བསྟོད་ཚིག་ལྷ་མི་དགྱེས་པའི་རྒྱན་འཕྲེང་།
རྩོམ་ཡིག་འདི་ཐེངས། 282609 བཀླགས་འདུག
།
།
སྐུ་བྱད་མཚན་དཔེའི་འཁྲི་ཤིང་ལ།།
ཤེས་རབ་འདབ་མ་རབ་ཏུ་འཚར།།
ངུར་སྨྲིག་སྤྲོས་པའི་ལང་ཚོ་དེ།།
གདུལ་བྱའི་མིག་ལ་ལྷག་ཏུ་མཛའ།།
།
བསྟན་པའི་སྲོག་དེ་འདུལ་བའི་བསླབ།།
མིག་ལྟར་གཅེས་པའི་དགེ་འདུན་གྲལ།།
ཀུན་ལས་རྒྱལ་བའི་ཡང་རྩེ་རུ།།
བརྩེ་བས་འཛུམ་ལ་རྗེས་ཆགས་ཡིན།།
།
ཞི་བ་ལྷ་ཡི་ཆ་བྱད་ཅན།།
ཐུགས་སྙིང་ཡངས་པོའི་ས་གཞི་རུ།།
ཀུན་དགའི་མེ་ཏོག་བཞད་པ་ཁྱེད།།
བླ་མ་ལྷ་ཡི་རྣམ་རོལ་མཁྱེན།།
།
རྣམ་རྟོག་ནགས་ཚལ་སྟུག་པོ་ན།།
མུན་གཉེན་ཤེས་རབ་རལ་གྲི་ཐོགས།།
ཀུན་གྲོལ་ཟླ་བའི་བསིལ་འོག་ཏུ།།
ཡི་མུག་མྱ་ངན་སེལ་བ་པོ།།
།
མཇལ་བའི་གཟུགས་ལ་དད་ཅིང་གུས།།
ཐོས་པའི་གསུང་ལ་ཡ་མཚན་པ།།
མཇལ་ཐོས་ཙམ་གྱིས་ཀུན་གྲོལ་བའི།།
འཇིག་རྟེན་མི་ལ་ཁྱེད་གཅིག་པུ།།
།
ཉོན་མོངས་ཞི་བའི་ཁྱེད་ཉིད་ལ།།
ཐབས་མཁས་བརྩེ་བ་རིས་མེད་པས།།
མཐོ་དམན་ཀུན་ལ་ཆ་སྙོམས་ཐུགས།།
མགོན་པོ་མཆོག་དགའ་ཤིན་ཏུ་མཛེས།།
།
ཕར་ཕྱིན་བཅུ་ཡི་གུར་ཁང་ནས།།
ཀུན་ལ་ཚུལ་ཁྲིམས་དྲི་ངད་འཐོར།།
གང་ཞིག་གདུང་བས་མོས་གུས་ན།།
འདས་པའི་ལམ་གྱི་སྣ་ཁྲིད་མཛོད།།
།
ཡིད་འོང་གོམ་འགྲོས་ངང་བའི་སྟངས།།
ཨེ་མ་དེ་ནི་རྨད་དུ་བྱུང་།།
ཉེས་ཚོགས་དྲྭ་བ་རྨེག་མེད་པས།།
བློ་ལྡན་མིག་གི་དགའ་སྟོན་ཡིན།།
།
མཁྱེན་དཔྱོད་གཞུང་ལ་ཐོགས་མེད་པ།།
སྐྱོན་བྲལ་པདྨའི་འཛུམ་ཆུང་ལས།།
རྣམ་མང་དགེས་པའི་མགུར་མ་གྲོལ།།
གཟུགས་ལྡན་རྣ་ཡི་བདུད་རྩི་རྨད།།
།
ལས་ཀྱིས་སྨིན་པའི་འགྲོ་བ་ལ།།
སྦྱིན་པའི་གཡབ་མོས་ལེགས་བོས་ནས།།
ཞལ་གྱི་དཀྱིལ་འཁོར་ཟོལ་མེད་ངང་།།
ཡང་ཡང་འཛུམ་པས་གཉེན་དུ་གྱུར།།
།
ཕྱོགས་མཚམས་ཀུན་ལ་སྤྱན་ཟུང་གཡོ།།
མགོན་མེད་གླིང་ལ་རབ་བརྩེ་སྟེ།།
འཇིགས་མེད་ཐུགས་ཀློང་ནམ་མཁའ་ནས།།
གང་ཞིག་དད་པས་གདུང་སྐྱོབ་འཕྲོ།།
།
བྱམས་པའི་འོད་ཟེར་སྤྱན་ལས་འཛར།།
སུ་མཐོང་སུ་ཡང་ཁྱད་མེད་པར།།
ཀུན་ལ་ལྷད་མེད་ངག་ཞི་བ།།
ཨེ་མ་འདི་ནི་གངས་རིའི་མགོན།།
།
ལེགས་ཚོགས་བཀྲ་བའི་ཤ་གཟུགས་དེ།།
ཀུན་མཉེས་ཡོན་ཏན་བང་གི་མཛོད།།
སྔོན་ལས་མཐུ་ཡིས་འདིར་བྱོན་པས།།
རེ་ཞིག་སེམས་ཅན་བདེ་བར་གནས།།
།
གང་ཞིག་བླ་མའི་ཐུགས་སྟོབས་དང་།།
འགྱུར་མེད་ང་ཡི་དད་གུས་གཉིས།།
འབྲལ་མེད་སྨོན་ལམ་གཙང་མ་འདི།།
དཀར་པོའི་སེམས་ནས་ཡང་ཡང་འདེབས།།
།
བསྟོད་ཚིག་རྒྱན་གྱི་འཕྲེང་བ་འདི།།
སྐར་འོད་ཅེས་པའི་ཐ་ཤལ་གྱིས།།
འབྲི་འདོད་འདུན་པ་མ་ཐུབ་པས།།
ཉེས་ཚོགས་དྲི་མ་ཅི་མཆིས་མཐོལ།།
༢༠༢༢//༢//༡༣ཉིན་ལ་བྲིས།
བསམ་ཚུལ་ཕྲིས།