འཕྲུལ་སྒྲོན་རྣམ་ལྔའི་གཞུང་ནས་༧རྗེ་མཉམ་མེད་པ་མཇལ་བ།

རྩོམ་ཡིག་འདི་ཐེངས། 273204 བཀླགས་འདུག

སྐུ༵་བརྗིད་སྨྲ་སེང་རྣམ་རོལ་སྤྱན་གཅིག་པ་ཆེན་པོ།།

གསུ༵ང་ཟབ་སྒོ་མཛོད་བོན་སྟོན་འཕྲུལ་སྒྲོན་ལྔའི་བདག་པོ།།

ཐུ༵གས་ཡངས་གྲུབ་མཐའི་ཞེན་གྲོལ་ཕྱོགས་མེད་ཀྱི་སྐྱེས་ཆེན།།

ཕྱི་ནང་གསང་བའི་བོན་སྒོའི་རྒྱུད་གསུམ་གྱི་མདོ་འཛིན།།

འཁྲུལ་མེད་རིང་ལུགས་བསྐྱངས་པའི་རྒྱལ་བ་དེ་གཉིས་པ།།

ཞྭ་དཀར་བོན་གྱི་གཙུག་རྒྱན་མཉམ་མེད་པ་མཁྱེན་ནོ།།

རང་ལྟར་མི་ཆགས་གཞན་ལྟར་མི་སྡང་བའི་སྒོ་ནས།།

གྲུབ་མཐའི་རྣམ་བཞག་འཆད་པ་ཤེས་རབ་ཀྱི་རྒྱུ་དང་།།

རིས་མེད་དག་སྣང་སྦྱང་བའི་ཁྱད་པར་གྱི་ཐབས་ཞེས།།

ལེགས་བཤད་གསེར་ཞུན་འདྲ་བའི་ཞལ་གདམས་དེའི་ནང་ནས།།

དག་སྣང་ཕྱོགས་མེད་མཛད་པའི་སྐྱེས་བུ་ཞིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

རིགས་གཅིག་ལས་ཀྱང་མི་ཤེས་དེ་ཉིད་དང་མཐུན་པ།།

བྱུང་ན་བསྟོད་པ་བྱེད་ཅིང་མ་མཐུན་པ་བྱུང་ན།།

སྨད་ར་བྱེད་པ་འདུག་དག་བླུན་གྲལ་དུ་བཞུགས་ཞེས།།

བདེན་དོན་རི་བོ་ལྟ་བུའི་ཁ་དན་དེའི་ནང་ནས།།

མཁས་པའི་སྒམ་ཚུགས་ཅན་གྱི་སྐྱེས་མཆོག་ཅིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

རྟོག་གེའི་རིག་པ་འདི་ལ་སངས་རྒྱས་པ་ཀུན་མཐུན།།

ཟེར་བ་ཁ་ཅིག་བདེན་ན་ཐོས་པ་དེ་མང་པོ།།

བྱེད་དང་ཐེག་དགུར་བཤད་པའང་དགོས་མེད་དུ་འགྱུར་ཞེས།།

རིགས་པའི་གཏན་ཚིགས་ཅན་གྱི་ཐལ་ངག་དེའི་ནང་ནས།།

ཐོས་རྒྱ་ཀུན་ལ་བསྐྱེད་པའི་རིགས་སྨྲ་ཞིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

རྣམ་བཞག་ཕྲན་ཚེགས་མ་མཐུན་ནོར་ཙམ་རེ་བྱུང་ལ།།

དམྱལ་བར་འགྲོ་ཞེས་སྨྲ་རུང་བདག་གིས་ནི་འདི་རུ།།

ལུང་རིགས་སྨྲ་བ་ཙམ་ལ་ཡི་རངས་སུ་བགྱི་ཞེས།།

མདོ་དོན་གྲུ་གུ་བསྒྲིལ་འདྲའི་སྡོམ་ཚིག་དེའི་ནང་ནས།།

གཞུང་ལུགས་རིགས་པ་སྨྲ་བའི་མཁས་མཆོག་ཅིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

རྗེས་སུ་འགྲོ་ལྡོག་བར་གྱི་ཁྱད་པར་ཡང་མི་ཤེས།།

གྲུབ་མཐར་རྩོད་ཅེས་ལུང་སྟོང་ཀུ་ཅོ་ཡིས་བཀང་བ།།

ངོ་མཚར་ཆེ་ཡང་རྨོངས་པར་དགའ་བསྐྱེད་དུ་མཐོང་ཞེས།།

ཞལ་མཚར་ཟོལ་ལས་གོ་རྒྱུའི་གདམས་ཚིག་དེའི་ནང་ནས།།

དཔྱད་པ་གནད་ཐོག་དབབ་པའི་མཁས་མཆོག་ཅིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

ཁྱད་པར་རིགས་ཀྱི་སྤྱི་དང་ཚོགས་སྤྱི་ཡི་ཁྱད་པར།།

ཤན་མ་ཕྱེད་ནས་ཟབ་མོའི་ལུང་དོན་ལ་འགྲེལ་ཚེ།།

ནོར་ས་ཤིན་ཏུ་ཆེ་བས་ལེགས་པར་དུ་སོམས་ཞེས།།

རྣམ་འབྱེད་ལྡེ་མིག་ལྟ་བུའི་མན་ངག་དེའི་ནང་ནས།།

གཞུང་སྐབས་སྤྱི་གསལ་བྱེད་པའི་ཐོས་ལྡན་ཞིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

རང་གི་རིག་པས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན།།

རང་སྟོབས་མི་ཁྲོལ་ལུང་ལ་རེ་བ་ཡི་འགྲེལ་བྱེད།།

ཀུན་ནི་སྤྲེའུས་མི་ལད་བྱེད་པ་དང་འདྲ་ཞེས།།

ཞལ་གསུང་བདུད་རྩི་འདྲ་བའི་དྲང་གཏམ་དེའི་ནང་ནས།།

ལུང་རིགས་ཟུང་འབྲེལ་སྨྲ་བའི་བློ་ལྡན་ཞིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

རྒྱལ་བའི་གསུང་ནང་བདག་ཡོད་བདག་མེད་གཉིས་སྨྲ་བར།།

དགོས་དོན་ཡོད་བཞིན་གཞན་ལའང་དགོས་དོན་དེ་ཡོད་པས།།

མཁས་པའི་རིག་པར་དཔྱད་འོས་སྨོད་པ་ནི་བླུན་ཞེས།།

བསླབ་བྱ་དྲི་ཆབ་གཏོར་འདྲའི་གདམས་པ་དེའི་ནང་ནས།།

མཁས་ཤིང་བཙུན་པའི་ཚུལ་ཅན་སྐྱེས་ཆེན་ཞིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

བདག་གིས་སྤྱི་གསལ་རྣམ་བཞག་གངས་ཅན་དུ་སྨྲ་བའི།།

རང་གཞན་མཁས་པའི་ལུགས་བཀོད་འདི་ཕྱོགས་གར་ཁྱེར་ཡང་།།

སྨྲ་ལུགས་བདེ་ཞིང་དག་སྣང་ཕྱོགས་མེད་དུ་འགྲོ་ཞེས།།

ཉམས་མྱོང་ཚིག་ལ་བྲན་པའི་བདེན་གཏམ་དེའི་ནང་ནས།།

རིག་པ་མི་ཀྱོག་ཀུན་མཐུན་མཛད་མཁན་ཞིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

འདི་ནི་རྟོག་གེའི་རིགས་པ་མཁྱེན་མཁན་གྱི་བཞེད་དོན།

བཀོད་ལ་མཁས་རློམ་ཤིན་ཏུ་མི་འདོད་པར་མོད་ཀྱང་།།

དེ་ནི་རང་སྐྱོན་ཡིན་གྱི་གཞན་དག་ནི་མིན་ཞེས།།

ཐ་ཚིག་ཐོག་རྡོ་འཕང་འདྲའི་བཀའ་ཆབ་དེའི་ནང་ནས།།

རིགས་པ་ཚད་མར་སྨྲ་བའི་སྐྱེ་བུ་ཞིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

རྩོད་པ་ཁྱད་པར་ཅན་གྱིས་མ་ཟིན་པའི་གོ་བར།།

ཡང་དག་དོན་སྤྱི་འཆར་དཀའ་ལོང་བ་ལ་རྫས་འདྲ།།

དེས་ན་རྩོད་པར་དགོས་པ་ཁྱད་པར་ཅན་ཡོད་ཅེས།།

ཕ་ཡིས་བུ་ལ་གདམས་འདྲའི་ཞལ་མཆིད་དེའི་ནང་ནས།།

གཞུང་གནད་རྩོད་པས་འབྱེད་པའི་སྨྲ་དབང་ཞིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

འཆད་རྩོད་ལྷུར་ལེན་བོན་དང་དེར་སྤྱོད་ལ་རྨོངས་བློས།།

འབྲས་བུ་མེད་ཅེས་སྨད་དག་ཚེ་འདི་རུ་བླུན་ཅིང་།།

ཕྱི་མར་སྦྱང་དགོས་རིགས་ཡིན་བརྩེའི་སྤྱན་གྱིས་གཟིགས་ཞེས།།

སྐྱབས་འབོད་མིག་ཆུ་ལྟ་བུའི་གདུང་ཚིག་དེའི་ནང་ནས།།

བྱམས་སེམས་ཞི་བའི་ཐུགས་མངའ་རྒྱལ་སྲས་ཤིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

དགག་སྒྲུབ་གཉིས་ཀྱི་ཚུལ་ལ་མཁས་པ་ཡི་སྐྱེས་བུ།།

དེ་ནི་བསྟོད་པར་འོས་ཏེ་བདེ་ཆེན་གྱི་ལམ་སྟོན།།

སངས་རྒྱས་བསྟན་པ་འདི་ནི་དེ་ཉིད་ཀྱིས་འཛིན་ཞེས།།

ཕྱི་རབས་བུ་ལ་གདམ་པའི་སྙིང་གཏམ་དེའི་ནང་ནས།།

རྒྱལ་བསྟན་རིགས་པས་འཛིན་པའི་དམ་པ་ཞིག་མཇལ་འོང་།།

ཚད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

གང་དག་རྩོད་དང་རྩོད་སྤོང་ཇི་སྙེད་ཅིག་འབྱུང་བ།།

བློ་རིག་མཐུན་དང་མི་མཐུན་ཁྱད་པར་ཙམ་ཡིན་ཞིང་།།

མཁས་རྣམས་མི་མཐུན་བདེན་དོན་ཀུན་ཀ་ལ་ཡོད་ཅེས།།

བདེན་ཚིག་ཕ་ལམ་ལྟ་བུའི་བཀའ་མཆིད་དེའི་ནང་ནས།།

རིག་པ་ཕྱོགས་མེད་སྨྲ་བའི་དཔྱོད་ལྡན་ཞིག་མཇལ་འོང་།།

ལམ་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

འབྲུག་ཅེས་དགུན་ཉལ་དབྱར་ལང་བར་སྣང་ལ་འཕྱོ་བའི།།

སྲོག་ཆགས་ཤིག་ཏུ་ཡོད་པ་ལྷ་འགྲེལ་ལས་གསུངས་ལ།།

གློག་འོད་འབྲུག་སྒྲ་ཚ་གྲང་འཐབ་པ་ལས་བྱུང་ཞེས།།

སྔོན་དཔོག་རིག་པའི་ལེགས་བཤད་གསར་པ་དེའི་ནང་ནས།།

ཆོས་ལུགས་ནང་གི་དངོས་ཁམས་སྨྲ་མཁན་ཞིག་མཇལ་འོང་།།

མཛོད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

སྔོན་བསགས་སྐལ་ལྡན་འདིར་དགོངས་རང་དབང་དེ་ཡོད་དུས།།

གཏན་བདེ་སྒྲུབ་ཕྱིར་མཁས་བསྟེན་ལྷ་བླ་མར་འདུན་ཞིང་།།

ངེས་བློས་སྡིག་སྤོང་དགེ་སྒྲུབ་བདེ་གནས་སུ་ངེས་ཞེས།།

དགོངས་ཉམས་ཚིག་ལ་བབ་པའི་ཟབ་གདམས་དེའི་ནང་ནས།།

ཉམས་རྟོགས་ཁོང་དུ་སྨིན་པའི་དགེ་བྱེད་ཅིག་མཇལ་འོང་།།

མཛོད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

ཐོས་པའི་སོ་འཛུག་བྱས་ན་སྒྲོ་འདོག་གི་གཡུལ་རྒྱལ།།

བསམ་གཞིག་སྒྲོན་མེ་གསལ་ན་མཛོད་ཕུག་གི་དོན་མཐོང་།།

ཐོས་བསམ་དོན་ལ་བསྒོམ་ན་ནོར་མཆོག་དེ་ཐོབ་ཅེས།།

མདོ་དོན་ཚིག་ལ་བསྡུས་པའི་ཟབ་གསུང་དེའི་ནང་ནས།།

ཐོས་བསམ་རྟོགས་པ་རྒྱས་པའི་རྟོགས་ལྡན་ཞིག་མཇལ་འོང་།།

མཛོད་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

བོན་ལ་ངག་འཁྱལ་ཁྱི་ཐོང་ཟུག་ཆོམ་ལྟར་སྨྲ་རྣམས།།

བྱུང་ཁུངས་ཚད་སྨྲ་བདག་མདུན་རྩོད་ནུས་སམ་མི་ནུས།།

མི་ནུས་བླུན་པོར་མགོ་སྐོར་ཉེས་དམིགས་ལ་སོམས་ཞེས།།

བརྒལ་ཚིག་བྲག་ལ་ཐོག་འདྲའི་གཤེན་སྐད་དེའི་ནང་ནས།།

བདེན་པའི་རྩོད་སྤོབས་རྒྱས་པའི་རིག་སྨྲ་ཞིག་མཇལ་འོང་།།

འདུལ་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

བོན་པོས་བོན་ལ་མི་སྤྱོད་སྨད་པ་རུ་འོས་ཏེ།།

དེ་ལ་གཤེ་བསྐུར་མི་འགལ་མདོ་ལུང་ནས་གསུངས་སོ།།

དེས་ན་ལོག་རྟོག་ཚོམ་སྤོང་བོན་བསྟན་ལ་སྤྱོད་ཅེས།།

ཕ་ངག་བུ་ལ་གདམ་འདྲའི་ཞལ་གསུང་དེའི་ནང་ནས།།

རང་ཅག་བསྟན་ལ་དྲིན་ཆེའི་ཡབ་ཆེན་ཞིག་མཇལ་འོང་།།

འདུལ་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

བོན་གྱི་གྲུབ་མཐའི་ལུགས་ལ་ཐམས་ཅད་མཁྱེན་ཡོད་དེ།།

མཛོད་ལས་ཀུན་གསལ་དོན་རྟོགས་མཚན་ཉིད་འཛིན་ཞེས་དང་།།

འབུམ་ལས་རྣམ་པ་ཐམས་ཅད་ཅིར་ཡང་མཁྱེན་གསུངས་ཞེས།།

ངོ་སྤྲོད་མེ་ལོང་ལྟ་བུའི་གསུང་མཆོག་དེའི་ནང་ནས།།

གྱེར་བསྟན་གསལ་བར་བྱེད་པའི་རྒྱལ་སྲས་ཤིག་མཇལ་འོང་།།

འདུལ་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

ཁྱེད་རྣམས་འདིར་སྣང་རྒྱབ་དོར་བསྟན་འགྲོ་ལ་ཕན་ཕྱིར།།

དཀའ་བ་དང་ལོངས་དེ་ལྟའི་འདུལ་འཛིན་གང་སྲས་ཡིན།།

དད་མོས་བྱ་རྒྱུ་ཐུགས་ལ་ཞེན་པ་རུ་མཛོད་ཅེས།།

ཞལ་གདམ་གསེར་ཞུན་ལྟ་བུའི་ལམ་སྟོན་དེའི་ནང་ནས།།

བསླབ་ཁྲིམས་ཐུགས་དམ་མཛད་པའི་དྲང་སྲོང་ཞིག་མཇལ་འོང་།།

འདུལ་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

འདུལ་བ་མི་མཐུན་གཅིག་གིས་གཅིག་འགོག་པར་མི་ནུས།།

རང་རང་བཞིན་སྤྱད་ལམ་ཡིན་གདོན་མི་ཟ་ལ་ཕན་ཚུན།།

མི་མཐུན་ལུང་འདྲེན་ལྷམ་དཔེ་ཞྭ་བཀབ་དང་འདྲ་ཞེས།།

བསླབ་བྱ་སྒྲོན་མེ་ལྟ་བུའི་གདམ་ངག་དེའི་ནང་ནས།།

འདུལ་བ་ལུགས་བཞིན་མཛད་པའི་བཙུན་པ་ཞིག་མཇལ་འོང་།།

འདུལ་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

གཞན་སྡེའི་ལུང་འདྲེན་རང་ལ་མཐུན་མིན་ཤན་མི་འབྱེད།།

ར་མདའ་བཟློག་པའི་འགྲེལ་བྱེད་མང་པོ་ཞིག་མཐོང་སྟེ།།

ཁོ་བོས་རང་ལུགས་མ་ནོར་གཙོར་ཆེ་ཞེས་སྨྲ་ཞེས།།

སླད་མེད་མུ་ཏིག་འདྲ་བའི་བོན་དབྱངས་དེའི་ནང་ནས།།

རང་ལུགས་འཁྲུལ་མེད་འཛིན་པའི་སྐྱེས་ཆེན་ཞིག་མཇལ་འོང་།།

འདུལ་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

གཞུང་འདི་སོགས་སུ་མ་གསལ་སྐབས་དོན་གྱི་ཚུལ་དག།

ཇི་ལྟར་བྱ་འམ་ཞེ་ན་གཞུང་སོགས་ལས་གསུངས་པའི།།

རྗེས་སུ་མཐུན་པར་བརྟགས་ཏེ་གནང་བཀག་དེ་བྱོས་ཞེས།།

མུན་ཁྲོད་འོད་སྣང་བསྟན་འདྲའི་ལམ་སྟོན་དེའི་ནང་ནས།།

བསླབ་གསུམ་རྒྱུད་ལ་སྨིན་པའི་འདུལ་འཛིན་ཞིག་མཇལ་འོང་།།

འདུལ་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

མཚན་ལྡན་བླ་མ་ཐབས་ཐུགས་ཐམས་ཅད་མཁྱེན་ཁྱད་ལྡན།།

དེ་ལ་སངས་རྒྱས་སུ་བལྟ་དཔོན་གསས་ཉིད་བསྟེན་ལ།།

གང་མཁས་དེ་ཉིད་དེ་དང་དབྱེར་མེད་དུ་འགྱུར་ཞེས།།

ལམ་སྟོན་སྒྲོན་མེ་འདྲ་བའི་གདམས་ངག་དེའི་ནང་ནས།།

རྒྱུད་གསུམ་གདམས་པའི་མདོ་འཛིན་གཤེན་ཆེན་ཞིག་མཇལ་འོང་།།

གསང་འགྲེལ་འཕྲུལ་སྒྲོན་ནང་གི་མཉམ་མེད་པ་མཁྱེན་ནོ།།

རྗེ་ཁྱེད་འཁྲུངས་ནས་མི་ལོ་དྲུག་རྒྱ་དང་རེ་དྲུག།

ཧྲིལ་པོར་འདས་ཀྱང་ཟབ་གསུང་ལེགས་བཤད་དང་ཞལ་གདམས།།

ད་དུང་སྐར་ཆེན་འཚེར་བཞིན་འོད་ལྷམ་མེར་བཞུགས་པ།།

སྐལ་ལྡན་སེམས་མུན་སེལ་བའི་སྒྲོན་ཆེན་དུ་གྱུར་ཞིང་།།

ཕྱི་རབས་གསུང་གི་བྱིན་རླབས་བསྐལ་མཐའི་བར་འབྱོན་ནས།།

ཁྱེད་ཀྱི་འགྲོ་དོན་ཆུ་རྒྱུན་སྲིད་མཐའི་བར་རིང་ཤོག།

ཞེས་ནམ་རྒྱུན་༧རྗེ་མཉམ་མེད་ཆེན་པོའི་གསུང་གི་ནང་ནས་ལེགས་བཤད་ཀྱི་ཚིག་ཚོམ་དུ་མར་བཞུགས་པར་མཇལ་བཞིན་པ་དག་ལ་སེམས་ཀྱི་གཏིང་ནས་དུང་ཚོར་ཚད་མེད་ཅིག་ཡོང་བཞིན་ཡོད་ཅིང་། ཞལ་གདམ་འདི་དག་གི་ཁྲོད་ནས་རྗེ་རིན་པོ་ཆེས་ཕྱི་ནང་གསང་གསུམ་གྱི་མཛད་པ་སྐྱོང་ཚུལ་དང་ཐུགས་དམ་ཉམས་བཞེས་ཇི་ལྟར་གནང་ཕྱོགས་རྣམས་ཡིད་ངོར་ཁྲ་ལམ་མེ་རུ་དངོས་ཞལ་མཇལ་ནས་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་རྙེད་ཐུབ་པས་འདི་ནི་རྗེ་ཡི་གསུང་ལ་རྒྱུས་མངའ་ཡོད་པ་ཚང་མས་རྗེ་མཉམ་མེད་ཆེན་པོ་རྗེས་སུ་དྲན་སྟངས་ཤིག་ཡིན་ངེས། ད་ལན་༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་༽དང་། ༼རྒྱལ་གཤེན་བོན་སྒྲ་༽མཉམ་འབྲེལ་གྱིས་༧རྗེ་མཉམ་མེད་ཆེན་པོ་སྐུ་འཁྲུངས་ནས་མི་ལོ་༦༦༦འཁོར་བའི་དུས་ཆེན་ཁྱད་པར་ཅན་འདི་ཉིད་བསྲུང་བརྩིའི་རྗེས་དྲན་ཆེད་དུ་བྱེད་སྒོའི་རིམ་པ་རྒྱ་ཆེ་ལ་འཐུས་སྒོ་ཚང་བར་གྲ་སྒྲིག་གནང་བཞིན་འདུག་པར་ཕྲན་ནས་བླ་ན་མེད་པའི་དགའ་ཚོར་ཆེན་པོས་ཡི་རངས་བྱུང་བ་དང་། བྱེད་སྒོའི་ཆ་ཤས་སུ་རྗེས་དྲན་རྩོམ་ཡིག་ཅིག་ཀྱང་བསྡུ་རྒྱུའི་བརྡ་ཁྱབ་དྲ་བར་སྤེལ་བ་མཐོང་མ་ཐག་རང་ངོས་ནས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་རྗེས་དྲན་རྩོམ་ཡིག་ཅིག་ངེས་པར་དུ་འབྲི་ཐུབ་རྒྱུའི་འདུན་པ་ལྷོད་མེད་དུ་བཅངས་ཏེ། དམིགས་བསལ་རྗེ་རིན་པོ་ཆེའི་གསུང་རྩོམ་གཞུང་ལུགས་ཀྱི་གཙོ་བོ་འཕྲུལ་སྒྲོན་རྣམ་ལྔ་རུ་གྲགས་པ་རྣམས་དངོས་སུ་ཞལ་ཕྱེས་ཏེ་དཔེ་ཀློག་ཞུ་བཞིན་དུ་རྗེ་ཡི་གསུང་གི་སྙིང་པོ་ལེགས་བཤད་དོན་རྡོག་ཅན་རྣམས་རྩལ་དུ་འདོན་གང་ཐུབ་ཀྱིས་ཚིགས་བཅད་དུ་བྲིས་པ་འདི་ཉིད་ཀྱང་ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་དེ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཡན་ལག་དང་། ཐུགས་དགོངས་ཅུང་ཟད་རྫོགས་པའི་མཆོད་སྤྲིན། སྨྲ་སེང་གསུང་བྱིན་སྩོལ་བའི་སྣོད་རུང་དུ་འགྱུར་རེ་དང་བཅས། ཡུལ་བལ་པོ་སྤྲིན་གྱི་ལྡིང་ཁང་། གནས་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ། རི་བོ་གླང་རི་ལུང་བསྟན་གྱི་འགྱིང་ཞོལ། གདན་ས་ཁྲི་བརྟན་ནོར་བུའི་རྩེ་མོའི། རང་ཤག་སྒེའུ་འགྲམ་གྱི་རླུང་ཁ་ནས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་ཚུལ་ཁྲིམས་དྲི་མེད་དུ་འབོད་པ་དེས། ཕྱི་ལོ་༢༠༢༢ལོའི་ཟླ་བ་༢པའི་ཚེས་༢༨ཉིན་མཇུག་རྫོགས་པར་བྲིས་པ་མུ་ཙུག་སྨར་རོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *