས། ཨ་མདོའི་ཡུལ་སྐད་མང་ཆེ་བར་གསལ་པོ། ཡོལ་བ། གསོལ་བ་འདེབས་སོགས་ལ། གསར་བོ། ཡོར་བ། གསོར་ལ་འདེབས་སོགས་སུ་བརྗོད་པས། ར་ས་ཡང་བར་སྐབས་སུ་ལ་སར་སོང་། ཞེས་གསུངས་པར་གཞིགས་ན། ལྟུ་རུ་ལས་རྟོལ་བུ་དང་ལྟུར་རུ་གཉིས་ཀ་འགྱུར་བ་ཡིན་པ་ནི་ཐ་སྙད་དེ་དག་གི་བྱུང་བར་སྔ་ཕྱི་ཡོད་པས་རྟོགས་ཐུབ་པས་མི་ཚད། འགྱུར་ཚུལ་དེ་ཡང་འབྲེལ་མེད་ཅིག་མིན། སྤྱིར་བཙན་པོའི་སྐབས་དང་། ཡིག་རྙིང་འགར་ར་སྡེ་ཡན་གྱི་གསལ་བྱེད་སྡེ་བ་སོ་སོའི་དང་པོ་དང་གཉིས་པ་རེས་མོས་སུ་བྲིས་པ་མང་བ་སྟེ། དཔེར་ན། ཁལ་དང་ཀལ། གཅིག་དང་གཆིག མན་ཅད་དང་མན་ཆད། གཏོགས་པ་དང་གཐོགས་པ། བཏབ་པ་བཐབ་པ། ཙེག་དང་ཚེག ར་ས་དང་ལ་ས། ཆི་ཟིག་དང་ཅི་ཞིག་སོགས་བྲིས་པ་བཞིན་འདིར་ཡང་ལ་མགོ་ཅན་དེ་ར་མགོ་ཅན་དུ་བྲིས་པ་མིན་ནམ་སྙམ་ལ། དེ་བཞིན་གཏུར་བུ་དང་གཏོར་བུ་གཉིས་ཀའང་། ཐོག་མའི་ལྟུ་རུ་ལས་རིམ་གྱིས་འགྱུར་བ་ཡིན་པར་ཤེས་ཐུབ་པ་སྟེ། ཐ་སྙད་གང་དེ་ངག་ནས་རྗོད་སྐབས་མིང་གཞིའི་སྒྲ་གདངས་དག་པར་བཀླགས་པའི་དབང་གིས་ཐ་སྙད་ལ་འགྱུར་བ་སྣ་ཚོགས་ཤིག་འགྲོ་བཞིན་ཡོད། དཔེར་ན། སྤུ་ཧྲེངས་ལ་པུ་རངས་དང་། སྤུར་རྒྱལ་ལ་པུར་རྒྱལ། སྤུར་ལ་པུར། བྲག་ཕུག་ལ་བག་ཕུག དབྲད་ལ་དབད་སོགས་བརྗོད་པ་ལ་བརྟེན་ནས་སྒྲ་གདངས་ཇི་བཞིན་བྲིས་པ་མང་ཞིང་། ཐ་སྙད་གང་དེའི་མིང་གཞིའི་སྒྲ་གདངས་དག་པར་བཀླགས་པས་རྐྱེན་གྱིས་སྒྲ་གཟུགས་གཉིས་ཀར་འགྱུར་བ་ཐེབས་པ་བཞིན་བཤད་མ་ཐག་པའི་གཏོར་བུ་དང་གཏུར་བུ་གཉིས་ཀ་ཡང་དེ་བཞིན་འགྱུར་བ་ཡིན་པར་བསྙོན་དུ་མེད། གཞན་ལྟུ་རུ་དང་རྟོལ་བུ། གཏུར་བུ་དང་གཏོར་བུ་སོགས་ཀྱི་དབྱངས་ལ་ཨུ་ལྡན་དང་ཨོ་ལྡན་ཡིན་མིན་གྱི་ཁྱད་པར་སྲིད་དམ་སྙམ་ན། དེ་ཡང་དོན་དུ་ཨ་ཕྲེང་གི་གུ་དང་འགྲེང་བུ་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་ལ། རྣམ་པ་གཅིག་ཏུ་ན། སྐྱེ་གནས་གཅིག་པའི་དབང་གིས་ཁྱད་མེད་དུ་བྲིས་པའང་ཡིན་སྲིད། གི་གུ་དང་འགྲེང་བུ་ཁྱད་མེད་དུ་བྲིས་པ། དིང་སང་ལ་དེང་སང་དང་། དེ་བཞིན་ཞབས་ཀྱུ་དང་རྣ་རུ་གཉིས་ཀྱང་ཁྱད་མེད་དུ་བྲིས་པ་ཡོད། དཔེར་ན། ཨུ་རྒྱན་ལ་ཨོ་རྒྱན་ཞེས་བྲིས་པས་འདིར་གཏུར་བུ་དང་གཏོར་བུ་སོགས་ཀྱི་འབྲི་སྟངས་ཀྱང་དེ་ལས་མ་འདས་པ་རྟོགས་ཐུབ། རེད་དེ། ཐ་སྙད་དེ་དག་གི་ཚིག་གྲོགས་བུ་དང་རུ། གཞན་གས་འཕུལ་སོགས་ཀྱི་སྐོར་ཟིན་ཏིག་གཞན་དུ་འབད་པར་བྱ་ངེས་པས་དེར་བལྟ་བར་བྱ། སྤྱིར་ཐ་སྙད་གཅིག་ལ་ཡུལ་ལུང་སོ་སོའི་ཀློག་སྟངས་མི་འདྲ་བའི་དབང་གིས་ཡི་གེར་འབྲི་དུས་སྒྲ་གདངས་ཇི་བཞིན་བྲིས་ཏེ་ཐོག་མའི་ཐ་སྙད་ཀྱི་འབྲི་སྟངས་ལ་མནོ་བསམ་ཅི་ཡང་མ་བཏང་བས་ལན་པ་ཡིན་སྙམ། སྤྱིར་ན་ཐ་སྙད་གང་དེར་ཐོག་མའི་སྒྲ་གཟུགས་ངེས་ཅན་ཞིག་ཡོད་ངེས་པས། ཐ་སྙད་གང་དེའི་ཐོག་མའི་སྒྲ་གཟུགས་ཅི་འདྲ་ཡིན་མིན་འཚོལ་ཞིབ་བྱས་ཏེ། ཇི་ལྟར་འགྱུར་བ་སོགས་ཉི་ཚེ་བའི་རྒྱུ་མཚན་ཙམ་ལ་བརྟེན་ནས་མཐའ་སྡོམ་དགོད་རྒྱུ་མ་ཡིན་པར་བདེན་དཔང་ངེས་ཅན་ཞིག་གི་འོག་ནས་ཡུས་ཆེ་བའི་གཏམ་ཞིག་བཤད་རྒྱུ་ནི་ཨ་ཀྱང་ནས་གལ་ཆེའོ།།
།
་་་་་་་་་་་་ ལྟུ་རུ་ཞེས་པ་པད་ཁུག་རང་ཡིན་ཞེས་རྦད་ཀྱིས་བཅད་དེ་བསྙད་ན། བཤད་སྔ་བའི་སྐྱོན་ཞིག་མིན་ནམ་སྙམ་ཡང་། རེ་ཞིག་ཁེངས་པ་མ་བསྐྱུངས་བར་ཙམ་ལས་གཞན་རྔོ་ཐོགས་པའི་གཏམ་གསར་བ་ཡིན་མིན་ནི་མ་འཚལ། དར་རྒྱས་གསལ་སྒྲོན་དུ་མཁན་པོ་མི་བརྗེད་པའི་རྟགས་བཞི་ལས་རྟོལ་བུ་ཞེས་པ་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་སུ་མཁན་པོ་མི་བརྗེད་པའི་རྟགས་བཞི་ལས་ལྟུར་རུ་ཞེས་པ་ཡང་པད་ཁུག་ཏུ་ངོས་འཛིན་པ་ལས་འོས་མེད་སྙམ། (དར་རྒྱས་གསལ་སྒྲོན་དང་། འདུལ་བརྒྱུད་མེ་ཏོག་འཕྲེང་བ། གླེང་གཞི་བསྟན་པའི་འབྱུང་ཁུངས་སོགས་ཀྱི་མ་ཕྱི་གཞན་དུ་དེ་ལྟར་བྲིས་མིན་དཔྱད་པའི་གནས) དེས་ན། མཁན་པོ་མི་བརྗེད་པའི་རྟགས་བཞི་ངོས་འཛིན་སྟངས་མི་འདྲ་བ་ཡིན་ནམ་ཟེར་ན། བདེན་པའི་གཏམ་སྟེ། བྲུ་རྒྱལ་དང་སྤ་བསྟན་རྒྱལ་བཟང་པོ། ཁྱུང་པོ་བློ་གྲོས་རྒྱལ་མཚན། ཀུན་མཁྱེན་ཉི་མ་བསྟན་འཛིན། དཔལ་འབྱོར་བཟང་པོ་སོགས་ཀྱིས་རྟགས་བཞི་ངོས་འཛིན་སྟངས་ལ་བལྟས་ན་མི་འདྲ་བ་ཤེས་ཐུབ། བྲུ་རྒྱལ་གྱིས་རྟགས་བཞིའི་ནང་དུ་ཞྭ་བརྩིས་མེད་ལ། ཞྭའི་ཚབ་ཏུ་པད་ཁུག་གམ་ལྟུ་རུ་བགྲངས་ཡོད་པ་ལས་གཞན་གདིང་བ་དང་། ཐང་བའི་སྣོལ་ཚང་། ཤམ་ཐབས་གསུམ་པོ་ངོས་འཛིན་སྟངས་སྤྱི་དང་འདྲ་བར་མ་ཟད། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་ལྟུ་རུ་ལ་ལྟུར་རུ་ཞེས་རྟེན་ཡིག་ར་ཡོད་མེད་ཀྱི་ཁྱད་པར་ཙམ་ལས་བྲུ་རྒྱལ་གྱི་ལུགས་དང་མཐུན་པར་བྱས་ནས་རྟགས་བཞི་ངོས་བཟུང་ཡོད། སྤ་བསྟན་རྒྱལ་བཟང་པོའི་དར་རྒྱས་གསལ་སྒྲོན་དུ། 6ཤ༡༥༣<<འགྲོ་འདུག་གི་དུས་སུ་ང་དྲན་པར་གྱིས་གསུངས་ནས། རྟོལ་བུ་སྔོན་པོ་བྱེད་པ་དང་། རྟག་ཏུ་ང་སྤྱི་གཙུག་ཏུ་དྲན་པར་གྱིས་གསུངས་ནས། ཞྭའི་མདངས་སྔོན་པོ་བྱེད་པ་དང་། གསོ་སྦྱོང་གི་དུས་སུ་དྲན་པར་གྱིས་གསུངས་ནས། ཐང་བའི་མདངས་སྔོན་པོ་བྱེད་པ་དང་། ལྡང་ཉལ་གྱི་དུས་སུ་དྲན་པར་གྱིས་གསུངས་ནས། ཤམ་ཐབས་ཀྱི་ཀ་བ་སྔོན་པོ་བྱེད་པའོ།། >>ཞེས་པད་ཞུ་དང་། རྟོལ་བུའམ་པད་ཁུག ཐང་བའི་མདངས་སྔོན་པོ། ཤམ་ཐབས་སྔོན་པོ་ཞེས་པ་ལས་གདིང་བ་རྟགས་བཞིའི་ནང་དུ་བགྲངས་མེད། མཁན་ཆེན་ཉི་མའི་འདུལ་བའི་རྣམ་བཤད་ལས། 7ཤ༢༣༣<<མཁན་པོའི་རྟགས་བཞི་ནི། ཤམ་ཐབས་ཀྱི་ཀ་བ་སྔོན་པོ། ཐང་བའི་སྣོལ་ཚང་སྔོན་པོ། པད་ཞུའི་དབུ་རྩེ་སྔོན་པོ། གདིང་བའི་གཡུ་མདངས་སྔོན་པོ>>ཞེས་རྟགས་བཞིའི་ནང་དུ་པད་ཁུག་གམ་ལྟུ་རུ་བགྲངས་མེད་པར་སོགས་ལ་བལྟས་ན། རྟགས་བཞི་ངོས་འཛིན་སྟངས་ལ་རྩ་བའི་ཆ་ནས་མི་འདྲ་བའི་ལུགས་གཉིས་ཡོད། དེ་ཡང་ཡེ་རྒྱལ་དང་སྤ་བསྟན། མཁན་ཉི་མ་གསུམ་གྱིས་ཞྭ་དེ་རྟགས་བཞིའི་ནང་དུ་བརྩིས་ཡོད་ལ། སྤ་བསྟན་གྱིས་གདིང་བའི་ཚབ་ཏུ་པད་ཁུག་བགྲང་ཡོད། མཁན་ཉི་མས་པད་ཁུག་རྟགས་བཞིའི་ནང་དུ་བརྩིས་མེད། བྲུ་རྒྱལ་དང་ཁྱུང་པོ་བློ་གྲོས་རྒྱལ་མཚན་གཉིས་ཀྱིས་པད་ཞུའི་ཚབ་ཏུ་པད་ཁུག་བགྲང་བ་ལས་གཞན་གསུམ་སྤྱི་དང་མཐུན། དཔལ་འབྱོར་བཟང་པོས་མཛད་པའི་རྒྱ་བོད་ཡིག་ཚང་ལས། 8ཤ༤༧༡<<བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་བྱ་བ། ཞྭ་ཐེབ་མུ་ཐུམས་ས་དང་། བླ་གོས་ཀྱི་མཐའ་ཚེམས། གཏོར་བུ། ཀ་ལིའི་ནང་རྣམས་སྔོན་པོར་བྱས་པ་ཡང་། ཁོང་དྲུག་པོ་ལ་གནང་བར་བྱེད་ཅིང་། དེ་ནི་བླ་ཆེན་དང་པོ་བོན་པོའི་བརྒྱུད་པར་སོང་བའི་ཐུགས་ཞེན་བརྡའ་མཚོན་དུ་བྱས་པའོ >>ཞེས་ཞྭ་དང་ཤམ་ཐབས། གཏོར་བུ་གསུམ་ཀ་སྔོན་པོར་བྱས་པ་སྤ་བསྟན་རྒྱལ་བཟང་པོ་དང་མཐུན་ཞིང་། ཀ་ལིའི་ནང་སྔོན་པོར་བྱེད་པ་དེ་ཡང་ཁོང་གིས་དམིགས་བསལ་གྱིས་བཞེད་སྟངས་ཤིག་ལས་བོན་གཞུང་དུ་དེའི་ལུགས་བྱས་ནས་གསུངས་པ་མེད་སྙམ། གཞན་ལྟུ་རུ་དང་ལྟུར་རུ་ཞེས་པ་པད་ཞུར་གོ་བའི་འགྲེལ་ཚུལ་དང་། དེ་བཞིན་རྟོལ་བུ་ཞེས་པ་གདིང་བར་གོ་བའི་དཔེ་གཞུང་ཁུངས་དག་ཡོད་མེད་འཚོལ་བ་ནི་མོ་གཤམ་གྱི་བུ་འཚོལ་བ་དང་འདྲ་བས་ངལ་བའི་རྒྱུ་ཁོ་ན་ལས་མ་འདས་སོ།། དེ་ལས་ཐང་བའི་སྣེ་ཚང་དང་། ཐང་བའི་སྣོལ་ཚང་། ཐང་བའི་སྣལ་ཚང་ཞེས་པ་གསུམ་འབྲི་སྟངས་མི་འདྲ་ནའང་། དོན་དུ་སྟོད་འགག་གམ་དཔུང་རྡུམ་ལ་གོ་ཞེས་འགྲེལ་བཤད་ཕྱི་མ་དག་གིས་གསུངས་ཀྱང་དེའི་ལུགས་ལྟར་འགྲེལ་ན་འོས་མིན་དཔྱད་པའི་གནས་ཏེ། ཐང་བ་ཞེས་པ་ནི་དོགས་པ་ཅན་གྱི་ཐ་སྙད་ཅིག་ཡིན་པས་རེ་ཞིག་དེ་ཙམ་བྱ། གོང་དུ་བཤད་པའི་གཏོར་བུ་དང་གཏུར་བུ་གཉིས་ཀ་གཞན་སྡེའི་བསྟན་བཅོས་ཀྱི་ཐ་སྙད་ཅིག་ཡིན་པར་བདེན་ཡང་། མཐར་དེད་ན་ཐ་སྙད་དེ་དག་གི་གོ་དོན་པད་ཁུག་ལས་གཞན་དུ་མེད། གཞན་སྡེའི་འདུལ་གཞུང་དུ་གོས་ཀྱི་ཤུབས་ལ་བཤད་པས་ཀྱང་ཤེས་སོ།།
།
།
ཁུངས་འདྲེན་ཡིག་ཆ།
1འདུལ་བའི་སྐོར། སྟོད་ཆ། ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས་ཅན།
2འདུལ་བའི་སྐོར་སྟོད་ཆ། ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས་ཅན།
3འདུལ་བའི་སྐོར། སྨད་ཆ། ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས་ཅན།
4འདུལ་བའི་སྐོར། སྟོད་ཆ། ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས་ཅན།
5གཏམ་རྒྱུད་གསེར་ཐང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
6དར་རྒྱས་གསལ་སྒྲོན། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་ཅན།
7འདུལ་བའི་སྐོར། སྨད་ཆ། ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས་ཅན།
8རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
བསམ་ཚུལ་ཕྲིས།