རྫོགས་པ་ཆེན་པོའི་རྒྱུད་སྡེ་ཆེན་པོ་བཞིའི་ནང་ཚན་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་མ་བུ་ཆ་ལག་བཅས་ཀྱི་བྱུང་ཚུལ་སྐོར་རོབ་ཙམ་བརྗོད་པ།

རྩོམ་ཡིག་འདི་ཐེངས། 290964 བཀླགས་འདུག

་་་་་་་་་་་་་་་་་་་་་རྫོགས་པ་ཆེན་པོའི་རྒྱུད་སྡེ་ཆེན་པོ་བཞི་ལས་བཞི་པ་སྤྱི་རྒྱུད་ཆེན་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་མ་བུ་ཆ་ལག་བཅས་ཀྱི་སྐོར་ཅུང་ཟད་འཆད་པ་ལ། ཐོག་མར་མ་བུ་ཆ་ལག་བཅས་ཀྱི་དོན་གང་ཡིན་ཞེ་ན། ཡེ་ཁྲི་མཐའ་སེལ་བམ་པོ་ཆེན་པོ་ལྔ་ནི་མ་དང་།  དེ་རྣམས་ཀྱི་དགོངས་འགྲེལ་བླ་ཆེན་པོ་དྲན་པ་ནམ་མཁས་མཛད་པ་མཆོང་ཆུང་ཉེར་ལྔ་དང་། ནམ་མཁའ་འཕྲུལ་མཛོད་དྲང་ངེས་གཉིས་བཅས་ནི་བུ། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད། ཐེག་འགྲེལ་མེ་ལོང་དགུ་བསྐོར། རྩོད་སྤོང་སྨྲ་བའི་སེང་གེ། མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པའི་མདོ་རྒྱུད་བཅས་ནི་ཆ་ལག་ཅེས་གསུང་སྲོལ་འདུག འདི་རྣམས་སེམས་ཀློང་མན་ངག་གི་སྡེ་གསུམ་ལས་གང་ལ་འདུས་ཞེ་ན། དེ་གསུམ་ལས་མན་ངག་གི་སྡེར་འདུས་པའི་ཚུལ་ནི། དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང་ལས། རྒྱུད་རང་གཞུང་སྡེ་གསུམ་གྱི་ཚུལ་དུ་འདུས་ཏེ། སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་དང་གསུམ་དུ་འདུས་སོ། སེམས་སྡེ་ལ་སྣ་ཚོགས་སེམས་ཡིན་དུ་སྨྲ་བའི་རྫོགས་པ་ཆེན་པོ་དང༌། གོལ་སྒྲིབ་སེམས་ཀྱི་ལ་བཟླར་སྨྲ་བའི་རྫོགས་པ་ཆེན་པོ་དང༌། བློ་རྡེག་ཐལ་འགྱུར་དུ་སྨྲ་བའི་རྫོགས་པ་ཆེན་པོའོ། །ཀློང་སྡེ་ལ་དཀར་པོ་ཆིག་ཆོད་དུ་སྨྲ་བའི་རྫོགས་པ་ཆེན་པོ་དང༌། ཀློང་ཁྲ་བོ་ཁུག་པར་སྨྲ་བའི་དང༌། ནག་པོ་ཁ་འབྱམས་སུ་སྨྲ་བའི་དང༌། སྣ་ཚོགས་ཁ་འབྱམས་སུ་སྨྲ་བའི་རྫོགས་པ་ཆེན་པོའོ། །

་་་་་་་་་་་་་་་་་་་་་དེ་ཡང་མན་ངག་སྡེར་འདུས་ཏེ། དེ་ལ་ཡང་ཁ་གཏམ་དང༌། ཁ་འཐོར་དང༌། རྒྱུད་རང་གཞུང་གི་ཚུལ་དུ་བཀའ་བསྩལ་པ་དང༌གསུམ་ལས། རྒྱུད་རང་གཞུང་གི་ཚུལ་དུ་ཟབ་པས་དེར་བསྡུས། །ཞེས་གསུངས་སོ། ཁ་ཅིག་ན་རེ། ཡེ་ཁྲི་མཐའ་སེལ་དང་ནམ་མཁའ་འཕྲུལ་མཛོད་ནི། མན་ངག་སྡེ་པ་ཡིན་པར་མི་འཐད་དེ། ཀློང་སྡེ་ཡིན་པར་བཞེད་པའི་ཕྱིར་ཏེ། ནམ་མཁའ་འཕྲུལ་མཛོད་ལས། ཕྱོགས་ནི་མན་ངག་རྫོགས་ཆེན་ཀློང་གི་སྡེ་རུ་གཏོགས། ཞེས་གསུང་པའི་ཕྱིར་རོ། ཞེ་ན། ཡེ་ཁྲི་མཐའ་སེལ་ནི་མན་ངག་སྡེ་པར་འདུས་པ་དྲན་པ་ནམ་མཁའི་དགོངས་པ་ཡིན་པར་གོང་དུ་ལུང་དྲངས་ཟིན་ལ་ནམ་མཁའ་འཕྲུལ་མཛོད་ཡེ་ཁྲིའི་དགོངས་འགྲེལ་ཡིན་པས་གཞུང་མན་ངག་སྡེ་པ་དང་དེའི་དགོངས་འགྲེལ་ཀློང་སྡེ་ཡིན་པ་དེ་འདྲ་མི་སྲིད་པས་གཞུང་གང་གི་ཕྱོགས་སུ་གཏོགས་ན་འགྲེལ་བ་ཡང་དེའི་ཕྱོགས་གཏོགས་ཡིན་དགོས་པས་སོ། འོ་ན་ནམ་མཁའ་འཕྲུལ་མཛོད་དུ་མན་ངག་རྫོགས་ཆེན་ཀློང་གི་སྡེ་ཞེས་གསུང་པས་དེའི་དོན་གང་ཡིན་ཞེ་ན། མན་ངག་རྫོགས་ཆེན་ཞེས་པ་འགྲེལ་བྱ་ཡེ་ཁྲི་མཐའ་སེལ་མན་ངག་སྡེ་པ་ཡིན་པས་འགྲེལ་བ་འདི་ཡང་དེའི་ཁོངས་གཏོགས་ཡིན་པ་དང་། ཀློང་གི་སྡེ་ཞེས་པས་མན་ངག་སྡེ་པས་ཀྱང་བརྗོད་བྱ་རང་འབྱུང་ཡེ་ཤེས་ཀྱི་ཁྱད་བོན་གསལ་སྟོང་ཟུང་འཇུག་བཤད་དགོས་པས་དེའི་སྟོང་ཆ་གཙོ་བོར་བསྟན་པའི་དོན་མིན་ནམ་སྙམ། དེ་ཡང་བཀའ་ཡེ་ཁྲི་མཐའ་སེལ་མན་ངག་སྡེ་པ་ཡིན་པར་དྲན་པ་ནམ་མཁའ་རང་གིས་གསུང་ལ་དེ་ལ་བརྟེན་ནས་མཛད་པའི་བོན་རྩ་བའི་གཞུང་གང་ཡིན་དེའི་ཁོངས་སུ་གཏོགས་དགོས་པས་སོ། ཡེ་ཁྲི་མཐའ་སེལ་མན་ངག་སྡེ་པ་ཡིན་པར་དྲན་པས་གསུང་པ་ཙམ་མ་ཡིན་པར་གཞུང་གི་བསྟན་ཚུལ་ལ་དཔྱད་ན་རིགས་པས་ཀྱང་གྲུབ་སྟེ། འདིས་ཞང་ཞུང་སྙན་རྒྱུད་ལྟ་བུ་ཐོད་རྒལ་དང་ཁྲེགས་གཉིས་ཀ་ལག་ལེན་དམར་ཁྲིད་དང་བཅས་པ་ཆ་ཚང་བསྟན་པས་སོ། །

་་་་་་་་་་་་་་་་་་་་་སྤྱིར་སེམས་ཀློང་མན་ངག་གི་སྡེ་སོ་སོར་ཕྱེ་ཚུལ་ནི། དེ་དག་བརྗོད་བྱ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་བཤད་པ་ལ་ཁྱད་པར་གང་ཡང་མེད་ནའང་དེའི་གནད་ཆ་ཚང་རང་འབྱུང་ཡེ་ཤེས་ལ་འདུས་པ་ནི། ཡེ་ཁྲི་མཐའ་སེལ་གནས་པ་གཞིའི་བམ་པོ་ལས། །མ་བཅོས་ཤེས་བྱའི་ངོ་བོ་དེ། །རང་གི་རྟོག་བསྒྲིབས་དེ་མ་མཐོང༌། །དེ་ལ་གཞི་ཞེས་ཐ་སྙད་བཏགས། །དེ་ཉིད་རྟོགས་ཐབས་ཤེས་བྱེད་ལ། །ལམ་ཞེས་བྱ་བར་ཐ་སྙད་བཏགས། །དེ་ཉིད་ཤེས་བྱ་མངོན་གྱུར་ལ། །འབྲས་བུ་ཞེས་སུ་ཐ་སྙད་བཏགས། །དེ་ཕྱིར་ངོ་བོ་གཅིག་ལས་མེད། ཅེས་དང་། ཞང་ཞུང་སྙན་རྒྱུད་རྒྱུད་བུ་ཆུང་བཅུ་གཉིས་ལས། བོན་དང་བོན་ཅན་ཐམས་ཅད་ཀྱང༌། །རང་གི་སེམས་ཡིན་བཞིན་མིན་པས། །ཐམས་ཅད་རང་འབྱུང་ཉིད་དུ་ལྟོས། ཞེས་དང་། གཟེར་བུ་ཉེར་གཅིག་ལས། གསལ་བ་རང་འབྱུང་རིག་པའི་རྒྱལ་པོ་ནི། རང་འབྱུང་ཡེ་ཤེས་ཀུན་ཀྱི་གཞི་རྩར་གནས། ཞེས་གསུངས་སོ། །རང་འབྱུང་ཡེ་ཤེས་ཀྱི་ཡོན་ཏན་ནམ་ཁྱད་བོན་གསལ་བ་དང་སྟོང་པ་ཟུང་འཇུག་གསུམ་ཚང་དགོས་པས་དེའི་གསལ་ཆ་དང་སྟོང་ཆ་ཟུང་འཇུག་གསུམ་རིམ་བཞིན་བརྗོད་བྱའི་གཙོ་བོར་བྱས་པའི་ཆ་ནས་སེམས་སྡེ་དང་ཀློང་སྡེ་མན་ངག་སྡེ་པ་བཞག་དགོས། དཔེར་ན་གབ་པ་དགུ་བསྐོར་དང་སེམས་སྨད་སྡེ་དགུ་ལྟ་བུ་སེམས་སྡེ་བཞག་སྟེ། དེའི་དོན་ནི། གཞུང་དེའི་ཐོག་མཐའ་བར་གསུམ་དུ་བཤད་རྒྱུའི་གཙོ་བོ་ནི། སྣང་བ་ཐམས་ཅད་སེམས་ཀྱི་རང་བཞིན་དུ་གཏན་ལ་ཕབས། སེམས་དེ་ཡང་བྱང་ཆུབ་ཀྱི་སེམས་སྟེ་སེམས་དང་ཡེ་ཤེས་གཉིས་སུ་ཕྱེས་པའི་ཡེ་ཤེས་ལ་གོ་བ་དང་། སྣང་སྲིད་སྣོད་བཅུད་ཀྱི་བཀོད་པ་ཐམས་ཅད་རིག་པའི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་རོལ་རྩལ་དུ་གཏན་ལ་ཕབས་ནས་དག་དང་མ་དག་གི་སྣང་བ་ཡོད་དོ་ཅོག་བྱང་ཆུབ་སེམས་འབའ་ཞིག་གི་རང་བཞིན་ཏེ་དཔེར་ན་ཆུ་དང་ཆུ་འོད་དམ་ནམ་མཁའ་དང་འཇའ་ཚོན་ལྟ་བུ་ཉམས་སུ་ལེན་པའོ། བསྒྲགས་པ་སྐོར་གསུམ་མ་བུ་རྣམས་ནི། ཀློང་སྡེ་བཞག་སྟེ། དེའི་བརྗོད་བྱ་བསྟན་ཚུལ་གཙོ་བོར་ནི། བོན་ཅན་མཚན་མར་སྣང་བ་ཐམས་ཅད་གཞི་མེད་ཡེ་སྟོང་ཆེན་པོའི་རང་བཞིན་དུ་གཏན་ལ་ཕབས་སྟེ་དེའི་ཚུལ་ངེས་པ་རྙེད་པ་བྱས་ནས་སྣང་ཞིང་སྲིད་པའི་བོན་ཀུན་སྟོང་གཟུགས་མེད་སྣང་དུ་ཤར་བ་ཙམ་ལས་ངོ་བོའམ་རང་བཞིན་ནི་ཡེ་གདོད་མ་ཉིད་ནས་ཡོད་མ་མྱོང་བ་སྒྱུ་མའམ་རྨི་ལམ་གྱི་སྣང་བ་ལྟ་བུར་ཉམས་སུ་ལེན་ཚུལ་བསྟན། ཞང་ཞུང་སྙན་རྒྱུད་དང་ཡེ་ཁྲི་མཐའ་སེལ་ལྟ་བུ་མན་ངག་སྡེ་པར་བཞག་སྟེ། དེའི་རྒྱུ་མཚན་ནི། བརྗོད་བྱའི་གཙོ་བོ་གསལ་སྟོང་གཉིས་ལྷུ་ཆེ་ཆུང་མེད་པར་ཁྱབ་མཉམ་དུ་གཏན་ལ་ཕབས་ཏེ་གནད་ཕུན་སུམ་འཚོགས་པ་ལ་བརྟེན་ནས་ཡེ་རིག་ཆེན་པོའི་རང་བཞིན་དང་། རང་གདངས་དུས་ད་ལྟ་ཉིད་ནས་མངོན་དུ་གྱུར་བའི་ལམ་ཐོད་རྒལ་དང་ཁྲེགས་ཆོད་ཀྱི་གནད་ལག་ལེན་དང་བཅས་པ་ཚང་ལ་མ་ནོར་བར་བསྟན་པ་སྟེ། ཐ་མལ་གྱི་ལུས་འོད་དུ་དེངས་བ་དང་ཐ་ཐལ་གྱི་སེམས་རང་འབྱུང་ཡེ་ཤེས་ཆེན་པོའི་ཀློང་དུ་ཚེ་འདི་ཉིད་ལ་ཐིམ་པའི་ཐབས་དཔེ་དང་ཡིད་དཔྱོད་ལ་རག་མ་ལས་པར་དབང་པོ་མངོན་སུམ་གྱི་ཡུལ་སྒྲོན་མ་བཞི་དང་དེ་ཉམས་སུ་ལེན་ཚུལ་གསལ་བར་བསྟན་པའོ། དེ་ལྟ་བུ་མན་ངག་གི་སྡེར་གསུང་པའི་རྫོགས་པ་ཆེན་པོ་ཡེ་ཁྲི་མཐའ་སེལ་གྱི་སྐོར་བཀའ་བམ་པོ་ལྔ་ཡོད་པ་ནི། རྩ་བའི་རྒྱུད་ལ་གནས་པ་གཞི་ཡི་བམ་པོ་དང་། ལ་ཟློའི་བམ་པོ་དང་གཉིས། བྱེ་བྲག་གི་རྒྱུད་ལ་མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད་གསང་སྔགས་ཕྱི་ནང་འབྱེད་པའི་བམ་པོ་དང་། མཚན་ཉིད་སྒྲ་ཚད་ཀྱི་བམ་པོ་དང་གཉིས། མ་ཚང་ཁ་སྐོང་བའི་བམ་པོ་དང་གསུམ་ཡོད་པར་གསུངས། དེའི་ནང་ནས་ད་ལྟ་མཇལ་རྒྱུ་ཡོད་པའི་བམ་པོ་གསུམ་ལས་མེད། མཚན་ཉིད་སྒྲ་ཚད་ཀྱི་བམ་པོ་དང་མ་ཚང་ཁ་སྐོང་བའི་བམ་པོ་གཉིས་བརླགས་ནས་མེད། དེའི་ཆ་ལག་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་དང་ཐེག་འགྲེལ་མེ་ལོང་དགུ་བསྐོར། རྩོད་སྤོང་སྨྲ་བའི་སེང་གེ། མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པའི་མདོ་རྒྱུད་བཅས་སོ། དེ་དག་གི་འགྲེལ་བ་དམུ་གཤེན་དྲན་པ་ནམ་མཁའི་མཛད་པ་ལ་མཆོང་ཆུང་ཉི་ཤུ་རྩ་ལྔ་ཡོད་པར་གསུངས་ཀྱང་ད་ལྟ་ཡོད་པ་མཆོང་ཆུང་ལྔ་ཙམ་ལས་མི་འདུག དེ་ནི་ལོ་རྒྱུས་ཆེན་མོ་སྐོས་ཀྱི་མཆོང་དང། དགོས་འདོད་གསལ་བྱེད་བཤད་བཞིའི་མཆོང་། ལེ་གྲངས་གསལ་བྱེད་དོན་བསྡུད་ཀྱི་མཆོང་། སྐབས་གྲངས་གསལ་བྱེད་སྐོར་ཚོམས་ཀྱི་མཆོང། རྣམ་པར་བཀོད་པ་དམ་ཚིག་གི་མཆོང་དང་ལྔ་ཙམ་ལས་གཞན་ཕལ་ཆེར་ནུབ་ཟིན་པར་སྙམ། ད་དུང་ཕོ་བརྒྱུད་དང་མོ་བརྒྱུད་གཉིས་ཀྱི་དོན་གྱི་གདམས་སྐོར་དང་། མན་ངག་རིན་པོ་ཆེ་ཐུན་མོང་གི་བོན་བདུན། རྫོགས་ཆེན་མེ་ལོང་བདུན་པ་བཅས་སོ།།

་་་་་་་་་་་་་་་་་་་་་ད་དུང་ཡེ་ཁྲིའི་དགོངས་འགྲེལ་དྲན་པས་མཛད་པ་ནམ་མཁའ་འཕྲུལ་མཛོད་དྲང་ངེས་གཉིས་ཀྱི་སྐོར་རྒྱས་ཤིང་རྒྱས་པ་ཡོད། དེ་ལྟར་ད་ལྟར་མཇལ་ཡུལ་དུ་གྱུར་པའི་གོང་སྨྲོས་ཡེ་ཁྲི་མཐའ་སེལ་བཀའ་དང་བཀའ་བརྟེན་ཡོད་དོ་ཐམས་ཅད་མདོ་སྔགས་རྫོགས་གསུམ་གྱི་བརྒྱུད་པའི་འདུས་སོ་སྐྱབས་རྗེ་རྩ་བའི་ཡོངས་འཛིན་རིན་པོ་ཆེ་ནས་ང་ཚོའི་འཛིན་གྲྭ་ལ་ཟབ་ཁྲིད་རྒྱ་ཆེར་ཐོབ་པའི་སྐལ་བཟང་ཤར་སོང་། དཔེ་ཁྲིད་བྱེད་རིང་སྐབས་འགར་ཚེ་དབང་གཞུང་བཞིའི་ཚོགས་མཆོད་འབུལ་དགོས་པར་གསུང་པས་ང་ཚོས་ཀྱང་དེ་བཞིན་དེའི་ཚོགས་མཆོད་ཐེངས་འགའ་ཕུལ་བ་ཡིན། རིན་པོ་ཆེས་ང་ཚོ་ལ་རྒྱུན་དུ་བསླབ་བྱ་གལ་ཆེ་བར་གནང་བ་ནི། རྫོགས་པ་ཆེན་པོའི་བོན་ཐོས་བསམ་ཁོ་ནར་ལྷུར་བླངས་བ་མ་ཡིན་པར་བསྒོམ་པ་ཉམས་མྱོང་གཙོ་བོར་དགོས་པར་ཡང་ཡང་གདམས་པར་བརྟེན་ང་ཚོས་ཀྱང་ཞོགས་པ་རྟག་པར་ཆུ་ཚོད་གཅིག་དང་ཕྱེད་ཀར་སྒོམ་ལ་བརྩོན་པ་ཡིན། དེ་ལྟར་ཡེ་ཁྲི་མཐའ་སེལ་བཀའ་དང་བཀའ་བརྟེན་དེ་དག་གི་ལོ་རྒྱུས་བརྒྱུད་པའི་རིམ་པ་ཅུང་ཟད་བཤད་ན། བརྒྱུད་ཁུངས་མཐར་ཐུག་སྐུ་གསུམ་སངས་རྒྱས་ཏེ། བོན་སྐུ་ཀུན་ཏུ་བཟང་པོས་རྫོགས་སྐུ་གཡུང་དྲུང་དཔའ་བོ་གསས་ལ་བརྒྱུད། དེས་མཆོག་གི་སྤྲུལ་སྐུ་རྒྱལ་བ་སྟོན་པ་གཤེན་རབ་མི་བོ་ལ་བརྒྱུད། འཛམ་གླིང་འདིར་ཐོག་མར་སྟོན་པ་གཤེན་རབ་མི་བོས་ལྷ་བོན་ཁྱབ་པ་སྣང་ལྡན་ལ་གསུངས། བླ་མ་འདིས་ཐེག་པའི་རབ་དབྱེ་ཞེས་པའི་བཀའ་བརྟེན་བརྩམས་མཛད་ཡོད་ཀྱང་ད་ལྟ་མཇལ་ཡུལ་དུ་མ་གྱུར། འོན་ཀྱང་མཁས་མཆོག་སྒ་སྟོན་དང་རྗེ་མཉམ་མེད་ཆེན་པོའི་ཐེག་འགྲེལ་དག་ཏུ་འདིའི་ལུང་འདྲེན་མང་དུ་གནང་ཡོད། དེས་ལྷ་བོན་ཐང་རྗེ་འཕྲུལ་སྣང་ལ་བརྒྱུད། དེས་ལྷ་བོན་གྲུབ་ལྡན་སྒམ་པོ་ལ་བརྒྱུད། དེས་གཤེན་བླ་མེད་གཡུང་དྲུང་ལ་བརྒྱུད། དེས་གཤེན་འཕྲུལ་གསས་སྒམ་པོ། དེས་གཤེན་ཁྲི་རྗེ་ཡོངས་རྫོགས། དེས་ཞང་ཞུང་ག་ཁྱུང་སྤུངས་པ། དེ་ཡན་ཆད་ཞང་ཞུང་གི་བརྒྱུད་པའོ། དེས་རྒྱ་གར་གསས་འོད་གཡུང་དྲུང་ལ་བརྒྱུད། གསས་འོད་གཡུང་དྲུང་གིས་རྒྱ་གར་སྐད་ལ་བསྒྱུར་ནས་རྒྱ་གར་ལ་སྤེལ། དེས་གཤེན་བདེ་བ་སྙིང་པོ་གསས་ལ་བསྟན། དེས་གཤེན་མན་དྷ་བྷི་ཤ་ལ་བརྒྱུད། དེས་གཤེན་ཐུགས་རྗེ་གཡུང་དྲུང་གྲུབ་པ། དེས་ཁྲོ་གསས་པད་མ་འོད་ཟེར། དེས་གཤེན་བློ་རྫོགས་གཡུང་དྲུང་སེང་གེ། དེས་བོན་ཁྲིམས་ཡོངས་སུ་དག་པ། དེས་གཤེན་བདུད་རྩི་ཡང་དག་གྲུབ་པ། དེས་གཤེན་དོན་ཡོད་བདེ་བ་གནམ་གསས། དེས་གཤེན་གསང་བ་ལྷ་ཡི་སྙིང་པོ། དེས་སྟག་གཟིག་གི་མཁས་པ་གསུམ་ལ་བརྒྱུད་དེ། དབང་གྲུབ་སྨན་གྱི་གཤེན་རབ། དེས་གཡུང་དྲུང་རྒྱལ་པོ། དེས་གསས་གྲགས་བདུད་རྩི་གཤེན་རབ་ལ་བརྒྱུད་དེ་མཁས་པ་དེ་གསུམ་གྱིས་སྟག་གཟིག་ཡུལ་དུ་སྤེལ། དེས་བྲུ་ཤའི་གཤེན་པོ་ལྔ་ལ་བརྒྱུད་དེ། གཤེན་ག་བ་པྲ་ཏི་བ་ར། དེས་གཤེན་ཧོས་རིལ་པ་ཏྲེ། དེས་གཤེན་ཏྲ་ཤོ་ཟང་ཧེ། དེས་གཤེན་ཨ་མི་སེང་ཧ་སེ་ལ་ཤྲཱི། དེས་གཤེན་མ་ཤ་སེ་ཙ་ལ་བརྒྱུད་ནས་གཤེན་པོ་དེ་ལྔས་བྲུ་ཤའི་ཡུལ་དུ་སྤེལ། དེས་ན་གཞུང་འདི་དག་ཞང་ཞུང་ནས་རྒྱ་གར་དང་དེ་ནས་སྟག་གཟིག་དེ་ནས་བྲུ་ཤ་ལ་དར་བར་གསལ་བར་བཤད་པའོ། དེ་ནས་དུས་རབས་བརྒྱད་པའི་ནང་གཤེན་མ་ཤ་སེ་ཙ་ལ་དམུ་གཤེན་དྲན་པ་ནམ་མཁས་ཞུས་ནས་བོད་སྐད་དུ་བསྒྱུར་བའོ། །

་་་་་་་་་་་་་་་་་་་་་དུས་རབས་བརྒྱད་པའི་དཀྱིལ་དུ་དྲན་པ་ནམ་མཁའ་དང་བྷེ་རོ་ཙ་ན་སོགས་ཀྱིས་བསམ་ཡས་ཡེར་པའི་རྫོང་ལ་གཏེར་དུ་སྦས། བསྟན་པ་ཕྱི་དར་ཀྱི་སྐབས་སུ་གཙང་པའི་བན་དྷེ་འབྲི་རིང་དང་རྐྱང་པ་དང་གཙང་པ་གསུམ་གྱིས་རྙེད། གཏེར་སྟོན་འདི་གསུམ་གྱིས་བོན་པོའི་གཏེར་བཞེས་པའི་སྐོར་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་{༡༨༡༣-༡༨༩༩}མཛད་པའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས། གཏེར་སྟོན་སུམ་ཚོགས་ནི། རྐྱང་པོ་ཕྲགས་པ་དབང་ཕྱུག སུམ་པ་བྱང་ཆུབ་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ་གསུམ་གྱིས་ཡེར་པ་སེ་བ་ལུང་ནས་ ཞེས་དང་། གོང་གི་གཏེར་སྟོན་སུམ་ཚོགས་ཀྱིས་ཀྱང་འབུམ་དང་ཚད་མ་དང་འཕྲུལ་གྱི་མེ་ལོང་དགུ་སྐོར་སོགས་བོན་གཏེར་མང་ཞིག་བཏོན་པའི་དཔེ་ཕལ་ཆེར་དེང་སང་ཡོད་པར་སྣང་ངོ་། ཞེས་གསུངས། འོ་ན་གཏེར་སྟོན་སུམ་ཚོགས་དུས་ནམ་གྱི་ཚེ་བྱུང་བ་ཡིན་ཞེ་ན། ཀོང་སྤྲུལ་གྱིས་ས་པཎ་གྱི་དུས་སུ་བྱོན་པར་བཞེད་ནའང་རྭ་ཡེ་ཤེས་སེང་གེས་མཛད་པའི་རྭ་ལོ་ཙྭ་བའི་རྣམ་ཐར་དུ་རྭ་ལོ་དགུང་ལོ་གྱ་ལྔའི་རྗེས་སུ་ཁོང་དང་གཏེར་སྟོན་འདི་གསུམ་མཇལ་བའི་ལོ་རྒྱུས་བཀོད་འདུག་སྟེ། དེ་ཉིད་ལས། སྟོན་ཟླ་འབྲིང་པོའི་ཚེས་ལྔ་ཆུ་ཐོན། སྐྱིད་འཕྲང་ལ་བྱོན་པའི་ཉིན། འབྲེ་ཤེས་རབ་བླ་མ། སུམ་པ་དབང་ཚུལ། རྐྱང་པོ་གྲགས་པ་བྱང་ཆུབ་གསུམ་གྱིས་ཡེར་པའི་ཕ་བོང་རྟ་འདྲ་བ་ནས་རྟ་མགྲིན་གྱི་ཆོས་སྐོར་སྤྱན་དྲངས་ཏེ་བྱོན་པ་དང་མཇལ། དེར་བླ་མས་ཁོང་གསུམ་ལ་དར་ཡུག་རེ་རེ་གནང་། གར་བྱོན་དྲིས་པས། ཡེར་པ་ནས་རྟ་མགྲིན་ཆོས་སྐོར་ལེན་པ་ཕྱིན་ཟེར། གདམས་པ་ཟབ་མོ་འདུག་གམ་གསུངས་པས། ལོས་ཡོད། ཡི་དམ་དུད་འགྲོ་བྱེད་པ་དང་མི་འདྲ་ཟེར། ཞེས་པའི་བཀའ་མོལ་ལ་གཞིགས་ན་སྐབས་དེ་དུས་བྲག་ཡེར་པའི་གཏེར་བཏོན་མ་ཐག་པ་ཡིན་པའི་ལོ་རྒྱུས་གསལ་བས་ས་པཎ་{༡༡༨༢-༡༢༥༡}གྱིས་སྔོན་དུ་ཡིན་པར་ཆེས་གསལ་སྟེ། རྭ་ལོ་ཙྭ་བའི་འཁྲུངས་ལོ་བོད་བརྒྱ་ཚིག་མཛོད་ཆེན་མོ་དང་། རྭ་ལོའི་རྣམ་ཐར་གྱི་ནང་དོན་འཚམས་སྦྱོར་མདོར་བསྡུས། དུང་དཀར་ཚིག་མཛོད། སྨོན་ལམ་ཚིག་མཛོད་སོགས་སུ་གཅིག་མཐུན་དུ་སྤྱི་ལོ་{༡༠༡༦}འདི་བཀོད་འདུག་པས་རྩོད་མེད་དུ་བཞེད་པར་སྙམ། དེས་ན་ཁོང་གི་འཁྲུངས་ལོའི་ཐོག་ཏུ་ལོ་གྱ་ལྔ་བསྣན་པས་སྤྱི་ལོ་{༡༡༠༡}ལ་ཁེལ་བས་སྐབས་དེར་ཆོས་གཏེར་ཐོན་མ་ཐག་པ་ཡིན་ནའང་བོན་གཏེར་དེའི་སྔོན་དུ་ཐོན་པའི་ཚུལ་ནི། ཤར་རྫ་རིན་པོ་ཆེའི་{༡༨༥༩-༡༩༣༤}ལེགས་བཤད་མཛོད་ལས། གཙང་གི་བན་དེ་སུམ་པ་དབང་ཚུལ། འབྲེ་ཚུལ་སེང་། གཅེར་བུ་དབང་ཕྱུག་དང་གསུམ་བསམ་ཡས་སུ་ཆོས་གཏེར་ཚོལ་དུ་སོང་བས་མ་རྙེད་དེ་ལོ་འགའ་འགོར། དེ་ནས་ཡར་ལོགས་ཏེ་རང་རེ་དྲག་ཤོས་གསུམ་གྱིས་གཏེར་མ་ཐོན་པ་ངོ་ཚ་ཟེར་ནས་ཡེར་པར་བཙལ་བས། གཏེར་རྙེད་ཀྱང་བོན་དུ་འདུག་པས་མ་འདོད་དེ་མདོ་སྟོད་ཀྱི་ལུང་སྟོན་འོད་འབར་རམ་གཉེན་སྟོན་གཟི་བརྗིད་ཀྱི་ཕྱག་ཏུ་ཕུལ་ལོ། ཞེས་གསུངས་སོ། འོན་ཀྱང་ཁོང་གསུམ་གྱིས་བན་གཏེར་དང་བོན་གཏེར་ཐོན་པའི་བར་ལོ་གཅིག་གམ་ཡང་ན་ཟླ་བ་འགའ་ཤས་ཁྱད་པར་ཤོར་སྲིད་པ་ལས་ལོ་དུ་མ་འགོར་བའི་ཚུལ་མི་འདུག་སྟེ། བན་བོན་གྱི་གཏེར་ཐོན་མ་ཐག་ནས་ཁོང་གསུམ་ལ་ཆག་སྒོ་བྱུང་བའི་ཚུལ་བན་བོན་གཉིས་ཀའི་ལོ་རྒྱུས་རྣམས་སུ་གསལ་བ་ནི། སྒ་སྟོན་གཏེར་གྱི་ཁ་བྱང་ལས། དེ་གཙང་པའི་བན་དྷེ་འབྲི་རིང༌། རྐྱང་པོ། བཙུན་པ་གསུམ་གྱིས་བཏོན་ནས། བྱང་རྒྱབ་ཏུ་སོང་པ་ལ། གཏེར་བདག་གིས་ཆད་པས་གཉིས་ཙམ་ལམ་དུ་གྲོངས་ལ། དེས་བོན་སྐལ་ཡ་གབ་ཏུ་སོང༌། གཅིག་གི་བོན་སྐལ་ལུང་སྟོན་འོད་འབར་གྱི་ཕྱག་དུ་ཐེངས་པ་ཙམ་ཁོ་ཅག་གྲོངས། ཞེས་དང་། སྤ་བསྟན་རྒྱལ་བཟང་པོའི་དར་རྒྱས་གསལ་སྒྲོན་༼རྩོམ་ལོ། ༡༣༢༤༽ལས། དེ་ནས་གཙང་གི་བན་དྷེ་མི་གསུམ་གྱིས་གྲོས་བྱས་ཏེ། སུམ་པ་དབང་ཚུལ། སྒྲེ་ཚུལ་སེང་། རྐྱང་བུ་དབང་ཕྱུག་གྲགས་དང་གསུམ་གྱིས། ཁ་བྱང་གཅིག་ཁྱེར་ནས། བསམ་ཡས་སུ་ཆོས་གཏེར་ཚོལ་དུ་ཕྱིན་པས། མ་རྙེད་པར་ལོ་གཅིག་གཉིས་སུ་ཐོགས། དེར་ཡར་ལོག་པས། གའུ་དྲག་ཤོག་གསུམ་འོང་ནས་གཏེར་མེད་པར་ངོ་ཚ་ཟེར་ཏེ། ཡེར་བར་བཙལ་བས། གཏེར་སྒོ་ཕྱེས་ནས་བྲོས་འོང་སྟེ། གཏེར་བདག་མ་མཆོད་པར། ཐོ་ཆོའི་སྐྱོན་གྱིས་བན་དྷེ་གསུམ་ག་བཙན་གཟེར་གྱིས་གྲོངས་ནས། གཏེར་ཤོག་རྣམས་འདོག་ཚ་ཁུད་ཀྱི་གཉེན་སྟོན་ལྷ་འབར་ལ་བབས་སོ། །

་་་་་་་་་་་་་་་་་་་་་དེའི་སྲས་གཉན་སྟོན་གཟི་བརྗིད་ཀྱིས་ལུང་བཀྲོལ་ལོ། ཞེས་དང། རྭ་ལོ་ཙྭའི་རྣམ་ཐར་ལས། དེ་ནས་རྭ་ཆེན་དཔོན་སློབ་རྣམས་སྙེ་ཐང་དུ་བྱོན། ཞེས་དང་། དེའི་ཚེ་འབྲེ་བན་ཚུལ་གསུམ་གྱིས་བླ་མ་ལ་ཕྲག་དོག་ལངས་ཏེ་མཐུ་རྒྱས་བྱས། འབྲེས་སྦྱིན་བསྲེག་བྱས། སུམ་པས་གཏོར་མ་འཕངས། རྐྱང་པོས་གཏད་བརྒྱབ་ནས་ཆོ་འཕྲུལ་བཏང་བ་ལ། བླ་མས་ཡི་གེ་བཞི་བའི་བསད་བཟློག་བསྒོམས་པས་མཐུ་ཕར་ལོག་སྟེ། འབྲེ་སྨྱོས། སུམ་པ་འདས། རྐྱང་པོ་ལ་མཛེ་བྱུང་སྐད། ཅེས་དང་། ཀོང་སྤྲུལ་གྱིས། གཏེར་རྡུར་{རྡུལ་}གྱིས་རྐྱང་པོ་ལ་མཛེ་བྱུང་། སུམ་པ་འདས། འབྲེ་སྨྱོ་བས་ཤོག་སེར་རྣམས་རྟ་མགྲིན་གྱི་གྲུབ་ཐོབ་ཞུ་སྟོན་བྱ་བའི་ལག་ཏུ་བྱུང་ཡང་དེས་ཞུ་ས་རྩད་མ་ཆོད་པས་ལས་འཕྲོ་གཏེར་རྒྱུད་ཀྱི་བྱིན་རླབས་བཀའ་མ་ཉམས་པ་ཡོངས་གྲགས་ལ་མེད་པ་ཡུན་རིང་འབྱམས། ཞེས་གསུངས་པ་ལ་གཞིགས་ན་གཏེར་སྟོན་གསུམ་གྱིས་བོན་གཏེར་ཐོན་པའི་དུས་ནི། སྤྱི་ལོ་༡༡༠༠-༡༡༠༡ཡས་མར་ཞིག་ལ་མིན་ནམ་སྙམ། ཁོང་གསུམ་གྱིས་བོན་གཏེར་མང་དུ་ཐོན་པའི་ནང་ནས་འདིར་སྐབས་སུ་བབས་པའི་བཤད་བྱ་ནི། ནམ་མཁའ་འཕྲུལ་མཛོད་དྲང་ངེས་གཉིས་དང་། ཡེ་ཁྲི་མཐའ་སེལ་བམ་པོ་ལྔ་དང་འཆོང་ཆུང་ཉེར་ལྔ། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད། ཐེག་འགྲེལ་མེ་ལོང་དགུ་སྐོར་བཅས་སོ། དར་རྒྱས་གསལ་སྒྲོན་དང་ལེགས་བཤད་མཛོད་སོགས་སུ་སྤྱིར་གཏེར་མའི་སྐོར་དང་སྒོས་སུ་བན་དྷེ་མི་གསུམ་གྱི་གཏེར་མའི་སྐོར་མང་དུ་བཤད་ནའང་ཡེ་ཁྲི་མཐའ་སེལ་དང་ནམ་མཁའ་འཕྲུལ་མཛོད་དྲང་ངེས་སྐོར་བན་དྷེ་མི་གསུམ་གྱི་གཏེར་ཁོངས་སུ་ཡོད་ཚུལ་རྩ་བ་ནས་མ་བཤད་པར་ཡ་མཚན་ཆེ། འདིའི་ཚུལ་མཁས་མཆོག་སྒ་སྟོན་གྱིས་ཞིབ་ཚགས་པོ་དང་ལོ་རྒྱུས་གོ་རིམ་ལྡན་པ་སོགས་ཐུན་མིན་གྱི་བཤད་ཚུལ་ཞིག་འདུག་པ་ནི། ཧ་ཅང་གལ་གནད་ཆེན་པོ་རེད་འདུག དེ་ཡང་ཁོང་གིས་གཏེར་གྱི་ཁ་བྱང་ནང་དུ་ཞིབ་རྒྱས་བཤད་པ་མ་ཟད། བསྟན་པའི་ཤན་འབྱེད་དུའང་བཤད་འདུག། དེ་ཡང་གཏེར་གྱི་ཁ་བྱང་ལས། གཅིག་གི་བོན་སྐལ་ལུང་སྟོན་འོད་འབར་གྱི་ཕྱག་དུ་ཐེངས་པ་ཙམ་ཁོ་ཅག་གྲོངས། དེ་ནས་ལུང་སྟོན་འོད་འབར་གྱིས། གྱེར་གཡུང་དྲུང་ཁྲོ་གསས་ལ་བརྒྱུད། དེ་ལ་ལུང་བོན་ལྷ་གཉན་དང༌་། མི་ལ་རས་པས་ཞུས་ནས་སེར་བ་ཕབ་པ་ལ། ཞེས་དང་ དེ་ལ་བོན་སྡེ་གསུམ་སྟེ། མདོ་རྒྱུད་དང་སྔགས་རྒྱུད་དང་། རྫོགས་ཆེན་གྱིས་སྡེའོ། ཞེས་དང་། རྫོགས་ཆེན་གྱི་བོན་སྡེ་ལ། རྒྱུད་བམ་པོ་ལྔ། མཆོང་ཆུང་ཉི་ཤུ་རྩ་ལྔ། དྲན་པ་ནམ་མཁས་མཛད་པའི་དྲང་དོན་སྒྲོན་མ་མུན་སེལ་དང༌། ངེས་དོན་ནམ་མཁའ་འཕྲུལ་མཛོད་དོ། །དེ་ལ་བམ་པོ་ལྔ་ནི། གནས་པ་གཞི་ཡི་བམ་པོ། མ་ཚང་པ་ཁ་བསྐང་གི་བམ་པོ། མཚན་ཉིད་སྒྲ་ཚད་ཀྱི་བམ་པོ། མཁའ་འགྲོའི་རིན་ཆེན་འཕྲེང་བ་གསང་སྔགས་ཕྱི་ནང་འབྱེད་པའི་བམ་པོ། ལ་ཐམས་ཅད་ཡོངས་སུ་བཟླ་བའི་བམ་པོ། མཆོང་ཆུང་ཉེར་ལྔ་ནི། ལོ་རྒྱུས་ཆེན་མོ་སྐོས་ཀྱི་འཆོང༌་། དགོས་འདོད་གསལ་བྱེད་བཤད་བཞིའི་འཆོང༌། ལེའུ་གྲངས་གསལ་བྱེད་དོན་བསྡུས་ཀྱི་འཆོང༌། སྐབས་གྲངས་གསལ་བྱེད་བསྐོར་ཚོམས། རྣམ་པར་བཀོད་པ་དམ་ཚིག །གང་ཟག་གི་བརྟག་པ་སྤང་བླང་གི། མུ་ཏིག་འཕྲེང་བ་གསང་སྔགས་ཀྱི། གསང་སྔགས་མཆོག་འདུས་ལྟ་སྒོམ། རིན་ཆེན་དྲ་བ་དབང་བསྐུར། སྒྲོན་མ་རྣམ་དྲུག་ཉམས་ལེན། གསལ་བ་ཐིག་ལེ་ངོ་སྤྲོད། རྩ་ཐིག་འོད་འབྱེད་རྩ་རླུང༌་། ཁྱུང་ཆེན་རླབས་གཅོད་ལྟ་བ། ལ་ཤན་འབྱེད་པ་ཐེག་པ། ཉི་མ་དགུ་འདུས་སྒོམ་པའི། གླང་པོ་རབ་འགོག་སྤྱོད་པའི།  རིན་ཆེན་ཀུན་འདུས་འབྲས་བུ་ཡི། མཚོན་ཆ་འཁོར་ལོ་ཚད་མ་ཡི། གདོན་སྦྱིན་བསྒྲུབ་པ་དངོས་གྲུབ་ཀྱི། ཨ་ལི་ཀ་ལི་སྒྲ་དོན་བརྟག་པ་མངོན་ཤེས་ཀྱི། བདུད་རྩི་ཤི་གསོས་བསྒྲུབ་པ་གར་སྨན་གྱི། དཀར་ནག་དམར་གསུམ། བསྒྲིལ་མ་བསྟན་སྲུང་ཀྱི། ནམ་མཁའ་གསལ་བྱེད་རྒྱུད་ཀྱི་ཆེ་བ་འབྱིན་པ། བ་ཐག་དཀར་པོ་ལས་བྱེད་ཚེ་བསྒྲུབ་ཀྱི། རི་ལུའི་སྦྱོར་ཁ་ཆེན་མོ། །བསྲུང་བའི་འཆོང་དང་ཉེར་ལྔའོ། བདུད་ཀྱི་སྡིག་ཕྲོམས་ལས་སོགས་ངན་སྔགས་ཀྱིས་སྐོར་ཀྱང་མང་བར་བྱོན་ནོ། གཏེར་བདག་ལ་དུར་བདུད་དང་། སྐྱེས་བུ་ལུང་བཙན། ཀླུ་ལྕམ་གྱི་སྒྲུབ་པ་ཡང་བྱོན་ནོ། དེས་ལུང་བོན་མའི་གཏེར་ཐོན་ལུགས་སོ། ཞེས་དང་། ཁོང་གི་བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་ལས། བན་དྷེ་གསུམ་ལས་གཅིག་གིས་བསྣམས་པའི་བོན། མདོག་སྟོན་{མདོ་སྟོད་}ལུང་སྟོན་འོད་འབར་ཕྱག་ཐེངས་ཙམ། མངོན་རོལ་རྒྱུད་དང་རྫོགས་ཆེན་ཡེ་ཁྲིའི་སྡེ། མདོ་སྡེ་ཉི་ཤུ་རྩེ་འབུམ་དྲི་མེད་ལུས{ལུང་}། གྱེར་སྟོན་ཁྲོ་བོ་ལུང་བོན་ལྷ་གཉན་དང་། གྱེར་སྟོན་ཐོག་འབྲུག་རིགས་{རིང་}ལ་དར་བ་ཡི། ཞེས་གསུངས་སོ།

་་་་་་་་་་་་་་་་་་་་་འོ་ན་གཏེར་གྱི་ཁ་བྱང་འདི་ཉིད་དུ་ཐེག་རིམ་རྩ་འགྲེལ་བན་དྷེ་མི་གསུམ་གྱི་གཏེར་མའི་ཁོངས་སུ་མ་བཤད་པས་ཇི་ལྟར་ཡིན་ན། སྐྱོན་མེད་དེ། སྒ་སྟོན་ཐེག་འགྲེལ་ལས། དྲན་པ་ནམ་མཁའ། གཅོ་ཟ་བོན་མོ། ཁྲི་སྲོང་གསུམ་གྱིས། བསམ་ཡས་ཡེར་བའི་རྫོང་ལ་སྦས། དེ་ལ་གཙང་པའི་བན་དེ་འབྲི་རིང་རྐྱང་པོ་སུམ་པ་གསུམ་གྱིས་བཏོན། མདོ་སྟོད་ཀྱི་ལུང་སྟོན་འོད་འབར་ལ་དངོས་གྲུབ་བབས། དེས་གྱེར་སྟོན་ནས་བརྒྱུད། དེར་སློབ་དཔོན་ཞང་སྟོན་བསོད་རིན་ལ། སྒ་སྟོན་ཚུལ་རྒྱལ་གྱིས་གཏུགས་པའོ། ཞེས་ཐེག་རིམ་རྩ་འགྲེལ་བན་དྷེ་མི་གསུམ་གྱི་གཏེར་མ་ཡིན་པར་སྒ་སྟོན་གྱིས་ཀྱང་གསུངས་སོ། །འདིར་དཔྱད་དགོས་པ་ཞིག་ནི། གོང་དུ་ཀོང་སྤྲུལ་གྱི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་དུ་གཏེར་སྟོན་སུམ་ཚོགས་ཀྱི་གཏེར་ཆོས་རྣམས་འབྲུ་ཚང་གི་གཉགས་སྟོན་ལྷ་འབར་ལ་སྤེལ་བར་གསུངས་པ་མ་ཟད། གཉག་སྟོན་གྱིས་བོན་གཏེར་ལུང་སྡེ་ལྔ་ཞེས་པ་ཞིག་བཏོན་པར་གསུངས་པ་དང། སྤ་ཡིས་གཉེན་སྟོན་ལྷ་འབར་ཞེས་པ་ཞིག་བཤད་འདུག་པ་དང་། ད་དུང་དར་རྒྱས་གསལ་སྒྲོན་ལས། དེར་གཉག་སྟོན་ལ་གྱེར་བོན་གྲུབ་ཀྱིས་ཞུས། དེའི་སྲས་གྱེར་སྟོན་ནམ་གཡུང་ལ། ལུང་བོན་ལྷ་གཉན་གྱིས་ཞུས་ཏེ་དར་བས། གྱེར་ལུང་གཉིས་ཁུངས་སུ་བྱེད་དོ། ཅེས་གསུང་པས་སྤ་ཡིས་གཉེན་སྟོན་ལྷ་འབར་རམ་གཉག་སྟོན་ཞེས་པ་དང་། ཀོང་སྤྲུལ་གྱིས་གཉགས་སྟོན་ལྷ་འབར་ཞེས་པ་འདི་གཉིས་མི་གཅིག་ཡིན་མིན་དཔྱད་གཞི་ཆེའོ། ཀུན་གྲོལ་གྲགས་པའི་{༡༧༠༠-༡༧༦༨}བཀའ་འགྱུར་དཀར་ཆག་ཏུ་བོན་ལུགས་ལ་ལུང་སྟོན་འོད་འབར་དང། ཆོས་ལུགས་ལ་གཉགས་སྟོན་ལྷ་འབར་ཞེས་པར་འབོད་པའི་ཚུལ་གསུངས། དབྲ་སྟོན་སུ་ལའི་{༡༨༩༧-༡༩༥༩}བཀའ་འགྱུར་དཀར་ཆག་ཏུ་ཡེ་ཁྲིའི་བརྒྱུད་རིམ་བཤད་པའི་སྐབས་སུ་བཀའ་གཏེར་ཁྱད་པར་ཅན་གཉའ་སྟོན་ལྷ་འབར་ལ་དངོས་གྲུབ་ཏུ་བབ་ནས་ཞེས་པ་ཙམ་ལས་ལུང་སྟོན་འོད་འབར་གྱི་མཚན་སྨོས་མི་འདུག ཁོ་བོའི་བསམ་པར་འདི་གཉིས་མཚན་གང་བཏགས་ཀྱང་རུང་ལ་དོན་དུ་ལུང་སྟོན་འོད་འབར་ཡིན་པ་དང་། བོན་གཏེར་ལུང་སྡེ་ལྔ་ཞེས་པ་དེ་བན་དྷེ་མི་གསུམ་གྱི་གཏེར་མ་ཡེ་ཁྲི་མཐའ་སེལ་བམ་པོ་ལྔ་མིན་ནམ་སྙམ། འོན་ཀྱང་མཁས་མཆོག་སྒ་སྟོན་གྱིས་ལུང་སྟོན་འོད་འབར་མ་གཏོགས་གཉགས་སྟོན་ལྷ་འབར་ཞེས་པ་ཞིག་གསུང་མི་འདུག སྤྱིར་ད་ཡོད་དཔེ་ཆ་གཏེར་མའི་སྐོར་རྒྱས་བཤད་བྱེད་སྔ་ཤོས་སྒ་སྟོན་གཏེར་གྱི་ཁ་བྱང་འདི་ཡིན་པར་འདུག་སྟེ། སྒ་སྟོན་ནི། ཞང་སྟོན་བསོན་རིན་གྱི་སློབ་མ་ཡིན་པ་དང་། ཞང་སྟོན་བྲུ་རྒྱལ་བའི་{༡༢༤༢-༡༢༩༠}སློབ་དཔོན་ཡིན་པར་ཨ་ཁྲིད་ནང་གི་བྲུ་རྒྱལ་བའི་རྣམ་ཐར་དུ་གསལ་བ་མ་ཟད། བྲུ་རྒྱལ་བ་རང་གིས་བརྩམས་པའི་ཞང་ཞུང་སྙན་རྒྱུད་ཀྱི་ལོ་རྒྱུས་རྣམ་ཐར་དུ་རྟོགས་ལྡན་དད་ཤེས་ལ་ཞང་ཞུང་སྙན་རྒྱུད་ཞུས་པའི་རྗེས་སུ་མཁས་གྲུབ་ཞང་སྟོན་མདུན་ནས་ཞང་ཞུང་སྙན་རྒྱུད་ཀྱི་ལུང་ལག་ལེན་ངོ་སྤྲོད་དང་བཅས་པ་ཞུས་པར་གསུངས་ཡོད། དེར་བརྟེན་སྒ་སྟོན་བྲུ་རྒྱལ་དང་དུས་མཉམ་ཡིན་པར་ཐེ་ཚོམ་མེད་པ་ཞིག་ཡིན། དགེ་བཤེས་རྣམ་དག་གཙུག་ཕུད་མཆོག་གིས་སྤྱི་ལོ་༢༠༠༦ལོར་དཔར་བསྐྲུན་གནང་བའི་སྒ་སྟོན་ཐེག་འགྲེལ་གྱི་དབུར། རྒྱ་གར་སྨན་རིའི་གླིང་གི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེས་མཛད་པའི་སྒ་སྟོན་རྣམ་ཐར་མདོར་བསྡུས་ཤིག་བཀོད་འདུག དེའི་ནང་དུ་སྒ་སྟོན་འཁྲུངས་ལོ་བོད་ས་ཁྱི་ཕྱི་ལོ་{༡༢༣༨}ལ་གསུང་འདུག་པས་ལོ་རྒྱུས་ཀྱི་བབ་ལ་བརྟགས་ན་ཕལ་ཆེར་དེ་འདྲ་ཞིག་ཡིན་དགོས་པར་སྣང་ངོ་། །

་་་་་་་་་་་་་་་་་་་་་དེར་བརྟེན་བྲག་ཡེར་པའི་གཏེར་གྱི་ལོ་རྒྱུས་ད་སྐབས་མཐོང་ཡུལ་དུ་གྱུར་པ་སྔ་ཤོས་ནི། སྒ་སྟོན་གཏེར་གྱི་ཁ་བྱང་དང་ཁོང་གི་བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་འདི་གཉིས་རེད་འདུག བན་དྷེ་མི་གསུམ་གྱི་རྗེས་སུ་རྫོགས་ཆེན་ཡེ་ཁྲི་སོགས་གཏེར་དཔེ་དེ་དག་གི་བརྒྱུད་རིམ་བྱུང་ཚུལ་བཤད་ཚུལ་ཕྲན་ཙམ་མི་མཐུན་པ་འགའ་ཡོད་སྲིད་ཀྱང་མཁས་མཆོག་སྒ་སྟོན་གྱིས་འཆད་ཚུལ་སོར་བཞག་བྱས་ན། གཏེར་དཔེ་དེ་རྣམས་ལུང་སྟོན་འོད་འབར་གྱི་ཕྱག་ཏུ་འབྱོར། དེས་གྱེར་གཡུང་དྲུང་ཁྲོ་གསས་ལ་བརྒྱུད། དེ་ལ་མི་ལ་རས་པ་༼འཁྲུངས་ལོ།༡༠༤༠༽དང་ལུང་བོན་ལྷ་གཉན་༼འཁྲུངས་ལོ།༡༠༨༨༽གཉིས་ཀྱིས་ཞུས། མི་ལ་རས་པ་བན་དྷེ་བྱས་ནས་མར་པ་ལོ་ཙའི་སློབ་མར་གྱུར། ལུང་བོན་ལྷ་གཉན་གྱིས་ལོ་གསུམ་ལ་ཚེ་དབང་གི་སྒྲུབ་པ་བྱས་རྗེས་ལོ་གསུམ་རིང་ཚེ་དབང་བཙལ་ཏེ། བཀྲ་ཤིས་ཕྱུག་མོའི་རི་དང་། ཕོ་མ་སྙིང་རི། རིན་ཆེན་སྤུངས་པ་སོགས་གང་སར་བཙལ་བས་མཇུག་ཏུ་ཚེ་དབང་རི་ཁྲོད་པ་ཆེན་པོའི་ཞལ་མངོན་སུམ་དུ་མཇལ་ནས་སྔར་ཡེར་པའི་རྫོང་ནས་ཐོན་པའི་བོན་སྡེ་ཚང་མ་དང་། ལྷག་ཏུ་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་དང་ནམ་མཁའ་འཕྲུལ་མཛོད་དྲང་ངེས་གཉིས་བཅས་བུམ་པ་གང་བྱོའི་ཚུལ་དུ་མན་ངག་ཟབ་ཁྲིད་ཡོངས་སུ་རྫོགས་པ་བསྩལ། ལུང་བོན་གྱིས་ལུང་སྒོམ་འཁོར་ལོ་རྒྱལ་པོ་ལ་བརྒྱུད། དེས་ལུང་བོན་དབང་གྲུབ་ལ་བརྒྱུད། དེས་འགྲོ་མགོན་བློ་གྲོས་ལ་བརྒྱུད། དེས་ལུང་སྟོན་རྒྱལ་བ་ལ་བརྒྱུད། དེས་བྲུ་སྟོན་རྒྱལ་བ་གཡུང་དྲུང་ལ་བརྒྱུད། དེས་རྟོགས་ལྡན་ནམ་འོད། དེས་བསོད་ནམས་རྒྱལ་མཚན། དེས་མཚུངས་མེད་བསོད་བློ། དེས་རྣམ་རྒྱལ་ཀ་ར། དེས་མཁས་གྲུབ་རིན་ཆེན་བློ་གྲོས། དེས་རྗེ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན། དེས་བསྟན་འཛིན་ཆེན་པོ་རིན་ཆེན་རྒྱལ་མཚན་ནས་རིམ་པས་སྨན་རིའི་མཁན་རབས་མུ་ཏིག་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་བརྒྱུད་ནས་མཐར་ཀློང་སྒོམ་མངོན་དུ་གྱུར་པའི་རྟོགས་ལྡན་ཆེན་པོ་རྒྱལ་བ་སྨན་རི་བའི་མཁན་ཆེན་བསྟན་པ་བློ་གྲོས་ལ་བརྒྱུད། རྟོགས་ལྡན་ཆེན་པོ་དེས་སྨན་རིའི་ཡོངས་འཛིན་ཐུ་བོ་སངས་རྒྱས་བསྟན་འཛིན་ལ་བརྒྱུད། ཡོངས་འཛིན་ཐུ་བོ་དེའི་མདུན་ནས་བདག་ཅག་གི་འདྲེན་པ་ཆེན་པོ། སྙིགས་མའི་དུས་ཀྱི་སྒྲོན་མེ། ལུང་རིགས་ཀྱི་དབང་ཕྱུག། བློ་གྲོས་ཀྱི་གཏེར་ཆེན། བསླབ་གསུམ་གྱི་མཛོད་འཛིན། ལུང་རིགས་ཀྱི་མངའ་བདག། དྲི་མེད་ཀྱི་སྤྱན་ལྡན། འཕྲིན་ལས་ཀྱི་རྒྱ་མཚོ། མདོ་སྔགས་རྫོགས་གསུམ་གྱི་བསྟན་པའི་མངའ་བདག རྒྱུང་ཡར་བླ་ཆེན་ཁོད་སྤུངས་དྲན་པ་ནམ་མཁའ་དབུ་སྐྲ་སིལ་མ་ནང་དུ་བསྐུངས་ནས་དྲང་སྲོང་ཆེན་པོའི་གཟུགས་སུ་རོལ་བའི་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་དཔེ་ཐོབ་དོན་ཐོབ་གྱི་སྒོ་ནས་གསན་བསམ་ཚུལ་བཞིན་མཛད་ནས་ཡེ་རིག་བློ་འདས་ཆེན་པོའི་དགོངས་པ་མངོན་དུ་གྱུར་རོ། །གཤེན་བསྟན་གངས་དཀར་ལྷུན་པོའི་སྤོར། གཤེན་བསྟན་སྨྲ་བའི་སེང་གེའི་དབྱངས། གཤེན་བསྟན་སྤེལ་བའི་ཉིན་མོར་བྱེད། གཤེན་བསྟན་གསལ་བའི་རྒྱན་དུ་ཆེ། མདོ་སྔགས་རྫོགས་གསུམ་གདམས་དོན་ཚུལ་བཞིན་འདོམས། མདོ་སྔགས་རྫོགས་གསུམ་ཉི་ཟླ་སྐར་གསུམ་ལྟར། མདོ་སྔགས་རྫོགས་གསུམ་འཛམ་གླིང་ཡོངས་ལ་ཁྱབ། མདོ་སྔགས་རྫོགས་གསུམ་བསྟན་པའི་བརྒྱུད་འཛིན་ཆེ། མདོ་སྔགས་རྫོགས་གསུམ་བདག་གིར་འཛིན་པ་པོ། མདོ་སྔགས་རྫོགས་གསུམ་ཀུན་འགྲུབ་རྒྱལ་སྲས་རྗེ། །ཞེས་སྨྲས་སོ། །

་་་་་་་་་་་་་་་་་་་་་ཞེས་པ་འདི་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་གྱིས་འཚོ་བའི་སྒོམ་གྲྭའི་མཁན་མིང་འཛིན་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་རྩ་བའི་བླ་མའི་གདན་ས་གསུམ་པ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་སྤྱི་ལོ་༢༠༢༡ལོའི་བོད་ཟླ་བརྒྱད་པའི་ཚེས་གཅིག་ནས་བདུན་བར་དཀའ་ཐུབ་འཚོགས་པའི་བར་གསེང་རྣམས་སུ་བྲིས།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *