༼ལྕགས་དམར་ཐོ་བ།༽

རྩོམ་ཡིག་འདི་ཐེངས། 138009 བཀླགས་འདུག

དབུ་མ་ཆེན་པོ།

༼དབུ་རྫོགས་མཉམ་བསྲེས་ལྟ་བའི་དཔྱད་བརྗོད་འདི།།

ཚིག་གི་སྙན་འཇེབས་ཁུ་བྱུག་དབྱངས་དང་མཚུངས།།

དོན་གྱི་བརྗོད་བྱ་འགལ་འདུའི་ཕུང་པོ་སྤུངས།།

ཚིག་མཛེས་དོན་སྟོང་ནེ་ཙོའི་འགྱུར་ཁུག་འདྲ།།༽


ཇི་ཙམ་སྟོང་གསལ་གཤིས་ལ་མ་ཉེ་ན།།
དེ་ཙམ་ཐེག་པ་དམན་པའི་ལམ་གོལ་ཕྱིར།།
དེས་ན་རྒྱུ་ཐེག་ཆེན་པོ་དབུ་མ་བས།།
སྤྲོས་དང་བྲལ་བའི་བློ་འདས་མཐོང་དང་མཐོང་།།

༼ཚུལ་འདིར་བསམ་ན་ཐེག་ཆེན་ཐེག་དམན་གྱི།།

ཁྱད་པར་འབྱེད་ཚུལ་རྗེ་ཡིས་གསུང་པ་དང་།།

འགལ་བ་ལྟག་སྤྲོད་སོང་བ་རྗེན་གཅེར་གསལ།།

ཅིའི་ཕྱིར་ཞེ་ན་རྗེ་ཡིས་དེ་གཉིས་ཀྱི།།

ཁྱད་པར་གང་ཟག་བདག་མེད་ཙམ་རྟོགས་དང་།།

འཛིན་པ་བོན་གྱི་བདག་མེད་རྟོགས་པ་ལ།།

ཐེག་ཆེན་དང་ནི་ཐེག་དམན་བཞག་པས་ཤེས།།

དཔལ་གྱི་དགོངས་པ་དེ་དང་མཚུངས་པ་སྟེ།།

ཐེག་ཆེན་སྟོང་ཉིད་རྟོགས་པའི་ཤེས་རབ་དང།།

ཐེག་དམན་གང་ཟག་བདག་མེད་ཙམ་དུ་རྟོགས།།

ཞེས་པའི་གདོང་ལྔའི་ངར་དབྱངས་གླིང་འདིར་བསྒྲགས།།

ད་དུང་རྨོངས་ཆེན་དྲ་བའི་ཁུག་ཆེན་དུ།།

འཛུལ་བ་མ་ཚོར་ཨེ་མ་ཡ་མཚན་ཆེ།།

སྔགས་རྫོགས་ལྟ་བ་མ་རྟོགས་ཐེག་དམན་དུ།།

གོལ་བར་འདོད་ན་ཐུགས་རྗེ་སེམས་དཔའ་ཡང་།།

ཐེག་ཆེན་མིན་པར་འདོད་པ་དོན་གྱིས་གྲུབ།།༽


དབུ་ལྟའི་ངོ་བོ་སྟོང་གསལ་ནམ་མཁའི་དབྱིངས། །
སོ་སོའི་གོ་ཚོད་དཀར་ནག་སྤྲིན་པའི་དབྱིབས། །
ལང་ལིང་རྒྱུ་བ་དྭངས་བའི་དུས་ཤིག་ལ། །
བླ་མེད་བློ་འདས་སྤྲོས་བྲལ་ཡང་བྲལ་མངོན། །

༼རྫོགས་ཆེན་ལྟ་བ་དང་ནི་དབུ་ལྟ་གཉིས།།

ཉ་དང་ཉུང་མར་བསྲེས་པའི་ངང་ཚུལ་གསལ།།

ཅིའི་ཕྱིར་ཞེ་ན་བླ་མེད་བློ་འདས་ནི།།

ཐེག་དགུའི་ཡང་རྩེར་ཕྱིན་པའི་ལྟ་བའི་མིང་།།

ཁྱོད་ཀྱིས་དབུ་ལྟར་སྦྱར་བ་རྨོངས་གཏམ་ཡིན།།༽


ཇི་ལྟར་སྤྲོས་བྲལ་ཚུལ་གསུམ་རིགས་པས་བཙལ།།
རྙེད་དོན་གང་ལ་མ་བཅོས་བློ་འདས་བཞག །
འདི་ནི་ཅི་ཡིན་མེད་པའི་ནན་སྒོམ་བས།།
ཁྱད་དུ་འཕགས་པ་བོན་ལུགས་དབུ་མའི་མདངས།། 

༼འདི་ནི་རང་མགོར་ཐོ་བས་བརྡུང་བ་སྟེ།།

དཔལ་གྱི་ཁམས་འགྲེལ་གཙང་ཕྱག་བྱ་འདོད་དམ།།

རིག་པས་བརྟགས་ཤིང་དཔྱད་ན་ཡོད་དང་མེད།།

གང་དུ་མ་རྙེད་སྤྲོས་པ་བྲལ་བའི་དོན།།

བློས་ཀྱང་ཡོད་མེད་གང་དུ་མི་བསམ་པར།།

ཆུ་དང་འོ་མ་འདྲེས་པའི་ཚུལ་ཉིད་དུ།།
བཞག་པར་དཔལ་གྱི་དགོངས་པ་གཤའ་མ་ཡིན།།

དེ་དང་མི་མཐུན་སྨྲ་བ་དབུ་མར་བརླམས།

ཁྲོན་པའི་སྦལ་པས་དཔྱད་པའི་ངང་ཚུལ་འདྲ།།༽

དྲན་པས་བསྐྱངས་བ་ལ་ལྟོས་ཉེར་བཞག་དང་།།
འཛིན་བཞིའི་གཉེན་པོར་བསྔགས་པས་སྤོང་བ་བཞི།།
ཤིན་སྦྱངས་གྲོགས་ཀྱིས་ཟིན་པའི་རྫུ་འཕྲུལ་རྐང་།།
གྲོགས་དང་རྐྱེན་ལ་གཙོར་ལྟོས་ལུགས་འདིའི་ལམ།།


༼འདི་ཡང་དཔལ་གྱི་ཁམས་འགྲེལ་དང་མི་མཐུན།།

ཚོགས་ལམ་ངོ་བོ་མ་ཤེས་བླུན་པོའི་གཏམ།།

རྨེའུ་དཔལ་གྱི་དགོངས་པ་འདི་ལྟར་ཏེ།།

དྲན་པ་ཉེར་བཞག་མཉམ་རྗེས་གཉིས་སུ་དབྱེ།།

མཉམ་བཞག་རང་བཞིན་མེད་པའི་སྟོང་པ་ཉིད།།

རྗེས་ཐོབ་མི་གཙང་སྡུག་བསྔལ་མི་སྟག་སྒོམ།།

ཁྱོད་ཀྱིས་དེ་དང་མི་མཐུན་སྒྲ་བཤད་ཙམ།།

དྲན་པས་སྐྱོང་དང་མི་མཐུན་ཕྱོགས་སྤངས་བ།།

ཤིན་སྦྱངས་གིས་ཟིན་ཙམ་ཞིག་ཚོགས་ཀྱི་ལམ།།

ངོ་བོར་འཇོག་ན་ཡང་རྩེ་བླ་མེད་པར།།

ཁྱོད་ཀྱི་ལུགས་ཀྱི་ཚོགས་ལམ་ཡོད་པར་འགྱུར།།༽

གཤིས་ངོ་མཐོང་བའི་ཡེ་ཤེས་མེ་ཆེན་པོ།།
སྐྱེ་བའི་ལྟས་སུ་དྲོད་སྐྱེས་རྩེ་རྣོན་པོར།།
གང་གིས་བརྫི་བྲལ་བཟོད་ལྡན་འཇིག་རྟེན་པའི།།
ལམ་གྱི་མཆོག་ཏུ་གྱུར་ལ་སྦྱོར་ལམ་བསྔགས།།

༼དྲོད་རྩེ་བཟོད་བོན་རྣམ་བཞི་རེ་རེ་ཡིས།།

དམིགས་པ་ཀུན་རྫོབ་བདེན་པ་ལ་དམིགས་ནས།།

རྣམ་པ་དོན་དམ་རང་བཞིན་མེད་རྟོགས་ཀྱི།།

ཤེས་རབ་གསལ་སྣང་ཐོབ་པའི་མོས་སྤྱོད་དེ།།

རིམ་འཕར་མཐར་ཐུག་མཐོང་བའི་ལམ་ཉིད་ཀྱི།།

དེ་མ་ཐག་རྐྱེན་གྱུར་པ་བོན་མཆོག་ཉིད།།

དཔལ་གྱི་ཁམས་འགྲེལ་ཉིད་ལ་ལྟོས་དང་གསལ།།

དེ་དང་མི་མཐུན་མོས་སྤྱོད་རྣམ་བཞི་ཡི།།

སྒྲ་བཤད་ཙམ་ཞིག་སྦྱོར་ལམ་འཇོག་ཐུབ་ན།།

རྫོགས་ཆེན་ལུགས་ལ་སྦྱོར་ལམ་ཡོད་པར་འགྱུར།།

དེ་ལ་ངང་སྒོམ་འཐོབ་པའི་རྟགས་སུ་ནི།།

དྲོད་སྐྱེས་རྩེ་རྣོ་བཟོད་ལྡན་བོན་གྱི་མཆོག།

ཅེས་པའི་ཆ་མཐུན་ཙམ་ཞིག་ཅིས་མི་འཐད།།

དེ་ལ་ལམ་ལྔར་ཆ་མཐུན་བཞག་དང་མཚུངས།།༽

སྟོང་གསལ་གཤིས་ཀྱི་གནས་ལུགས་ཡིད་འོང་མ། །
ཚོགས་སྦྱོར་སྐབས་ནས་དུམ་རེར་གསལ་ན་ཡང་། །
བཞག་པའི་རྐྱེན་ནི་ཐོས་བསམ་སྒོམ་ལྟོས་པས། །
མངོན་སུམ་མཐོང་བའི་བརྡ་ཆད་དེར་མི་སྦྱོར། །

༼འདི་ནི་གང་དྲན་བྱུང་རྒྱལ་སྨྲས་དང་མཚུངས།།

གནས་ལུགས་མངོན་སུམ་ཝལ་གྱིས་གསལ་བཞིན་དུ།།

མཐོང་བའི་བརྡ་ཆད་མི་སྦྱོར་ཅིའི་ཕྱིར་ཡིན།།

སྔགས་རྫོགས་ལྟར་དུ་ཐུན་སྒོམ་ཟད་པའི་སར།།

ཕྱིན་པའི་ཚོད་ལ་བསླེབས་ཀྱང་ད་དུང་ནི།།

གནས་ལུགས་མ་མཐོང་སྨྲ་བ་སུ་ཡི་སྲོལ།།

གལ་སྲིད་ཐོས་བསམ་སྒོམ་ལ་ལྟོས་སྨྲ་ན།།

སྔགས་རྫོགས་ལ་ཡང་མཚུངས་པས་ཇི་ལྟར་སྨྲ།།

འདི་ལ་དམིགས་བསལ་ཡོད་ན་མ་གཏོགས་པ།།

རིག་པའི་ལམ་ཁ་རུས་སྦལ་སྤུ་དང་མཚུངས།།༽

དམིགས་རྐྱེན་བཏགས་ཙམ་བོན་ཉིད་སྤྲོས་བྲལ་དང་། 
ངོ་བོའི་འགྱུར་རྒྱུ་བྱང་ཆུབ་སེམས་ཉིད་ངང་།།
བདག་པོའི་རྐྱེན་ཙམ་ཕར་ཕྱིན་ཉམས་ལེན་ལས།།
བོན་མཆོག་ཆེན་པོའི་ཐུན་གཞུག་དེའི་ཚོད་ནས།།

༼དཔལ་གྱི་དགོངས་པར་ཐེག་ཆེན་མཐོང་ལམ་ཉིད།།

སྐྱེ་བའི་རྐྱེན་བཞི་གསུང་པའི་དམིགས་རྐྱེན་ནི།།

བཏགས་པ་ཙམ་དུ་བཞེད་པའི་ཤུགས་ལས་སུ།།

གཞན་ནི་རྒྱུ་རྐྱེན་ཡང་དག་བཞེད་བཞིན་དུ།།

ཁྱོད་ཀྱིས་དེ་ལྡོག་སྨྲ་བར་ཅིའི་ཕྱིར་ཡིན།།

ད་དུང་དཔལ་གྱིས་བྱང་ཆུབ་སེམས་བསྐྱེད་ལ།།

འཇིག་རྟེན་ཐོས་བསམ་སྒོམ་པས་གསོས་བཏབ་པ།།

མཐོང་བའི་ལམ་གྱི་རྒྱུ་རྐྱེན་བཞེད་བཞིན་དུ།།

ཁྱོད་ཀྱིས་སེམས་ཉིད་མཐོང་ལམ་རྒྱུ་རྐྱེན་སྨྲས།།

འདི་ནི་བོན་གྱི་སྤྱན་ལྡན་མཉམ་མེད་སོགས།།

གཞུང་ལུགས་རབ་འབྱམས་སྨྲ་བ་ཀུན་དང་འགལ།།༽

མི་རྟོག་སྤྲོས་བྲལ་ནམ་མཁའི་གདེང་ལྟར་མཇལ།།
མཐོང་ལམ་ཐག་ཆོད་ཡིན་པའི་ངེས་པ་རྙེད།།
ཡོན་ཏན་བརྒྱ་ཕྲག་དུ་མ་མངོན་དུ་འཆར།།
སྟོང་ཆར་མཉམ་བཞག་གསལ་ཆ་རྗེས་ལ་ཐོབ།།

༼འདི་བཞིན་རག་བཤད་ཙམ་གྱིས་མཐོང་བའི་ལམ།།

རྫོགས་པ་མ་ཡིན་དེ་ཡི་དམིགས་རྣམ་སོགས།།

ཁམས་འགྲེལ་བཞིན་དུ་གསལ་བར་འཆད་དགོས་པས།།

རྒྱུ་རྐྱེན་བཞི་ལས་སྐྱེས་པའི་མཐོང་ལམ་ནི།།

ངོ་བོ་མི་དམིགས་ཏིང་ངེ་འཛིན་གྲོགས་ནི།།

ཤེས་རབ་མཚུངས་པར་ལྡན་པ་དམིགས་པ་ནི།།

མཐོང་སྤང་ཉོན་མོངས་བྲལ་བའི་བོན་ཉིད་དང་།།

རྣམ་པ་བདག་མེད་མཐའ་དག་རྟོགས་པར་བཞེད།།

ད་དུང་དབུ་མའི་མཐོང་ལམ་སེམས་རྟེན་ལ།།

བསམ་གཏན་ས་དྲུག་གང་རུང་མེད་པ་ན།།

བོན་ཉིད་མཐོང་སུམ་མཐོང་བའི་གོ་སྐབས་བྲལ།།

གལ་སྲིད་དབུ་ལྟ་སྔགས་རྫོགས་དང་གཅིག་ན།།

དེ་འདྲའི་རྒྱུ་རྐྱེན་དམིགས་རྣམ་བཤད་པ་ནི།།

རི་བོང་རྭ་ལ་གཉེར་མ་བགྲངས་དང་མཚུངས།།༽

མཉམ་རྗེས་ཟུང་དུ་འཇུག་པའི་མཐོང་ལམ་སྐྱེས།།
དེའི་ཚེ་སྒྲིབ་པ་ཀུན་བཏགས་རིགས་ཐམས་ཅད།།
ཉི་མ་ཤར་ནས་མུན་པ་བྲོས་པ་བཞིན།།
ཕྱིར་མི་ལྡོག་པའི་ཚུལ་དུ་ཡོངས་སུ་བྲལ།།

༼འདི་ནི་ཚིག་ཏུ་སྙན་ཡང་དོན་གཞིགས་ན།།

དབུ་མ་སྤོང་ལམ་ཡིན་པས་སྒྲིབ་པ་ནི།།

སྤང་ཚུལ་རྗེ་ཡི་ས་ལམ་རང་འགྲེལ་ལྟར།།

སྤང་བྱ་སྒྲིབ་པ་དང༌ནི་གཉེན་པོ་གཉིས།།

དང་པོར་འཚོགས་ཤིང་གཉིས་པར་ནུས་མེད་བྱས།།

གསུམ་པ་སྤང་བྱའི་རྒྱུན་ཉིད་ལྡོག་པ་དང༌།།

གཉེན་པོ་རྒྱུད་ལ་སྐྱེས་པ་དུས་མཉམ་ལྟར།།

སྟོང་པས་སྟོང་པ་མཇལ་བའི་ཚུལ་འདི་ལ།།

སྤང་གཉེན་འཇོག་པའི་ལུགས་སྲོལ་མི་སྲིད་པས།།

དབུ་ལྟ་སྔགས་རྫོགས་ལྟ་བར་སྦྱར་བ་ནི།།

རྡོ་ཆག་བཙན་བསྒྲིགས་ལྟ་བུ་མ་ཡིན་ནམ།།༽


མངོན་དུ་མཐོང་ཡང་གོམས་པའི་ཆར་ལྟོས་ནས།།
སྒོམ་པའི་ལམ་གྱི་ཐ་སྙད་སྦྱར་བ་ལས།།
སྐྱེ་འགག་ཅན་གྱི་བློ་རིག་སྔ་ཕྱི་ལ།།
གོམས་མཐའ་ཐུག་པའི་བཞེད་པ་འདིར་མི་སྲིད།།

༼འདི་ནི་ལུང་དང་རིགས་འགལ་གཉིས་ཀ་སྟེ།།

དང་པོ་དཔལ་གྱི་ཁམས་འགྲེལ་དེ་ཉིད་དུ།།

ས་གཉིས་ནས་ནི་བཅུ་པའི་བར་དག་དུ།།

གོམ་པར་བྱེད་པ་སྒོམ་ལམ་མཉམ་རྗེས་དང།།

ངོ་བོ་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ།།

སེམས་ནི་དམིགས་པ་ཇི་ལྟར་འདོད་བཞིན་འཇོག།

གཉིས་སྣང་མེད་པའི་མཉམ་བཞག་བློ་ཞེས་བཞེད།།

བོན་གྱི་སྤྱན་ལྡན་མཉམ་མེད་ཆེན་པོས་ཀྱང་།།

བློ་རིག་རྫས་ལ་ཚད་མ་རིགས་ལ་ནི།།

བཅད་ཤེས་སྣང་ལ་མ་ངེས་གསུང་དང་འགལ།།

གཉིས་པ་རིགས་པར་ཚོགས་ནས་རྒྱུན་མཐའི་བར།།

རང་བཞིན་མེད་པར་སྒོམ་པའི་ཤེས་རབ་ཉིད།།

གོམས་པ་གོང་ནས་གོང་དུ་འཕར་བ་ན།།

ལམ་ལྔ་ས་བཅུའི་རྣམ་བཞག་འཇོག་པར་འགལ།།

གལ་སྲིད་སྟོང་པ་རང་གསལ་ཉིད་འདོད་ན།།

དེ་སྟེང་ལམ་ལྔ་འཇོག་པར་གཏན་མི་སྲིད།།

སྔགས་དང་མཚུངས་པར་སྨྲ་བ་མི་འདྲ་སྟེ།།

སྔགས་ལམ་དེ་བཞིན་ཉིད་ལ་མི་འཇོག་པར།།

སྟོང་ཉིད་སྙིང་རྗེ་འབྲེལ་བའི་ལྷ་ཡི་སྐུ།།

སྒོམ་པའི་རྣལ་འབྱོར་སྟེང་དུ་འཇོག་པར་བཞེད།།

དེར་བརྟེན་ཁྱོད་ཀྱིས་དབུ་མའི་ལམ་ལྔ་ནི།།

གད་སྙིགས་བཞིན་དུ་རྡུལ་ཁྲོད་དོར་རམ་ཅི།།༽

ཕར་ཕྱིན་བཅུ་ལས་བསམ་གཏན་ཤེས་རབ་གཉིས།།
གནས་ལུགས་ངང་གི་གསལ་སྟོང་ཆ་ཙམ་ལས།།
གཞན་རྣམས་ཞོར་དུ་བློ་ཡིས་རྩལ་འདོན་ནས།།
བསྒོམ་པའི་ཕྱིར་ན་ལྷུན་གྲུབ་འདིར་མི་འདོད།།

༼འདི་ནི་ཡ་མཚན་ཆེ་བའི་བཤད་པ་སྟེ།།

བསམ་གཏན་ཏིང་འཛིན་རྩེ་གཅིག་གནསཔའི་ཆ།།

ཤེས་རབ་སྟོང་ཉིད་རྟོགས་པའི་ཤེས་རབ་ཉིད།།

ཡོངས་གྲགས་མཁས་པའི་བཞེད་སྟངས་འདི་ལྟར་གསལ།།

དེ་དང་མི་མཐུན་གནས་ལུགས་གསལ་སྟོང་ཆར།།

ཟེར་བ་བཞད་གད་སློང་བའི་རྒྱུ་ལས་ཅི།།

རྩལ་འདོན་ཆེད་དུ་ཕར་ཕྱིན་ཉམས་ལེན་ལ།།

འབད་པས་ལྷུན་གྲུབ་མི་འདོད་པ་ཡིན་ན།།

རྫོགས་ཆེན་དེར་འགྱུར་བློ་གྲོས་གསལ་བས་ཤེས།།

གཞུང་ཆེན་རྣམས་ལ་ལྟ་བའི་སྤྱན་ཡོད་ན།།

བསམ་གཏན་ཤེས་རབ་བླ་མེད་མི་འདྲ་ཙམ།།

དེ་མིན་ཕར་ཕྱིན་མདོ་སྔགས་རྫོགས་གསུམ་གྱི།།

ཐུན་མོང་ཉམས་ལེན་ཀུན་གྱིས་བཞེད་པ་ཡིན།།

དེ་ལ་ལྷུན་གྲུབ་རྟོགས་དང་མ་རྟོགས་མེད།།

བཤད་ཡམ་འདི་འདྲ་གང་དྲན་སྨྲས་དང་མཚུངས།།༽

བསྒོམ་པའི་མཐར་ཐུག་སླར་མི་ལྡང་པའི་ཚུལ།།
རིག་པའི་དྱལ་པོ་རང་དབང་མངོན་གྱུར་ལ།།
རྫོགས་སངས་རྒྱས་ཞེས་མདོ་སྔགས་ཀུན་ནས་གསོལ།།
གཞན་སྣང་སྐུ་དང་བཀོད་པ་ཟད་མེད་མཚུངས།།

༼གལ་སྲིད་མདོ་སྔགས་རྫོགས་གསུམ་ཀུན་གྱིས་ནི།།

མཐར་ཐུག་འབྲས་བུ་སྟོང་པ་རང་གསལ་ཀློང།།

སླར་མི་ལྡང་བའི་ཚུལ་དུ་མཉམ་བཞག་ན།།

མདོ་ཡིས་ལྟ་བ་དམན་པ་ཅིའི་ཕྱིར་ཡིན།།

ལྟ་བར་རྨོངས་པའི་གཏི་མུག་ཡོད་བཞིན་དུ།།

རྫོགས་སངས་རྒྱས་པའི་རྣམ་ཐར་ངོ་མཚར་ཆེ།།

གཡུང་དྲུང་གསང་རྒྱུད་གཟིགས་པའི་སྤྱན་ཡོད་ན།།

མདོ་སྔགས་ལྟ་སྒོམ་སྤྱོད་པ་ཁྱད་ཆེ་བས།།

དེ་བཞིན་འབྲས་བུའི་ཁྱད་པར་གནས་ས་ཙམ།

ལྷང་ངེར་གསལ་བས་འདི་ལྟར་སྨྲ་བ་ནི།།

གསང་སྔགས་གཞུང་དོན་རྨོངས་པའི་རྟགས་སུ་གྲུབ།།༽

ཚུལ་འདི་འཆད་ལ་རང་གཞུང་མདོ་འབུམ་གཞུང་།།
དད་འདུན་གཟིགས་སྤྱན་ཡངས་ན་ཆོག་པ་ལས།།
ཁྱིམ་མཚེས་ཚིག་གི་གླུ་དབྱངས་ལ་སྒུག་ནས།།
སངས་རྒྱས་ལག་འཆང་བོར་ན་ཅིས་མི་ཕོངས།།

༼ཁྱིམ་མཚེས་ཚིག་གི་གླུ་དབྱངས་སྒུག་པའི་ཚུལ།།

བཤད་ན་བྲག་ཆའི་ཨ་ལན་ལྟ་བུ་ལས།།

རང་གཞན་སུ་ལའང་གཙང་མ་གཙང་རྐྱང་ཞིག།།

མིག་བརྒྱ་བགྲད་ཀྱང་མཐོང་བ་ཤིན་ཏུ་དཀའ།།

དེའི་ཚུལ་མ་བཤད་བཏང་སྙོམས་བཞག་ན་ལེགས།།

མདོ་འབུམ་གཞུང་ལ་རྣམ་དཔྱོད་མཁའ་ལྟར་ཡངས།།

བདེན་གཉིས་ཟབ་མོའི་ལམ་རིམ་འགྲེལ་མཁས་པ།།

དཔལ་དང་མེ་ཡི་དགོངས་བཞེད་གཤའ་མ་དེ།།

དོན་དམ་ཀུན་རྫོབ་དབྱེ་བའི་དོན་ཉིད་ནི།།

རྟོགས་དང་མ་རྟོགས་བློ་ལ་ལྟོས་པའི་ཚུལ།།

སེང་གེའི་སྒྲ་ཡིས་ཝ་སྐྱེས་ཀླད་པ་འགེམས།།

ཁྱོད་ཀྱིས་དབུ་ལྟ་བློ་འདས་མོལ་བ་དེ།།

དཔལ་དང་མེ་ཡི་གསུང་དང་རྒྱབ་འགལ་ངེས།།

ད་དུང་རྗེ་ཡིས་བློ་འདས་ཡིན་གྱུར་ན།།

རྟོགས་མི་སྲིད་སོགས་ཐལ་བ་མང་དུ་འཕངས།།

བློ་འདས་བཤད་པའི་ལུང་གི་དགོངས་དོན་ནི།།

རྟོག་པའི་དངོས་ཡུལ་མིན་པའི་ཚུལ་འགྲེལ་བས།།

འདི་ནི་འབུམ་ཏིག་ལུང་གི་དགོངས་དོན་ཏེ།།

འགྲོ་མགོན་བླ་མས་མིག་ཕྱེས་ལྟ་བུར་གསུངས།།

འདི་དང་མི་མཐུན་བློ་འདས་སྨྲ་བ་ནི།།

མདོ་སྔགས་ལྟ་བ་མཉམ་བསྲེས་བྱས་པར་གསལ།།

ད་དུང་སྟོན་པ་དམུ་རྒྱལ་སྲས་པོ་དང་།།

རིག་འཛིན་ཆེན་པོ་ལི་ཤུ་སྟག་རིང་ཟུང།།

མགྲིན་གཅིག་ཏུ་ནི་དབུ་མའི་ལྟ་བ་ནི།

ཟབ་མོ་གཏམ་གྱི་དོན་དམ་བདེན་པ་ལ།།

རང་གསལ་མེད་པར་སྟག་མོའི་ངར་སྐད་བསྒྲགས།།

དེ་ཕྱིར་འདི་ལ་ཟད་ཤོར་ཕྱལ་ཆད་སྐྱོན།།

རྣམ་པར་གོས་པར་ཀུན་ཏུ་བཟང་པོས་གསུངས།།༽

ཞེས་དབུ་ལྟ་བློ་འདས་སྨྲ་བའི་དབང་པོ་རྣམ་པས་སྙན་རྒྱུད་བཞིན་ཡིག་ཐོག་ལ་འགོད་པ་པོ་ཁྱུང་པོའི་ཕོ་ཉ་ནས།། ཧ་ཧ་ཧ་་  

༼ཞེས་པ་འདི་ནི་བློ་འདས་སྨྲ་བ་ཚོས།།

ཁྱུང་པོའི་ཕོ་ཉར་སྙན་དུ་བརྒྱུད་པའི་དོན།།

ཁོང་གིས་ཡིག་རིས་སུ་བཀོད་དེ་ལ་ནི།།

ལུང་རིགས་བརྒལ་བརྟག་ཅུང་ཙམ་བགྱིད་པ་པོ།།

གངས་རིའི་སེང་ཆེན་མིང་འཛིན་པ་དེེའོ།། ༢༠༢༢-༩-༢༢༽

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *