གལ་ཆེའི་གསལ་བརྡ། ༼རྗེས་དྲན་གཏམ་གྱི་མཆོད་སྤྲིན།༽

རྩོམ་ཡིག་འདི་ཐེངས། 299647 བཀླགས་འདུག

/

༧རྗེ་རིན་པོ་ཆེ་༧རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་འཁྲུངས་ནས་བགྲང་བྱ་ ༦༦༦ འཁོར་བའི་ལོ་ཚིགས་ཁྱད་པར་ཅན་དང་བསྟུན། ༧རྗེ་བདག་ཉིད་ཆེན་པོའི་གསུང་རྩོམ་གསེར་གྱི་བམ་པོ་ལས་འཕྲོས་ཏེ་བཀའ་དྲིན་རྗེས་དྲན་ཞུ་བའི་གསུང་བཤད་གཏམ་གྱི་མཆོད་སྤྲིན།

ཟླ་ཚེས། ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༣ ཚེས་ ༤།༥།༦ རྒྱ་གར་གྱི་དགོང་དྲོའི་ཆུ་ཚོད་ ༨ དང་ཕྱེད་ཀའི་ཐོག་ནས་དབུ་འཛུགས།

༅༅།། ས་གསུམ་འགྲོ་བའི་མགོན་སྐྱབས་བསླབ་གསུམ་བསྟན་པའི་སྒྲོན་མེ་རང་ཅག་བོན་འབངས་རྣམས་ལ་བཀའ་དྲིན་གཞལ་མཐའ་བྲལ་ཞིང་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་རྨད་དུ་བྱུང་བ་མཚན་ཡོངས་གྲགས་སུ་༧རྗེ་རིན་པོ་ཆེའམ་སྙིགས་དུས་བསྟན་འགྲོའི་གསལ་བྱེད་ཆེན་པོ་མཚུངས་ཟླ་དང་བྲལ་བ་༧རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བསམ་བཞིན་དུ་རྐང་གཉིས་མིའི་ཤ་ཚུགས་སུ་སྐུ་མཆོག་མཚན་དཔེའི་དཀྱིལ་འཁོར་མངོན་པར་བལྟམས་ནས་བགྲང་བྱ་༦༦༦འཁོར་བའི་དུས་ཚིགས་རྫོགས་ལྡན་ཁྱད་པར་ཅན་དང་བསྟུན། ཐོག་མའི་ཆར་༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་༽གི་མཐུན་འགྱུར་འོག ༧རྗེ་བདག་ཉིད་ཆེན་པོར་བཀའ་དྲིན་རྗེས་དྲན་དང་འབྲེལ་མགོན་པོ་གང་གི་གསུང་རབ་གསེར་གྱི་གླེགས་བམ་གཟི་བརྗིད་འོད་སྟོང་དང་ལྡན་པ་ཁག་ལ་རྗེས་འཇུག་མཁས་པས་གཏམ་བཤད་བགྲོ་གླེང་སོགས་མཛད་སྒོ་རྒྱས་བསྡུས་འཚམས་པ་ཞིག་ཨ་རི་དང་། ཡང་ན་རྒྱ་བལ་གང་རུང་དུ་འཚོག་རྒྱུའི་སྟ་གོན་ཞུས་ཀྱང་། འཇིག་རྟེན་ཁྱོན་ཡོངས་ལ་ཕོག་པའི་ནད་དུག་གི་འཇིག་པ་ཆེན་པོ་སྔ་ཕྱི་བར་གསུམ་ལས་རེ་ཞིག་ཕྱི་བཤོལ་མི་བྱེད་ཐབས་མེད་བྱུང་བས་ད་བར་ཕྱིར་འགྱངས་སུ་ལུས།

འོན་ཀྱང་། ད་ཆར་དུས་རབས་གསར་པའི་མཐུན་རྐྱེན་ལྟར་དྲ་ལམ་བརྒྱུད་ནས་༧རྗེ་བདག་ཉིད་ཆེན་པོར་བཀའ་དྲིན་རྗེས་དྲན་ཞུ་བའི་མཆོད་འབུལ་དུ་རབ་འབྱམས་མཁས་པའི་གཏམ་གྱི་མཆོད་སྤྲིན་ཞིག་གོ་སྒྲིག་ཞུ་བཞིན་ཡོད། དེ་ཡང་ཚོགས་མགོན་དུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གིས་རྟགས་དང་རྟེན་འབྲེལ་དུ་གསོལ་འདེབས་སྐུ་གསུམ་ལྷུན་གྲུབ་བམ་༼བདེ་ཆེན་རྒྱལ་པོ༽ལ་ཚིག་འགྲེལ་དང་བཀའ་སློབ་བཀའ་དྲིན་བསྩལ་གཏན་འཁེལ་ཡོད་ཅེས་ཞུ་རྒྱུ་དང་། དེ་བཞིན་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། བསླབ་གསུམ་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་མཁན་པོ་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་གཙོས། བཀུར་འོས་མཁན་སློབ་དགེ་བཤེས་རྣམས་པ་དང་། དེ་བཞིན་སྐབས་བབ་བརྗོད་གཞིའི་སྤྱི་ཁོག་ཙམ་གོང་གི་བརྙན་པར་ངོས་སུ་གསལ་བས་ལྷན་རྒྱས་ནས་དེར་གཟིགས་པས་འཐུས། 

/

གཞན་ཡང་། རང་རེའི་སྨྱུག་ཐོགས་པ་རྣམས་ཀྱིས་ཀྱང་བསྐལ་བ་བསོད་ནམས་རྒྱ་མཚོར་བསགས་པའི་མཛེས་དཔལ་རླབས་ཆེན་དུ་དགོངས་ནས་༧རྗེ་བདག་ཉིད་ཆེན་པོར་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་དུ་ཚངས་སྲས་བུ་མོའི་མགྲིན་པ་ལས་བརྡོལ་བའི་རྩོམ་རིག་དབྱངས་ཀྱི་མཆོད་པ་རེ་འབུལ་ཐུབ་ན་དགེ་མཚན་འབུམ་འགྱུར་ལྡན་པ་སྨྲོས་མེད་ལགས། དེས་ན་རྩོམ་ཡིག་༼ཚིགས་བཅད་ཡིན་ཚེ་ངེས་པར་དུ་ཚིགས་བཅད་དྲུག་ལས་མི་ཉུང་བ་དགོས།༽རྣམས་རྒྱལ་གཤེན་བོན་སྒྲའི་ས་གནས་རྩོམ་སྒྲིག་པ་རྣམས་ཀྱི་ཕྱག་ཏུ་ཕྱི་ཟླ་ ༣ ཚེས་ ༡ ཚུན་ཆད་དུ་འབྱོར་བ་རྣམས་རྗེས་དྲན་གཏམ་གྱི་མཆོད་པའི་སྤྲིན་ཚོམ་ཉིན་དང་པོར་(རྒྱལ་གཤེན་བོན་སྒྲ་)ཡི་དྲ་ཚིགས་སུ་འགོད་འཆར་དང་། རྩོམ་ཡིག་ཁག་ཅིག་མཁས་པའི་གསུང་བཤད་རྣམས་དང་ལྷན་དུ་དེབ་གཟུགས་སུ་རིམ་པས་དཔར་བསྐྲུན་ཞུ་འཆར་ཡང་ཡོད། 

དེ་བཞིན་གསུང་བཤད་རྣམས་དུས་ཐོག་ཏུ་བོད་སྐད་ནས་དབྱིན་སྐད་དང་། སེ་པན་སྐད། ཨ་རུ་སུའི་སྐད་སོགས་སྐད་རིགས་ཆེ་གྲས་ཁག་ཅིག་ཏུ་ཐད་བསྒྱུར་གནང་འཆར་དང་། ད་དུང་༧རྗེ་རིན་པོ་ཆེའི་མཛད་རྣམ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱིས་མཛད་པ་དེ་ཉིད་དབྱིན་ཡིག་ཏུའང་བསྒྱུར་ཡོད་པས་སྒྱུར་ཡིག་དེ་ཉིད་མི་རིང་བར་རྒྱལ་གཤེན་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་ཞུ་འཆར་ཡོད་ཅེས་ཀྱང་ཞུ་ཞུ། མཐར། “རྒྱལ་བ་མཉམ་མེད་ཆེན་པོ་ཡི། བསྟན་པ་ཡུན་རིང་འབར་འགྱུར་ཅིག” ཅེས་ཀྱང་སྨོན་ནོ།།

བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་

ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༣ ཉིན་

རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་ནས།

རྩོམ་ཡིག་བསྐུར་ཡུལ།

རྒྱལ་གཤེན་བོན་སྒྲའི་ས་གནས་རྩོམ་སྒྲིག་པ།

གདོང་བཙུན་རྒྱ་ཐར། (བོད།)

རྔ་རང་རིག (བལ་ཡུལ།)

གཏམ་བཤད་མཆོད་སྤྲིན་གྱི་ཉིན་རེའི་གསུང་བཤད་པ་དང་བརྗོད་བྱ།

ཉིན་དང་པོ། ཕྱི་ཟླ་ ༣ ཚེས་ ༤

གསུང་བཤད་པ།

གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག

(དབུ་འབྱེད་བཀའ་སློབ་དང་གསོལ་འདེབས་སྐུ་གསུམ་ལྷུན་གྲུབ་ཀྱི་ཚིག་འགྲེལ།)

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ།

(༧རྗེ་རིན་པོ་ཆེ་དང་དཔལ་ལྡན་བླ་མའི་རྒྱུད་རིམ།)

༧སྐྱབས་རྗེ་མཁན་པོ་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་།

(༧རྗེ་རིན་པོ་ཆེས་བོན་པོ་སྤྱི་ལ་བཀའ་དྲིན་བསྐྱངས་པའི་སྐོར།)

ཉིན་གཉིས་པ། ཕྱི་ཟླ་ ༣ ཚེས་ ༥

བཤད་སྒྲུབ་མཁན་པོ་རིན་པོ་ཆེ་དགེ་བཤེས་ཉི་མ་དོན་གྲུབ།

(བརྗོད་བྱ། རྫོགས་ཆེན་གྱི་བོན་སྡེ།)

བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་དགེ་བཤེས་དགེ་ལེགས་རྒྱ་མཚོ།

(བརྗོད་བྱ། མདོ་ཡི་བོན་སྡེ།)

རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ།

(བརྗོད་བྱ། གསང་སྔགས་ཀྱི་ཆོག་སྒྲིག)

བཤད་སྒྲུབ་གཞུང་ཁྲིད་རྒན་དགེ་བཤེས་ཤེས་རབ་བསམ་འཕེལ།

(བརྗོད་བྱ། ~རྗེ་རིན་པོ་ཆེའི་མཛད་རྣམ།)

ཉིན་གསུམ་པ། ཕྱི་ཟླ་ ༣ ཚེས་ ༦

སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན།

(བརྗོད་བྱ། གསང་སྔགས་ཀྱི་བོན་སྡེ།)

རྩ་འཛིན་སློབ་དཔོན་དགེ་བཤེས་ཁྱུང་ཁྲི་ལྡེ།

(བརྗོད་བྱ། ཐུན་མོང་རིག་གནས་སྐོར།)

དགེ་བཤེས་ཁྲི་གཡུང་།

(བརྗོད་བྱ། སྨན་རིའི་རྟགས་སྒྲིལ་སྐོར།)

དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ།

(བརྗོད་བྱ། ༧རྗེ་རིན་པོ་ཆེ་དང་རོང་སྟོན་བར་གྱི་འབྲེལ་བ།)

གཙོ་སྐྱོང་བ།

བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ།

རྔ་རང་རིག

གསུང་སྒྱུར་བ།

འབུམ་རམས་པ་སྐལ་བཟང་ནོར་བུ། (དབྱིན་སྐད།) བསྟན་འཛིན་གྲགས་པ། (སི་པན་སྐད།

Kermen Menkenova (ཨ་རུ་སུའི་སྐད། ) Andrzej Rybszleger (པོ་ལན་ཏྲི་སྐད།

གོ་སྒྲིག་པ།

རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་དང་།

རྒྱལ་གཤེན་བོན་སྒྲ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *