བན་བོན་རིག་གཞུང་ཁྲོད་ཀྱི་རིག་འཛིན་སྐོར་ཞིབ་བསྡུར།
རྩོམ་ཡིག་འདི་ཐེངས། 205862 བཀླགས་འདུག
དགེ་བློ་གྲོས།
ནང་དོན་གནད་བསྡུས།
བན་བོན་གཉིས་ཀྱི་རྒྱུད་གཞུང་དུ་བཤད་པའི་རིག་འཛིན་ཞེས་པའི་སྐོར་ལ་དཔྱད་ཞིབ་དང་། བསེན་ཐུབ་ཀྱི་འགྲེལ་དུ་གསུངས་པའི་རིག་འཛིན་ཐར་བའི་ལམ་བརྒྱད་སོགས་གསང་སྔགས་གནད་ཀྱི་རྫོང་འཕྲང་ལས་ངོ་བཤུས་བྱས་པའི་སྐོར་ལས་འཕྲོས་ཏེ། བན་བོན་གྱི་གཞུང་མི་འདྲ་བ་སྐོར་ཞིག་ལས་རིག་འཛིན་སོགས་ཀྱི་ས་མཚམས་འཇོག་སྟངས་དང་། རིག་འཛིན་ལ་དབྱེ་སྟངས་མི་འདྲ་བ། དཔེར་ན། རིག་འཛིན་རྣམ་བཞི་དང་། རིག་འཛིན་རྣམ་དྲུག རིག་འཛིན་རྣམ་བརྒྱད། རིག་འཛིན་རྣམ་བཅུ་སོགས་ཀྱི་རྣམ་བཞག་འབྱེད་མཁན་སུ་ཡིན་མིན་སྐོར་ཕན་ཚུན་དཔྱད་བསྡུར་བརྒྱུད་ནས་འབྲི་ཁུལ་བྱས་པ་ཞིག་ཡིན།
བརྡ་ཆད་གཙོ་བོ།
རིག་འཛིན། སེམས་དཔའ།
སྤྱིར་ན་བོད་ཀྱི་རིག་གཞུང་ལ་ཐབས་ལམ་མི་འདྲ་བ་མང་པོ་བཀོལ་ནས་དཔྱད་ཞིབ་བྱ་ཆོག་པ་མ་ཟད། དེང་སང་མི་བྱིངས་ཆེ་བས་རྩོམ་ཡིག་གི་ལམ་ནས་རིག་གཞུང་ལ་དཔྱད་པ་གཏོང་གིན་ཡོད་ལ། སྤྱི་ཚོགས་ནས་དགོན་སྡེའི་རབ་བྱུང་པ་དག་གིས་ཀྱང་རྟགས་གསལ་གྱི་ལམ་ནས་རིག་གཞུང་ལ་ལྟ་བའི་རིག་གནས་ཤིག་ལས་བརྒལ་ཅི་ཐུབ་བྱས་ཏེ། དེང་རབས་དཔྱད་རྩོམ་འབྲི་བའི་ལམ་དུ་བུད་ནས་ཡུན་རིང་ཡིན་པར་མ་ཟད། ལྟོས་འཇོག་གིས་གྲུབ་འབྲས་ཀྱང་ལོན་ཚོད་གདའ། དེ་ཡིན་ཙང་། ངས་ཀྱང་རྩོམ་ཡིག་གི་ལམ་ནས་བོན་གྱི་གསང་སྔགས་གཞུང་ལས་གསུངས་པའི་རིག་འཛིན་ནམ་སེམས་དཔའ་ཞེས་པའི་ཡིག་འབྲུ་འདི་གཉིས་ལས་གྱེས་ཏེ་རགས་བཤད་ནས་ཞིབ་བཤད་ཀྱི་ལམ་དུ་གང་ཐུབ་ཐུབ་ཀྱིས་བུད་དེ། བོན་གྱི་མཁས་པ་རེ་འགའི་རིག་འཛིན་སྐོར་ལ་བཟུང་བའི་ལྟ་ཚུལ་འདྲ་མིན་དང་ཡང་ན་ནང་ཕན་ཚུན་འགལ་འདུ་ཡོད་མེད་ཀྱི་སྐོར་ནས་རིག་འཛིན་ཞེས་པ་ཡང་སྙིང་ཅི་ཞིག་ཡིན་མིན་བཤད་པར་སྤྲོ་བས་བརྟས་ཤིང་། དེ་དང་ལྷན་དུ་གཞན་སྡེའི་རིག་གཞུང་སྐོར་ཞིག་ལའང་ཟུར་ཙམ་བལྟས་པས་གཞན་སྡེའི་རྡོ་རྗེ་ལས་རིམ་ཞེས་པའི་གཞུང་འདི་དང་བོན་གཞུང་ཁྲོ་བོ་རྒྱུད་དྲུག་གཉིས་ལ་འདྲ་བའི་ཆ་མང་བས་གང་ལས་གང་སྔ་མིན་གྱི་སྐོར་ཡང་དོགས་འདྲི་ཞིག་གི་ལམ་ལ་བུད་ནས་བརྗོད་ཁུལ་བྱས་ཏེ་ད་ནི་གཞུང་དངོས་ལ་འཇུག་པར་བྱ་ལ་དེ་ཡང་ཁོ་བོས་སྔར་དཔེ་ཀློག་ཁྲོད་ནས་རྙེད་པའི་རིག་འཛིན་གྱི་སྐོར་གླེང་ཡོད་སའི་བན་བོན་གྱི་གཞུང་མི་འདྲ་བ་འགའ་ཡོད་པ་ལས་ཐོག་མར་ཁྲོ་བོ་རྒྱུད་དྲུག་གི་བྱུང་རིམ་དང་། མཛད་པ་པོ་སོགས་ངོ་སྤྲོད་བརྒྱུད་ནས་ཁྲོ་བོ་རྒྱུད་དྲུག་ཏུ་གསུངས་པའི་སེམས་དཔའ་རྣམ་བཞི་སྐོར་གྱི་ལུང་ཚིག་ཇི་བཞིན་དྲངས་ཏེ། དེར་འབྲེལ་གྱི་རིག་འཛིན་སྐོར་འཆད་སའི་རིག་གཞུང་དག་རིམ་བཞིན་གླེང་ནས། མཐར་གཞུང་དེ་དག་གི་ལུང་ཚིག་ཕན་ཚུན་ཞིབ་བསྡུར་བྱས་ནས་དཔྱད་པ་བཏང་སྟེ་རིགས་སྨྲ་ཡོངས་ལ་བློ་འདྲི་གྲོས་གསུམ་དུ་ཕུལ་བའོ། །
ཁྲོ་བོ་རྒྱུད་དྲུག་དང་སེམས་དཔའ་རྣམ་བཞི།
ཁྲོ་བོ་རྒྱུད་དྲུག་ཅེས་པ་ནི་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་གསུངས་ཤིང་། བོན་གྱི་ལོ་རྒྱུས་ལྟར་ན། ཕྱིས་སུ་སྤུ་རྒྱལ་བོད་ཀྱི་རྒྱལ་ཐོག་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་བོན་རྡུང་ཆོས་སྐྱོང་ཞེས་པའི་རྩ་འཛུགས་ཤིག་བཙུགས་ཏེ་བཙན་གྱིས་བོན་དཔེ་རྣམས་ཆུ་ལ་བསྐྱུར་བ་དང་། མེ་ལ་བསྲེགས་པ། ལ་ལ་གཡའ་གོང་དང་གངས་གོང་དུ་འཁྱེར་ཅིང་བློན་པོ་གདུག་པ་ཅན་རྣམས་ཀྱིས་རླུང་ལ་བསྐུར་ཏེ་ཡ་ང་བའི་སྐྱོ་སྣང་དང་བཅས་བོན་དཔེ་རྣམས་ནུབ་ལ་ཁད་དུ་བྱས་རབས་ཀྱི་ལོ་རྒྱུས་མང་ཞིང་། སྐབས་ཀྱི་བླ་ཆེན་དྲན་པ་ནམ་མཁའ་སོགས་ཀྱིས་བོན་དཔེ་རེ་འགའ་ཕོ་བྲང་དབུས་ཀྱི་ཡང་རྩེར། བསེ་སྒྲོམ་སྨུག་པོའི་ནང་དུ། གསེར་དང་ཁྲོ་ཆུའི་འཐེབ་རྒྱས་བཏབ་ནས་བཞག་རབས་སོགས་གསུང་གིན་ཡོད་ལ། སྒོས་སུ་འདིར་བཤད་པར་བྱ་བའི་སྤ་གྲོའི་ཁྲོ་བོ་རྒྱུད་དྲུག་འདི་ཉིད་ནི་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་འབྲིང་བ་མུ་དུག༼མུ་ཏིག༽བཙན་པོ་དང་ཁྱུང་པོའི་བོན་པོ་གྱེར་ཟླ་མེད་གཉིས་ཀྱིས་ཕོ་བྲང་བསེ་སྒོ་ཅན་ནས་བཏོན་ཏེ་སྤ་གྲོ་རུ་སྦས་ཚུལ་སོགས་ཀྱི་ལོ་རྒྱུས་དག་ནི༼འགྲེལ་བཞི་རིག་པའི་རྒྱ་མཚོའི༽དབུར་གསལ་ཞིང་། ད་རུང་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི༼གཏེར་གྱི་ཁ་བྱང་༽དང་། སྤ་བསྟན་རྒྱལ་བཟང་བོའི༼དར་རྒྱས་གསལ་སྒྲོན༽གཉིས་ཀར་གསལ་བས་རྒྱས་བཤད་མི་དགོས་ཤིང་དེར་གཟིགས་པས་འཐུས་པ་ལ། སྔོན་གྱི་བོན་གཤེན་རྣམས་ཀྱིས་གཡུང་དྲུང་བོན་འདི་དུས་གཏན་དུ་ནུབ་པ་ལ་ཐུགས་ཡིད་མ་དགྱེས་པར་སྨོན་ལམ་བཏབ་པའི་མཐུ་ལས་བོན་དཔེ་འགའ་ནུབ་མ་བཏུབ་པར། བོན་བསྟན་ཕྱི་དར་གྱི་དབུ་བརྙེས་རྗེས་ཀྱི་ལོ་བདུན་གྱི་མཚམས་སུ་སྤྱི་ལོའི་དབང་དུ་༡༠༢༤ལོར་རྨེའུ་ལྷ་རུ་གཉན་པོ་དང་དུས་མཉམ་དུ་སྐུ་འཁྲུངས་པའི་ཁུ་ཚ་ཟླ་འོད་ཁོང་གིས་ད་ལྟ་(不丹)འབྲུག་ཡུལ་ཁོངས་གཏོགས་(巴卓)སྤ་གྲོའི་ཕུག་གཅལ་ནས་གཏེར་ནས་བཞེས་ཏེ་ཁྲོ་བོ་རྒྱུད་དྲུག་གི་འཕྲིན་ལས་ད་ལྟའང་མ་ཉམས་པར་དགོན་སྡེ་རུ་རྒྱས་དང་རྒྱས་བཞིན་པ་འདི་ཉིད་ཡིན་ཞིང་། ཁོང་ནི་ཐང་ཡིག་ལས་གསུངས་པའི་ཀུ་ས་སྨན་པ་དང་། གཞན་དུ་བཤད་པའི་སྐུ་ཚ་སྟོན་པ་དང་། ཀུན་སྤངས་ཟླ་འོད་སོགས་དང་གཅིག་ཡིན་པར་བཞེད་མཁན་ཡོད་པས་དཔྱད་པར་བྱ། དཔེར་ན། སྡེ་སྲིད་སངས་རྒྱ་མཚོས་མཛད་པའི་སྨན་གྱི་ཁོག་འབུབས་ལས། 1 ༼ཤ༡༤༠༽ ཀུ་ས་སྨན་པ་གྲགས་པས་སྤ་གྲོ་བཅལ་སོགས་ནས་ཆོས། སྨན། བོན་གསུམ་གྱི་བབ་གཏེར་དུ་མ་བཏོན་ཅིང་། གཏེར་ཆེན་གཞན་ལས་ཀྱང་སྨན་དཔྱད་ཀྱིས་འགྲོ་དོན་རྒྱ་ཆེ་བ་འབྱུང་བ་དང་། ཞེས་གསུངས་པར་གཞིག་ན་ཀུ་ས་སྨན་པ་ཟེར་བ་དེ་ཁུ་ཚ་ཟླ་འོད་དང་གཅིག་རེད་སྙམ་པའི་དོགས་པ་ཞིག་ཀྱང་མི་སྐྱེ་རང་སྐྱེ་ཡིན་ལ། གཞན་དུ་གཡུ་ཐོག་ཞེས་ཀྱང་གྲགས། ལར་དག་སྣང་གི་ངོས་ནས་བཤད་ན་ཁྲོ་བོ་རྒྱུད་དྲུག་གི་གཞུང་བརྩམས་ནས་དུས་ཡུན་རིང་བོ་ཞིག་ཡིན་པར་རོབ་ཙམ་བཤད་ན་མི་ལོ་ཁྲི་གཅིག་གི་སྔོན་ཞིག་ཡིན་པར་གསུངས་ཀྱིན་འདུག་ལ། དངོས་གཙོ་སྨྲ་བའི་ཞིབ་འཇུག་ལྟར་ན་ཧ་ལམ་མི་ལོ་སྟོང་གཉིས་གསུམ་ཙམ་ཞིག་ཡིན་སྙམ། གཏེར་གྱི་དབང་དུ་བྱས་ན༢༠༢༡ལོའི་དབར་མི་ལོ་ཏག་ཏག༩༨༢ཡས་མས་ཤིག་འགྲོ་བཞིན་ཡོད། ཁྲོ་བོ་རྒྱུད་དྲུག་ནི་གསང་སྔགས་ཀྱི་གཞུང་ཆེན་པོ་ཞིག་ཡིན་པར་མ་ཟད་རྒྱུད་དྲུག་གི་ནང་གསེས་རྒྱུད་དང་པོ་ལྟ་བ་ཁྱུང་ཆེན་གྱི་རྒྱུད་ལ་ལེའུ་ཉེར་བཞི་དང་། རྒྱུད་གཉིས་པ་རྫུ་འཕྲུལ་དྲ་བའི་རྒྱུད་ལ་ལེའུ་སུམ་ཅུ། རྒྱུད་གསུམ་པ་འགུ་ཡ་སྲོག་འཛིན་གྱི་རྒྱུད་ལ་ལེའུ་ཉེར་དགུ། རྒྱུད་བཞི་བ་གསང་བ་དགུ་འཕར་གྱི་རྒྱུད་ལ་ལེའུ་བཅུ་དགུ། རྒྱུད་ལྔ་བ་དབལ་མོ་ལས་ཀྱི་ཐིག་ལེའི་རྒྱུད་ལ་ལེའུ་སོ་གསུམ། རྒྱུད་དྲུག་པ་གསང་བ་ཐབས་ཞགས་ཀྱི་རྒྱུད་ལ་ལེའུ་བཅུ་དྲུག་དང་ཁྱོན་ལེའུ་བརྒྱ་དང་ང་གཅིག་གིས་གྲུབ་པ་ཞིག་སྟེ། གཞུང་དེ་ཉིད་དུ་རིག་འཛིན་གྱི་དོད་དུ་སེམས་དཔའ་ཞེས་པའི་ཐ་སྙད་ཆེད་སྤྱོད་བྱས་ནས་བྲིས་ཡོད་ལ། དེ་ཡང་རྣམ་སྨིན་སེམས་དཔའ་སོགས་གཙོ་བོ་རྒྱུད་དང་པོ་ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད་དང་། རྒྱུད་དྲུག་པ་གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་དུ་རྒྱས་བཤད་གནང་ཡོད་པ་ལས། རྒྱུད་གཞན་པ་དག་ལས་མདོར་ཙམ་མ་གཏོགས་བསྟན་མེད་སྙམ། མདོར་ན་ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད་ཀྱི་ལེའུ་དྲུག་པ་ལས། 2༼ཤ ༡༨ ༽བསྒྲུབས་པས་ལུས་ཁམས་སྐྱེ་གནས་ཀྱི། ། ཟག་པ་ཟད་ནས་མཐོང་ལམ་དུ། ། ཚེ་ལ་དབང་ཐོབ་སེམས་དཔའ་དང་། ། ཡི་དམ་ལྷར་སྨིན་སེམས་དཔའ་ཐོབ། ། དེ་ཚེ་བསྒོམ་པའི་ལམ་དུ་ནི། ། སྤྲུལ་བའི་སྐུ་ལ་ཐོས་པ་དང་། ། བསམ་དང་བསྒོམ་པའི་ཤེས་རབ་སྦྱངས། ། དེ་ལ་ཀུན་འགྲོའི་སྒྲིབ་པ་དག། བསྒོམ་ལམ་ཕྱག་རྒྱ་ཆེན་པོ་ཐོབ། ། དེ་བསྒོམ་ལོངས་སྤྱོད་རྫོགས་སྐུ་ལ། ། ཐོས་བསམ་སྒོམ་གསུམ་ཉིད་སྦྱངས་པས། ། ལྷན་ཅིག་གནས་པའི་སྒྲིབ་པ་ཉིད། ། དག་ནས་ཐར་ལམ་ལྷུན་གྲུབ་ཐོབ། ། ཅེས་པས་སེམས་དཔའ་རྣམ་བཞི་བསྟན་ཡོད་པ་ཕན་ཆད་ནས་ས་མཚམས་བསྟན་ཡོད་དེ། ཚེ་དབང་དང་རྣམ་སྨིན་གཉིས་མཐོང་ལམ་ནས་ཐོབ་པ་དང་། སྒོམ་ལམ་ནས་ཕྱག་ཆེན་སེམས་དཔའ། རྒྱུན་མཐའ་ནས་ལྷུན་གྲུབ་སེམས་དཔའ་ཐོབ་པར་བསྟན་ཡོད་ལ། སེམས་དཔའ་རྣམ་བཞིའི་སྦྱང་བྱའི་སྒྲིབ་པ་སོགས་རེ་རེ་བྱས་ནས་བསྟན་ཡོད།ཡང་རྒྱུད་དྲུག་པ་ཐབས་ཞགས་ཀྱི་ལེའུ་བདུན་པ་ལས།3༼ཤ ༣༣༠༽དེ་ཡི་ལམ་ལ་གསུམ་ཡིན་ཏེ། ། མཐོང་ལམ་སྒོམ་ལམ་མཐར་ལམ་མོ། ། མཐོང་བའི་ལམ་ལ་རྣམ་སྨིན་དང་། ། སེམས་དཔའ་དེ་ཉིད་གང་ཞེ་ན། ། ཚེ་ལ་དབང་ཐོབ་སེམས་དཔའ་འོ་ཞེས་པ་ནས་གཡུང་དྲུང་ལྟ་བུའི་ཏིང་འཛིན་གྱིས། ། སངས་རྒྱས་ས་ལ་སྦྱོར་ཚུལ་ནི། ། དེ་མིང་དབང་བསྒྱུར་སྒྲུབ་གཤེན་ཏེ། ། བརྒྱ་ཕྲག་ཆ་རྫོགས་དུས་བར་དུ། ། གོམས་པར་བྱས་པས་ཕྱག་རྒྱ་ཆེ། ། ལྷུན་གྱིས་གྲུབ་པའི་སེམས་དཔའ་གཉིས། ། ཞེས་པས་ཀྱང་མཐོང་སྒོམ་མཐར་གསུམ་གྱིས་བསྡུས་པའི་སེམས་དཔའ་རྣམ་བཞི་སོགས་གསུངས་ཡོད་པར་མ་ཟད། དེ་ཉིད་ཀྱི་ལེའུ་བརྒྱད་པ་ལས། 4༼ཤ༣༣༡ ༽མཐོང་ལམ་རྣམ་སྨིན་སེམས་དཔའ་དང་། ། ཚེ་ལ་དབང་ཐོབ་སེམས་དཔའ་ཡི། ། དབྱེ་བའི་ས་ནི་གཅིག་ཡིན་ནོ། ། ཞེས་གསང་སྔགས་མཐོང་ལམ་དུ་རྣམ་སྨིན་སེམས་དཔའ་དང་། ཚེ་དབང་སེམས་དཔའ་གཉིས་ཀ་ཐོབ་པར་གསུངས་ཡོད། རིག་འཛིན་གྱི་དོད་དུ་སེམས་དཔའ་ཞེས་སྨོས་པར་བལྟས་ན། སྔགས་ཕྱི་ནང་གི་ཁྱད་པར་ཙམ་མ་ཡིན་པར་སྒྲུབ་གཤེན་གང་དེས་གསང་སྔགས་མཐོང་ལམ་ཐོབ་པ་ནས་སེམས་དཔའ་ཟེར་དགོས་པ་མ་ཟད། རིག་འཛིན་ཞེས་ཀྱང་བསྙད་ཆོག་པར་སྙམ། ཚིག་གི་ངོ་གདོང་ནས་ཐ་སྙད་དེ་གཉིས་ལ་ཁྱད་པར་ཅུང་ཙམ་ཡོད་སྲིད་ནའང་། དོན་ལ་དེ་གཉིས་མིང་གི་རྣམ་གྲངས་ཙམ་ལས་དོན་དུ་གཅིག་པར་སྣང་། གཞུང་འདི་ལས་བསྟན་པའི་སེམས་དཔའ་རྣམ་བཞི་སྟེ། རྣམ་སྨིན་སེམས་དཔའ་དང་། ཚེ་དབང་སེམས་དཔའ། ཕྱག་ཆེན་སེམས་དཔའ། ལྷུན་གྲུབ་སེམས་དཔའ་དང་བཞི་ལས་གསུངས་མེད་ལ། དེ་ཡང་སེམས་དཔའ་རྣམ་བཞི་དང་རིག་འཛིན་སྐོར་ཐོག་མར་གསུང་སའི་གཞུང་ཞིག་ངོས་འཛིན་དགོས་ན། ཁྲོ་བོ་རྒྱུད་དྲུག་ལས་གཞན་བན་བོན་གཉིས་ཀྱི་གཞུང་ལ་སྔར་མེད་སྙམ། གཞན་སྡེའི་རྣལ་འབྱོར་བཞིའང་ཟེར།
རྡོ་རྗེ་ལས་རིམ་དང་རིག་འཛིན་རྣམ་བཞི།
རྡོ་རྗེ་ལས་རིམ་ཞེས་པའི་མཚན་ཆ་ཚང་ལ་གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་ཞིང་གཞུང་དེའི་མཛད་པ་པོ་སློབ་དཔོན་སངས་རྒྱས་གསང་བ་ནི་གཞན་སྡེའི་གསང་སྔགས་བརྒྱུད་རིམ་ནང་གི་བླ་མ་གཙོ་བོ་ཞིག་ཡིན་ཞིང་། ཁོང་གིས་རྒྱལ་པོ་ཀུ་ཀུ་རཱ་ཛས་གསང་སྔགས་བརྒྱུད་སའི་སློབ་དཔོན་སྒེག་པ་རྡོ་རྗེ་མཆོག་སློབ་དཔོན་དུ་བསྟེན་ཏེ། སློབ་དཔོན་སྒེག་པ་རྡོ་རྗེའི་མདུན་ནས་རྣལ་འབྱོར་རྒྱུད་དང་། བླ་མེད་ནང་རྒྱུད་སྡེ་ལྔ་སོགས་ལ་གསན་བཞེས་གནང་ཞིང་། ཁྱད་པར་སྒྱུ་འཕྲུལ་ལ་མཁས་པ་ཞིག་ཡིན། ཕྱིས་སུ་སངས་རྒྱས་ཞི་བ་དང་ལྷན་དུ་རི་བོ་ཏི་སིར་སྒྲུབ་པ་མཛད་རྗེས། ཕྱིར་ཡུལ་ཝཱ་ར་ཎ་སིར་ཆོས་སྟོན་བཞིན་ལོ་མང་བཞུགས་ཤིང་། སླར་ཡང་རི་ཏི་སི་ནས་སྒྲུབ་པ་མཛད་ཅིང་། མཐར་སྐུ་ལུས་མི་སྣང་བར་གྱུར་རབས་ཀྱི་ལོ་རྒྱུས་ཡོད། མདོར་ན། སློབ་དཔོན་སངས་རྒྱས་གསང་བ་ནི་བོད་ཀྱི་རྒྱལ་ཐོག་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་གསང་སྔགས་ལ་མཁས་ཤིང་། གསང་སྔགས་ཀྱི་བསྟན་པ་བསྐྱངས་བའི་རྒྱ་གར་གྱི་མི་སྣ་ཞིག་ཡིན་སྙམ། རྡོ་རྗེ་ལས་རིམ་ནི་ཁྲི་སྲོང་ལྡེའུ་བཙན་སྐབས་རྒྱ་གར་གྱི་མཁན་པོ་མ་ཧཱ་པཎྜི་ཏ་བུདྡྷ་གུཧྱ་ཉིད་དང་། བོད་ཀྱི་ལོ་ཙཱ་པ་གཉགས་ཛྙཱ་ན་ཀུ་མཱ་རས་མང་ཡུལ་ཁྲི་བབས་སུ་བསྒྱུར་ཅིང་། ཕྱིས་སུ་རྒྱ་གར་མཁན་པོ་མཧཱ་པཎྜི་ཏ་བི་མ་ལ་མི་ཏྲ་དང་བོད་ཀྱི་ལོ་ཙཱ་པ་གཉགས་ཛྙཱ་ན་ཀུ་མཱ་ར་ལ་སོགས་པས་བསྐྱར་དུ་ཞུས་དག་བྱས་ནས་གཏན་ལ་ཕབ་རབས་སོགས་གཞུང་དེའི་མཇུག་བྱང་དུ་གསལ་བར་བལྟས་ན། གཞུང་དེ་ཉིད། དུས་རབས་བརྒྱད་པའི་ནང་བོད་ཡིག་ཏུ་འགྱུར་བ་ཡིན་པས། ད་དབར་དུ་སྤྱི་ལོའི་དབང་དུ་བྱས་ན་སྟོང་དང་བརྒྱ་ཡས་མས་ཤིག་ལས་འགོར་མེད་སྙམ་པས་བརྟག་པར་འཚལ། ལར་རྡོ་རྗེ་ལས་རིམ་གྱི་གཞུང་ནི་ལེའུ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཡིན་ཞིང་། བྱུང་རིམ་གྱི་ཆ་ནས་ཁྲོ་བོ་རྒྱུད་དྲུག་དང་བསྡུར་ན། ཕྱིས་འབྱུང་གི་རིག་གཞུང་ཞིག་ཏུ་ངོས་འཛིན་ཆོག་པར་སྙམ། དེ་བཞིན་གཞན་སྡེའི་རྔམ་གློག་ཅེས་པའི་གཞུང་དེ་ཡང་ཁྲོ་རྒྱུད་དང་བསྡུར་ན་འཕྱི། གཞུང་དེའི་ལེའུ་བརྒྱད་པའི་ནང་དུ་ལྟོས་འཇོག་གིས་རིག་འཛིན་སྐོར་རྒྱས་བཤད་གནང་ཡོད་པ། དཔེར་ན། གཞུང་དེ་ཉིད་ལས། 5༼ ཤ༣༨༽ ལུས་ཀྱི་དྲ་བས་བསྒྲིབས་གྱུར་པས། ། ཀ་ལ་པིངྐ་མི་འཇིགས་བཞིན། ། བྲལ་ནས་སྣང་བྱེད་དེ་རྣམ་སྨིན། ། ཡིད་ཀྱི་ལྷ་ཡི་གཟུགས་བཟུང་ཞིང་། ། ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། ། ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་ན། ། རྣམ་པར་སྨིན་ཞེས་དེ་ལ་བརྗོད། ། ཅེས་པའི་རྣམ་སྨིན་རིག་འཛིན་དང་། ཡང་དེ་ཉིད་ལས། ལུས་ཁམས་སྐྱེ་གནས་ཟད་པ་ཟད། ། རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། ། མཐོང་བའི་ཆོས་ལ་མྱ་ངན་འདའ། ། ལུས་མ་བོར་སངས་རྒྱས་ས། ། ཞེས་པའི་ཚེ་དབང་རིག་འཛིན་དང་། ཡང་དེ་ཉིད་ལས། ལམ་ཀུན་རྫོགས་པའི་བྱིན་སྟོབས་ཀྱིས། ། རྣལ་འབྱོར་བྲལ་ནས་ལྷུན་གྱིས་གྲུབ། ། ལྷན་ཅིག་གནས་པའི་དྲི་མ་དག། བཙལ་བ་མེད་པར་ལྷུན་གྲུབ་ཐོབ། ། དེ་དེས་མངོན་དུ་བྱས་པ་ཡི། ། ལྷུན་གྱིས་གྲུབ་པའི་རིག་པ་འཛིན། ། ཞེས་ལྷུན་གྲུབ་རིག་འཛིན་དང་དེའི་སྦྱང་བྱའི་སྒྲིབ་པ་བསྟན་ཡོད་ལ། རྣམ་སྨིན་རིག་འཛིན་དང་། ཚེ་དབང་རིག་འཛིན། ཕྱག་རྒྱ་རིག་འཛིན། ལྷུན་གྲུབ་རིག་འཛིན་ཞེས་བཞི་ཀ་ལ་རིག་འཛིན་ཞེས་པའི་ཐ་སྙད་དངོས་སུ་སྦྱར་ཡོད་པ་ལས། ཁྲོ་བོ་རྒྱུད་དྲུག་གི་གཞུང་དང་འདྲ་བའི་ཆའང་མང་ཞིང་གཞན་དམིགས་བསལ་བ་མེད་སྙམ།
གསང་སྔགས་རྫོང་འཕྲང་དང་རིག་འཛིན་རྣམ་བཅུ།
གསང་སྔགས་རྫོང་འཕྲང་ནི་རྩོད་གཞི་ཅན་གྱི་གཞུང་ཞིག་སྟེ། ལ་ལས་བཀའ་དང་ལ་ལས་བཀའ་བརྟེན་ཡིན་པར་བཞེད་ཀྱིན་ཡོད་ནའང་། གཞུང་གི་དབུ་མཇུག་གཉིས་ཀར་མཇལ་བས་བཀའ་བརྟེན་ཡིན་པར་རྦད་ཀྱིས་བཅད་དེ་སྨྲ་སྤོབས། གཞུང་འདི་ལ་མཚན་འདོགས་སྟངས་ཀྱི་ཆ་ནས་རྣམ་པ་གཉིས་སུ་འདུག་སྟེ། དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེས་པར་སྐྲུན་གནང་བའི་དེབ་གཟུགས་ཅན་ཏེ། ཁ་བྱང་ལ༼གསང་སྔགས་རྫོང་འཕྲང་དང་མན་ངག་གནད་ཀྱི་རྫོང་འཕྲང་རྫས་ལྔ་རིན་ཆེན་སྒྲོན་མ་བཅས་བཞུགས༽ ཞེས་པའི་དཔེ་ཆའི་ནང་གི་མན་ངག་གནད་ཀྱི་རྫོང་འཕྲང་དང་གསང་སྔགས་རྫོང་འཕྲང་གཉིས་ཀ་གཞུང་མི་འདྲ་བ་གཉིས་ལ་ངོས་འཛིན་གནང་འདུག་ནའང་། དོན་དམ་དུ་གོང་དུ་བཤད་པའི་མན་ངག་གནད་ཀྱི་རྫོང་འཕྲང་ཉི་འོད་རྒྱན་ཞེས་བྱ་བ་ཉིད་ལ་ཐད་ཀར་གསང་སྔགས་གནད་ཀྱི་རྫོང་འཕྲང་ཞེས་བརྡ་སྦྱར་ཡོད་དེ། དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེས་དཔར་དུ་བཏབ་པའི་མན་ངག་གནད་ཀྱི་རྫོང་འཕྲང་ཞེས་པའི་དབུར6༼ཤ༡༽གསང་སྔགས་གནད་ཀྱི་རྫོང་འཕྲང་འདི་འཆད་པ་ལ། རྩིས་འགོ་དོན་བརྒྱད་ཀྱིས་དོན་སྟོན་ཏེ། ཞེས་གསུངས་པར་གཞིག་ན་གཞུང་དངོས་གསང་སྔགས་གནད་ཀྱི་རྫོང་འཕྲང་དེ་ག་རང་ཡིན་པའི་བདེན་ཁ་རྙེད་ཐུབ་པ་ཡིན། གསང་སྔགས་གནད་ཀྱི་རྫོང་འཕྲང་གི་གཞུང་འདི་ནི་བསྟན་པ་ཕྱི་དར་ནས་བཟུང་ལྷོ་དབུས་བྱང་གསུམ་ལུགས་ཀྱི་ཐེག་པ་དགུ་ཞེས་པའི་ཐ་སྙད་ཁྱབ་ཁོངས་ནས་བསྙད་ན།གཞུང་འདི་ནི་ལྷོ་གཏེར་ལུགས་ཀྱི་ཐེག་དགུ་འཆད་པའི་གཞུང་ཡིན་ལ། མཛད་པ་པོའི་ཆ་ནས་གང་ཟག་གཅིག་མ་ཡིན་པར་སྟག་གཟིག་དང་། རྒྱ་གར། ཞང་ཞུང་། ཕྲོམ། རྒྱ་ནག ཁ་ཆེ། བལ་པོ། བྲུ་ཤ ཨུ་རྒྱན། ཐོག་གར༼ཐོད་དཀར༽ མོན། ཡུ་གུར། མེ་ཉག བོད་པ་ལས་སོགས་ཞང་བོད་རིག་འཛིན་མཁས་པ་རྣམས་ཀྱིས་མཉམ་རུབ་ཀྱི་སྟེང་ནས་མཛད་པ་ཡིན་པར་གཞུང་རང་ལ་མཇལ་བས་ཤེས་ལ། མཇུག་བྱང་དུ་བལྟས་ན། དེ་ནི་ཕལ་ཆེར་བོད་ཀྱི་རྒྱལ་ཐོག་གཉིས་པ་མུ་ཁྲི་བཙད་པོའི་དུས་སྐབས་ཡར་མར་ཞིག་ནས་བོད་ལ་དར་ཡོད་པ་མིན་ནམ་སྙམ། ཅིའི་ཕྱིར་ཞེ་ན། གཞུང་གི་མཇུག་དེ་མ་ཐག་7༼ཤ་༣༨༥༽ཏུ་གཞུང་གི་བརྒྱུད་རིམ་འཆད་སྐབས། སྟག་གཟིག་ལི་མུར་གཙུག་ཕུད་ནས་མཁས་པ་མི་བཞི་ཡན་ཆད་ལ་རིམ་གྱིས་བརྒྱུད། དེ་ནས་བླ་དྲན་པ་ནམ་མཁའི་རང་བཞིན་པ། རྒྱལ་པོ་ཡི་གདུག་སེམས་དུན་རྩེའི་ཕྲག་དོག་གིས། ལན་གཅིག་རིན་ཆེན་གཏེར་དུ་སྦས་ཞེས་པས་རྟོགས་ཐུབ་པར་སྙམ་ལ། གཏེར་ཡུལ་རྒྱ་ནག་སྒྱུ་རིས་ཀྱི་གཡའ་མ་གཡུའ་རལ་ཡིན་པར་གཞུང་རང་གི་མཇུག་ཏུ་གསལ། དེ་ཡང་རྒྱ་ནག་སྒྱུ་རིས་ཀྱི་གཡའ་མ་གཡུའ་རལ་དེ་གང་ཞིག་ལ་ངོས་འཛིན་དགོས་མིན་དཔྱད་པའི་གནས་ལས་དེའི་སྐོར་ནས་ཁ་གསལ་ཞིག་ད་སྔ་རག་མ་སོང་། གཞུང་རང་དུ་གཏེར་ནས་འདོན་མཁན་མི་གསལ་ནའང་། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་༼༡༨༧༩ —-?༽བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀ་ལས། ༼8ཤ༧༥ ༽སྔར་གཟི་བོན་རྒུར་པོས་གཡའ་མ་གཡུའ་རལ་ནས་བཏོན་པའི་སྔགས་ཀྱི་རྫོང་འཕྲང་ཉི་འོད་རྒྱན་སོགས་དབུས་ཀྱི་གཏེར་འཕྲོ་དང་བཅས་པ་གཡས་རུའི་སློབ་དཔོན་འགའ་ལ་བརྒྱུད་འདུག་གོ་ཞེས་གསུངས་པར་གཞིག་ན་གཏེར་ནས་འདོན་མཁན་ནི་གཟི་བོན་རྒུར་པོ་དང་སྔགས་ཀྱི་རྫོང་འཕྲང་ཉི་འོད་རྒྱན་ཞེས་པ་དེ་ཡང་གསང་སྔགས་གནད་ཀྱི་རྫོང་འཕྲང་ཉི་འོད་རྒྱན་ལས་གཞན་མེད་པ་སྙམ་སྟེ། གཞུང་རང་དུ་གཏེར་གནས་གཡའ་མ་གཡུའ་རལ་ཡིན་པར་གསལ་བས་ཤེས་ཐུབ། རེད་དེ། དེ་ལ་བཤད་ཕྱོགས་གཞན་ཞིག་ཀྱང་ཡོད་དེ།ཞང་བོད་ཚིག་མཛོད་ཆེན་མོ་ལས། 9༼ཤ ༣༣༦ ༽གུ་རུ་རྣོན་རྩེས་རྟ་ནག་དུང་ཕོར་ལས་གཏེར་ལས་བཞེས་པར་གསུངས་ཡོད་པས་བརྟག་པར་འཚལ། དེ་ཡང་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་ཁོང་གིས་ཡིག་ཆ་གང་ཞིག་ལ་ཁུངས་བཅོལ་ཡོད་མེད་ནི་དགེ་འདུན་ཆོས་འཕེལ་གྱིས་གསུང་པ་བཞིན་ལོ་ངོ་ཉིས་སྟོང་བཞུགས་པའི་རྒན་པོ་འདྲ་ཡོད་ན་དྲི་བ་ཟད་མོད།གཞན་སུ་ཞིག་གིས་ཤེས་པ་ནུས། ཞེས་པའི་རྗེས་སུ་འབྲངས་བ་ལས་གཞན་མེད། གཏེར་སྟོན་པ་གཟི་བོན་རྒུར་པོ་ཞེས་པ་འདི་ནི་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་གཏེར་གྱི་ཁ་བྱང་དུ་གསུངས་པའི་གཟེ་བན་དང་། ཡང་ན་བསྟན་རྒྱལ་བཟང་པོས་དར་རྒྱས་གསལ་སྒྲོན་དུ་གསུངས་པའི་གཟེ་བོན་སྒུར་པོ་ཞེས་པ་རྣམས་མིང་གི་འབྲི་སྟངས་ཙམ་ལས་གང་ཟག་གཅིག་ལ་ངོས་བཟུང་ན་འགྲིག་སྙམ། གཟེ་བོན་སྒུར་པོ་དུས་རབས་ནམ་ཞིག་གི་མི་ཡིན་ནམ་ཞེ་ན། དེ་ནི་བོན་གྱི་གཏེར་སྟོན་པ་ཐོག་མར་གྲགས་པའི་ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་དང་དུས་མཉམ་ཡིན་ཞིང་། ཕལ་ཆེར་སྤྱི་ལོའི་དབང་དུ་བྱས་ན་དགུ་བརྒྱ་དང་ཞེ་དྲུག་ཡས་མས་ཤིག་ལ་འཁྲུངས་པ་ཡིན་པར་གསལ་ཏེ། དོན་འགྲུབ་ལྷ་རྒྱལ་གྱི་དཔྱད་རྩོམ་ཞིག་ཏུའང་།
༼ དཔྱོད་ལྡན་མཆོད་པའི་མེ་ཏོག་གི་སྤྱིའི་དེབ་གྲངས། ལྔ་བ། 10ཤ༥༣ ༽ལས། དེར་བརྟེན་ཨ་ཙ་ར་མི་གསུམ་པོས་བོན་གྱི་དཔེ་ཆ་གཏེར་ནས་བཞེས་པའི་དུས་ཚོད་དུས་རབས་བཅུ་བའི་དུས་དཀྱིལ་ཙམ་ཡིན་པ་དང་། དེ་ནི་གཤེན་ཆེན་ཀླུ་དགའ་ལས་དུས་རབས་ཕྱེད་ཀ་སྔ་བ་དང་བན་དེའི་གཏེར་སྟོན་ལ་སྔ་བ་ཉང་ཉི་མ་འོད་ཟེར༡༡༢༤—–༡༡༩༢ལས་ལོ་བརྒྱ་དང་སུམ་ཅུ་ཙམ་སྔ་བ་བྱུང་ཡོད་ཅེས་གསུངས་པས་ཨ་ཙ་ར་མི་གསུམ་གཤེན་ཆེན་ཀླུ་དགའ་ལས་ལོ་ལྔ་བཅུ་ཡས་མས་ཤིག་གིས་སྔ་བ་བསྟན་པས་ཤུགས་ཀྱིས་གཟི་བོན་སྒུར་པོའང་དེ་ཙམ་གྱིས་སྔ་བ་ཤེས་ཐུབ། གནད་དོན་ལྷག་མ་ཞིག་ཡོད་པ་ནི་གཟི་བོན་སྒུར་པོས་གསང་སྔགས་རྫོང་འཕྲང་ཉི་འོད་རྒྱན་གཏེར་ནས་བཞེས་པའི་དུས་ཚོད་རྦད་དེ་བསྙད་དཀའ།བྲག་དམར་བསམ་ཡས་ནས་ཨ་ཙ་ར་མི་གསུམ་གྱིས་གལ་གཟས་ནས་བླངས་པ་མ་ཡིན་པའི་བོན་སྒྲོམ་གསུམ་པོ། འདར་བན་ཤཱཀྱ་མུ་ནེ་དང་། མཆིམས་ཤཱཀྱ་བྲ་བ། འོ་མ་ཁ་བྱང་ཆུབ་སྡེར་བཅས་ལ་ནོར་དང་བརྗེས་ཤིང་། བན་དྷེ་གཉིས་ཀྱིས་ཞལ་ཕྱེ་ནས་བོན་དུ་སོང་བ་གོ་བས་ཞུགས་ལ་འབུལ་གྲབས་བྱེད་སྐབས། བོན་གྱི་ལོ་རྒྱུས་ལྟར་ན། ཆོ་འཕྲུལ་སྣ་ཚོགས་བྱུང་སྟེ་བསྲེགས་མ་ཐུབ་པར་མཐར་འདར་བན་ཤཱཀྱ་མུ་ནེས་གཟེ་སྒུར་འདི་ཕྱུག་པོར་ཡོད་པ་དེར་བཙོང་སྟེ། ནོར་དང་བརྗེས་རབས་ཀྱི་སྐོར་དཔལ་ཚུལ་གྱི་བསྟན་འབྱུང་དུ་གསལ། 11༼ཤ༢༤༢༽གཟི་བོན་རྒུར་པོའི་མིང་འབྲི་སྟངས་ལ། དཔེར་ན། དར་རྒྱས་གསལ་སྒྲོན་དུ། ཚ་བོ་གཟེ་སྒུར་དང་། བསྐལ་བཟང་མགྲིན་རྒྱན་དུ། གཟེ་བན་ཚ་བོ་གཟེ་སྒུར། བསྟན་འབྱུང་ཤན་འབྱེད་ནོར་བུ་ཀེ་ཏ་ཀ་རུ། གཟི་བོན་རྒུར་པོ། ལེགས་བཤད་མཛོད་དུ། ཚ་བོ་གཟེ་སྒུར་ཞེས་མི་འདྲ་བ་མང་པོ་འདུག་ཀྱང་། དོན་དུ་གང་ཟག་གཅིག་ལ་ངོས་འཛིན་དགོས་པ་མིན་ནམ་སྙམ། སྟག་གཟིག་གི་མཁས་པ་ལི་མུར་གཙུག་ཕུད་ནས་མཁས་པ་མི་བཞི་ཡན་ཆད་རིམ་གྱིས་བརྒྱུད་ཅེས་པའི་ལི་མུར་གཙུག་ཕུད་ཅེས་པའི་མི་སྣ་དེ་ནི། མཁས་པ་མི་བཞིའི་དུས་སྐབས་ཤིག་ནས་བཞུགས་ཡོད་པ་གསལ་ལ། ཡང་སྐབས་རེར་ཕྱིས་ཀྱི་བོད་ཀྱི་རྒྱལ་ཐོག་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་སྐབས་སུའང་བཞུགས་ཡོད་པའི་བོན་གཤེན་ཞིག་ཡིན་པར་མ་ཟད། བཀའ་དྲང་ང་མ་བརྒྱུད་སའི་བརྒྱུད་རིམ་གྱི་བླ་མ་ཞིག་ཀྱང་ཡིན་པར་གསལ་ཏེ། དར་རྒྱས་གསལ་སྒྲོན་ལས། 12༼ཤ༡༩༠༽དང་པོ་ཀུན་ཏུ་བཟང་པོ་ནས་རིམ་གྱིས་བརྒྱུད་དེ། རྒྱལ་པོ་ར་ཛ་སྤུངས་པ་དངོས་གྲུབ་ཏུ་བབས་པས། བཀའ་གནམ་བབས་ཀྱི་བོན་ཞེས་བྱའོ། ། དེ་ནི་ཞང་ཞུང་གི་གཤེན་པོ་ལི་མུར་ཁོད་སྟེངས་ལ། བ་གོར་བཻ་རོ་ཙ་ནས་ཞུས་ཏེ། བོད་དུ་བསྒྱུར་ཅེས་པར་གཞིག་ན། ཁྲི་སྲོང་ལྡེའུ་བཙན་རིང་གི་ལོ་ཙཱ་བཻ་རོ་ཙ་ན་དང་དུས་མཉམ་ཡིན་པར་ཤེས་ཐུབ་པས། ལི་མུར་གཙུག་ཕུད་ཅེས་པ་དུས་ནམ་ཞིག་གི་མི་ཡིན་མིན་བཤད་དཀའ། རེད་དེ། དེ་ལ་བཤད་ཕྱོགས་གཞན་ཞིག་ནས་ཀྱང་བསྙད་ཆོག་སྟེ། དཔེར་ན། ལོ་རྒྱུས་ཀྱི་དཔེ་ཆ་ལ་ལར་ཁྲི་སྲོང་ལྡེའུ་བཙན་དང་སྲོང་བཙན་སྒམ་པོ་གཉིས་གོ་འཁྲུགས་ནས་བཤད་ཡོད་པ་བཞིན། འདིའང་གོ་འཁྲུག་སྲིད་པ་ཞིག་ཡིན། ཡང་ན་དྲན་པ་ནམ་མཁའ་ལ་སྔ་ཕྱི་གཉིས་ཡོད་པ་བཞིན། ལི་མུར་གཙུག་ཕུད་ལའང་སྔ་ཕྱི་གཉིས་ཡོད་པ་མིན་འགྲོ། གང་ལྟར་དཔྱད་པའི་གནས་ལས་འཕྲལ་དུ་གསལ་ཐག་ཆོད་པ་ཞིག་བཤད་དཀའ། ཁོང་གི་མིང་གི་འབྲི་སྟངས་ལའང་། ལི་མུར་ཁོད་སྟེངས་དང་། ལི་མུར་ཁོད་སྟངས། ལི་མུར་གཙུག་ཕུད་ཅེས་མི་འདྲ་བ་གསུམ་ཙམ་སྣང་། སྤ་བསྟན་རྒྱལ་གྱི་དར་རྒྱས་གསལ་སྒྲོན་ལྟར་ན། བཻ་རོ་ཙ་ནས་བོན་ཞུ་སའི་ཞང་ཞུང་གི་གྲུབ་ཐོབ་ཅིག་ཡིན་པ་གསུངས་པ་གསལ་ཁ་མེད་པས། ལི་མུར་གཙུག་ཕུད་ཀྱི་སྐོར་ཞིབ་ཕྲའི་སྒོ་ནས་སྨྲ་ཐུབ་པའི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱུ་ཆ་ད་སྔ་རག་མ་སོང་། མདོར་ན་གསང་སྔགས་རྫོང་འཕྲང་ཉི་འོད་རྒྱན་ནི་ཞང་བོད་མཁས་པ་སོགས་ཀྱིས་མང་མཁར་གསང་བའི་བོན་ཕུག་ཏུ་མཉམ་རུབ་ཀྱི་སྟེང་ནས་མཛད་ཅིང་། གཟི་བོན་རྒུར་པོས་གཏེར་ནས་བཏོན་ནས། རིམ་གྱིས་བརྒྱུད་དེ་དར་བ་ཞིག་ཡིན་ནོ། ། རིག་འཛིན་རྣམ་བཅུ་ཞེས་དངོས་སུ་སྨོས་མེད་ནའང་། དོན་གྱི་རིག་འཛིན་རྣམ་བཅུ་ཞེས་བཤད་ན་ཆོག་པར་སྙམ། དེ་བས་རིག་འཛིན་རྣམ་བཅུའི་རྣམ་བཞག་ཐོག་མར་གླེང་བའི་གཞུང་ཞིག་ངོས་འཛིན་གནང་དགོས་ན། གསང་སྔགས་རྫོང་འཕྲང་འདི་ལས་གཞན་བན་བོན་གཉིས་ཀྱི་གཞུང་ལ་མེད་སྙམ། ལར་གསང་སྔགས་ལུགས་ཀྱི་མཐོང་ལམ་ཐོབ་པ་ནས་བཟུང་རིམ་བཞིན་ས་རེ་ལ་གནས་པའི་རིག་འཛིན་རེ་རེར་བྱས་པས་བཅུ་རུ་ཕྱེ་ཆོག་སྟེ། ●གསང་སྔགས་རྫོང་འཕྲང་ལས། 13 ༼ཤ་༡༤༩ ༽གཉིས་པ་(གསུམ་པ) མཐོང་བའི་ལམ་ལ། གཤེན་རབ་ཀྱི་ལམ་གཞིའི་དོན་རྟོགས་པ། ནང་གི་དབང་རྣམས་ཐོབ་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་། བསྐྱེད་རྫོགས་ཟུང་འཇུག་ཏུ་དབང་རྫོགས་པས། བོན་ཉིད་ཡེ་ཤེས་ཀྱི་ཀློང་གནས་ལྔ་མཐོང་བའི་དོན། མངོན་སུམ་དུ་རྟོགས་ལ། རབ་ཏུ་དགའ་བའི་རིག་འཛིན་ཐར་བའི་ལམ་ཞེས་བྱ་སྟེ། འཇིག་རྟེན་པའི་ལམ་ལ་སྒྲིབ་པ་རགས་པའི་འགོ་ནོན་ཞིང་། འཁོར་བ་དང་ངན་སོང་ལ་ཐར་ཞིང་གྲོལ་བ་ལུས་སེམས་བདེ་བ་དང་། དགའ་བ་ཏིང་འཛིན་རྗེས་ཤེས་ཀྱི་ཡོན་ཏན་དུ་མ་འཆར་ཏེ། མེ་ཆུ་གཅན་གཟན་གྱིས་འཇིག་པ། མཚོན་དང་དུག་དང་རྒྱལ་པོའི་ཆད་པ། མདོར་ན་རྣམ་པར་འཚེ་བ་གང་གིས་ཀྱང་མི་ཚུགས། ནད་ཀྱི་རྣམ་པ་གང་ཡང་མི་འབྱུང་བ་དང་། སེམས་ཅན་གྱི་དོན་ཆེན་ནུས་པ་དང་། ས་དང་པོ་ཡི་དོན་མཐོང་བས། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཤེས་པ་ཡང་འབྱུང་ངོ་། ། ཞེས་པའི་བར་དུ། ས་དང་པོ་རབ་ཏུ་དགའ་བའི་ས་ལ་གནས་པའི་རིག་འཛིན་ནམ་སེམས་དཔའ་བསྟན་པ་མ་ཟད། རིག་འཛིན་དེས་སྒྲིབ་པ་རགས་པའི་འགོ་ནོན་པར་གསུངས་ཡོད་ལ། སྒྲིབ་པ་རགས་པའི་འགོ་ནོན་ཞེས་པའི་སྒྲིབ་པ་རགས་པ་དེ་ཡང་། རིག་འཛིན་དེས་དངོས་གཉེན་བྱེད་པའི་ཉོན་མོངས་ཀྱི་སྒྲིབ་པ་དེར་གཞག་དགོས་སྙམ། ལམ་མཐོང་ལམ་གྱིས་བསྡུས་པ་ཁས་ལེན་དགོས་ཏེ། གོང་དུ་གཞུང་དེ་ཉིད་དུ་མཐོང་བའི་ལམ་ལ་ཞེས་པས་ངེས་ཤེས་འདྲོངས་ཐུབ། ཡང་གསང་སྔགས་རྫོང་འཕྲང་ལས། ས་གཉིས་པ་དྲི་མེད་ཤེལ་གྱི་ས་ཞེས་བྱ་སྟེ། འཆལ་བའི་སྒྲིབ་པ་བྱང་། ཚུལ་ཁྲིམས་ཀྱི་ཚོགས་རྫོགས། ཚུལ་ཁྲིམས་བྱམས་མའི་ཞལ་མཐོང་། ས་དང་པོ་དང་གཉིས་པའི་རྟོགས་པ་སྐྱེས་པས། བདེ་བ་ལྷུན་ལ་རྫོགས་ནས་བདེ་བ་རིག་འཛིན། གོང་གི་ཡོན་ཏན་སྟོང་ཕྲག་བཅུ་གཉིས་འབྱུང་སྟེ། ཞེས་པས་ས་གཉིས་པ་དྲི་མེད་ཤེལ་གྱི་ས་ལ་གནས་པའི་རིག་འཛིན་ནམ་སེམས་དཔའ་བསྟན་པ་མ་ཟད། རིག་འཛིན་དེའི་སྦྱང་བྱའི་འཆལ་བའི་སྒྲིབ་པ་བསྟན་ཡོད་ལ། དེ་ཡང་ལམ་བསྒོམ་ལམ་གྱིས་བསྡུས་པ་འདོད་དགོས་སྙམ། ཡང་གསང་སྔགས་རྫོང་འཕྲང་ལས། གསུམ་པ་འོད་ཟེར་འཕྲོ་བ་རིག་འཛིན་ལམ་ཞེས་པས། མ་རིག་པ་དང་རྨོངས་པ་ལས་གྲོལ་ཞིང་ཐར་ནས་གསུམ་པ་འོད་ཟེར་འཕྲོ་བའི་ས་ནོན། བྱུང་ཚོར་གྱི་སྒྲིབ་པ་བྱང་། བཟོད་པའི་ཚོགས་རྫོགས། བཟོད་པ་བྱམས་མའི་ཞལ་མཐོང་། གོང་གི་ཡོན་ཏན་ཁྲི་ཕྲག་བཅུ་གཉིས་འབྱུང་ངོ་། ། ཞེས་པས་ས་གསུམ་པ་འོད་ཟེར་འཕྲོ་བའི་ས་ལ་གནས་པའི་རིག་འཛིན་ནམ་སེམས་དཔའ་འཆད་ཀྱིན་ཡོད་ལ། རིག་འཛིན་དེའི་སྦྱང་བྱའི་བྱུང་ཚོར་གྱི་སྒྲིབ་པ་བསྟན་ཡོད། ཡང་གསང་སྔགས་རྫོང་འཕྲང་ལས། ༼ བཞི་པ་ཕྱག་རྒྱ་བསྒྱུར་བའི་ས་ནོན། ལེ་ལོ་ཡི་སྒྲིབ་པ་བྱང་། བརྩོན་འགྲུས་ཀྱི་ཚོགས་རྫོགས་ཏེ། བརྩོན་འགྲུས་བྱམས་མའི་ཞལ་མཐོང་། ས་གསུམ་པ་དང་བཞི་བའི་རྟོགས་པ་ཤར་བས། རིག་པ་ཡེ་ཤེས་འོད་ཟེར་འཕྲོ་བའི་རིག་འཛིན། གོང་གི་ཡོན་ཏན་འབུམ་ཕྲག་བཅུ་གཉིས་འབྱུང་ངོ་། ། བཞི་པ་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐར་བའི་ལམ་ཅེས་པས། བདུད་ཀྱི་ཆུ་བཞིའི་སྡུག་བསྔལ་ལས་ཐར་ནས་༽ཞེས་པའི་གུག་རྟགས་འདིའི་ནང་གི་ཚིག་ནི་གཞུང་རང་དུ་བྲིས་པའི་ཚིག་ཇི་བཞིན་ཡིན་ནའང་། འདི་ལ་གསལ་བཤད་ཞུ་དགོས་པ་ཞིག་ནི། གཞུང་རང་དུ་གསལ་བའི་ཚིག་གོང་འགབ་ཆ་བོ་བསྡུར་ཡོང་དུས། གོ་འཁྲུག་འདུག་སྙམ་སྟེ། དེ་ཡང་ཡིག་མཁན་དང་ཡང་ན། ཡིག་གཏག་པས་ནོར་བ་མིན་ནམ་སྙམ་པ་ལས་མཛད་པ་པོ་དག་གི་དགོངས་པ་མིན་སྙམ། དེ་ཡང་ཇི་ལྟར་བཅོས་དགོས་ཤེ་ན། འདི་ལྟར་ཏེ། བཞི་པ་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐར་བའི་ལམ་ཞེས་པས། བདུད་ཀྱི་ཆུ་བཞིའི་སྡུག་བསྔལ་ལས་ཐར་ནས། བཞི་པ་ཕྱག་རྒྱ་བསྒྱུར་བའི་ས་ནོན། ལེ་ལོ་ཡི་སྒྲིབ་པ་བྱང་། བརྩོན་འགྲུས་ཀྱི་ཚོགས་རྫོགས་ཏེ། བརྩོན་འགྲུས་བྱམས་མའི་ཞལ་མཐོང་། ས་གསུམ་པ་དང་བཞི་བའི་རྟོགས་པ་ཤར་བས། གོང་གི་ཡོན་ཏན་འབུམ་ཕྲག་བཅུ་གཉིས་འབྱུང་ངོ་། ། ཞེས་པས་ས་བཞི་ཕྱག་རྒྱ་བསྒྱུར་བའི་ས་ལ་གནས་པའི་རིག་འཛིན་ནམ་སེམས་དཔའ་དང་། རིག་འཛིན་དེའི་སྦྱང་བྱའི་ལེ་ལོའི་སྒྲིབ་པ་དང་བཅས་པ་བསྟན་ཡོད། ཡང་གསང་སྔགས་རྫོང་འཕྲང་ལས། ལྔ་བ་བོན་ཉིད་སྤྲིན་དཔུང་གི་ས་ནོན། གཡོ་རྩོལ་གྱི་སྒྲིབ་པ་བྱང་། བསམ་གཏན་རིག་འཛིན་གྱི་ཚོགས་རྫོགས། བསམ་གཏན་བྱམས་མའི་ཞལ་མཐོང་ནས། གོང་གི་ཡོན་ཏན་ས་ཡ་ཕྲག་བཅུ་གཉིས་འབྱུང་ངོ་། ། ༼ཞེས་པའི་ཚིག་འགོ་ནས་ཚིག་འགའ་ཆད་འདུག་སྙམ་སྟེ། དཔེར་ན། འདི་འདྲ་ཞིག་སྟེ། བོན་ཉིད་སྤྲིན་དཔུང་རིག་འཛིན་ཐར་བའི་ལམ་ཞེས་པས། གཡོ་རྩོལ་གྱི་སྒྲིབ་པ་ལས་ཐར་ནས་ཟེར་བ་ཞིག་ཆད་འདུག་སྙམ་པས་བརྟག་པར་འཚལ། ༽མདོར་ན་ཚིག་རྐང་དེས་ས་ལྔ་བ་བོན་ཉིད་སྤྲིན་ཚོགས་ཀྱི་ས་ལ་གནས་པའི་རིག་འཛིན་ནམ་སེམས་དཔའ་བསྟན་ཡོད་ལ། རིག་འཛིན་དེའི་སྦྱང་བྱའི་གཡོ་རྩོལ་གྱི་སྒྲིབ་པ་བསྟན་ཡོད། ཡང་དེ་ཉིད་ལས། དྲུག་པ་བདེ་ལྡན་རྟོགས་པའི་ས་ནོན། མ་ནུས་སྤུང་ཆུང་གི་སྒྲིབ་པ་བྱང་། སྟོབས་ཀྱི་ཚོགས་རྫོགས། སྟོབས་ཀྱི་བྱམས་མའི་ཞལ་མཐོང་། གོང་གི་ཡོན་ཏན་བྱེ་བ་ཕྲག་བརྒྱ་བཅུ་གཉིས་འབྱུང་ངོ་། ། ཞེས་པ་ནས་ཀྱང་ཅུང་ཆད་འདུག་སྙམ་སྟེ། གསང་སྔགས་རྫོང་འཕྲང་དེབ་གཟུགས་ཅན་གྱི་ཤོག་ངོས་བརྒྱ་དང་ལྔ་བཅུའི་མགོ་ནས་མར་བརྩིས་པའི་ཐིག་ཕྲེང་གསུམ་པ་ནས༼བདེ་ལྡན་རྟོགས་པ་རིག་འཛིན་ཐར་བའི་ལམ་ཞེས་པས། སྡུག་བསྔལ་དང་འདུ་འཛི་ལས་གྲོལ་ཞིང་ཐར་ནས༽ཞེས་པ་གོང་དུ་བཤད་མ་ཐག་པའི་དྲུག་པ་བདེ་ལྡན་རྟོགས་པའི་ས་ནོན་ཞེས་པའི་ཚིག་མགོ་ནས་ཆད་འདུག་སྙམ། མདོར་ན། ཚིག་རྐང་དེ་དག་གིས་ས་དྲུག་པ་བདེ་ལྡན་རྟོགས་པའི་ས་ལ་གནས་པའི་རིག་འཛིན་ནམ་སེམས་དཔའ་བསྟན་ཡོད་ལ། རིག་འཛིན་དེའི་སྦྱང་བྱའི་མ་ནུས་སྦུང་ཆུང་གི་སྒྲིབ་པ་སོགས་བསྟན་ཡོད། ཡང་དེ་ཉིད་ལས། བདུན་པ་ཡིད་བཞིན་གྲུབ་པའི་ས་ནོན། གདུག་སེམས་ཀྱི་སྒྲིབ་པ་བྱང་ནས། སྙིང་རྗེའི་ཚོགས་རྫོགས། སྙིང་རྗེ་བྱམས་མའི་ཞལ་མཐོང་། ས་ལྔ་བ་དང་དྲུག་པ། བདུན་པའི་རྟོགས་པ་སྐྱེས་ཏེ། ཞེས་པའི་འཕྲོར་ཚིག་གཞན་ཞིག་དྲངས་ཡོད་པ། དཔེར་ན། ༼ཕྱག་རྒྱ་ཆེན་པོ་བདེ་ཆེན་རྫོགས་པའི་རིག་འཛིན་ནི། ༽ ཞེས་དྲངས་པ་ཡོད་པ་དེ་ཡང་འཁྲུག་འདུག་སྙམ། མདོར་ན་ཚིག་རྐང་འདིས་ཀྱང་ས་བདུན་པ་ལ་གནས་པའི་རིག་འཛིན་ནམ་སེམས་དཔའ་བསྟན་ཡོད་ལ། རིག་འཛིན་དེའི་སྦྱང་བྱའི་གདུག་སེམས་ཀྱི་སྒྲིབ་པ་དང་བཅས་པ་བསྟན་ཡོད། ཡང་དེ་ཉིད་ལས། བརྒྱད་པ་མ་ཆགས་དག་པ་རིག་འཛིན་ཐར་བའི་ལམ་ཞེས་པས་བག་ཆགས་དང་སྒྲིབ་པ་ལས་གྲོལ་ཞིང་ཐར་ནས། ས་བརྒྱད་པ་མ་ཆགས་པའི་ས་ནོན། རེ་དོགས་ཀྱི་སྒྲིབ་པ་བྱང་། སྨོན་ལམ་གྱི་ཚོགས་རྫོགས་སྨོན་ལམ་བྱམས་མའི་ཞལ་མཐོང་། ས་བརྒྱད་པའི་རྟོགས་པ་ཤར། གང་ལ་མ་ཆགས་པ། ཆགས་མེད་རྣམ་དག་རིག་པའི་རིག་འཛིན། གོང་གི་ཡོན་ཏན་ཕྲག་བཅུར་གཉིས་འབྱུང་ངོ་། ། ཞེས་པས། ས་བརྒྱད་པ་ལ་གནས་པའི་རིག་འཛིན་ནམ་སེམས་དཔའ་བསྟན་ཡོད་ལ། རིག་འཛིན་དེའི་སྦྱང་བྱའི་བག་ཆགས་ཀྱི་སྒྲིབ་པ་དང་བཅས་པ་བསྟན་ཡོད་དེ། ཡང་དེ་ཉིད་ལས། ༼ འཁོར་ལོ་དྲུག་པ་རྫོགས་ཆེན་རིག་འཛིན་ཐར་བའི་ལམ་ཞེས་པས། འཁྲུལ་པ་དང་ལོག་པའི་བག་ཆགས་ལས་ཐར་ནས། ས་དགུ་པའི་རྟོགས་པ་སྐྱེས་ཏེ། ཕྱིན་ཅི་ལོག་གི་སྒྲིབ་པ་བསལ། ཐབས་ཀྱི་ཚོགས་ཆེན་རྫོགས། ཐབས་ཀྱིས་བྱམས་མའི་ཞལ་མཐོང་། ཨ་སྐྱེ་བ་མེད་པ་རིག་པ་རྡིང་དུ་གྱུར་པའི་རིག་འཛིན་གོང་གི་ཡོན་ཏན་ཐེར་འབུམ་ཕྲག་བཅུ་གཉིས་འབྱུང་བ་རུ་གྱུར་ནས། ༽ཞེས་པའི་ཚིག་འགོའི་འཁོར་ལོ་དྲུག་པ་ཞེས་པའི་དྲུག་པ་དང་དགུ་བ་གཉིས་བཀོལ་ནོར་ཤོར་འདུག་སྙམ་སྟེ། དགུ་བ་འཁོར་ལོ་རྫོགས་ཆེན་གྱི་ས་ཡིན་པས་རྟོགས་སླ། མདོར་ན་ཚིག་རྐང་དེས་ས་དགུ་བ་ལ་གནས་པའི་རིག་འཛིན་ནམ་སེམས་དཔའ་བསྟན་ཡོད་ལ། རིག་འཛིན་དེའི་སྦྱང་བྱའི་ཕྱིན་ཅི་ལོག་གི་སྒྲིབ་པ་དང་བཅས་པ་བསྟན་ཡོད་དེ། ཡང་དེ་ཉིད་ལས། ཟབ་མོ་བཀོད་པ་རིག་འཛིན་ཐར་བའི་ལམ་ཞེས་པས། མི་ཁོམ་པའི་བག་ཆགས་ལ་གྲོལ་ཞིང་ཐར་ནས། གསང་དབང་ཐོབ་པས་ཡིད་ཀྱི་སྒྲིབ་པ་བྱང་། ཟག་མེད་བདེ་བའི་དབང་ཐོབ་པས། ས་བཅུ་བ་ནོན། འཁྲུལ་རྨོངས་ཀྱི་སྒྲིབ་པ་བྱང་། ཤེས་རབ་ཀྱི་ཚོགས་རྫོགས་ཤེས་རབ་བྱམས་མའི་ཞལ་མཐོང་། ཟབ་མོ་མཐར་ཐུག་དོན་གྱི་རིག་འཛིན་ནི། གོང་གི་ཡོན་ཏན་ཐེར་ཆེན་ཕྲག་བཅུ་གཉིས་འབྱུང་ཞིང་། ཞེས་པའི་བར་དུ། ས་བཅུ་བ་ལ་གནས་པའི་རིག་འཛིན་ལམ་སེམས་དཔའ་བསྟན་ཡོད། རིག་འཛིན་དེས་སྦྱང་བྱའི་འཁྲུལ་རྨོངས་ཀྱི་སྒྲིབ་པ་དང་བཅས་པ་བསྟན་ཡོད་ལ། ས་གཉིས་པ་ནས་བཅུ་བའི་རིག་འཛིན་དག་ནི་བསྒོམ་ལམ་གྱིས་བསྡུས་པ་ཡིན་མིན་ལ་ཁྱད་མེད་ཀྱང་། སོ་སོའི་ཡོན་ཏན་ལ་ཁྱད་ཡོད་པའང་ཤེས་དགོས། ས་ཇི་ལྟར་སྤར་ན་ཡོན་ཏན་ཡང་དེ་ལྟར་འཕགས་བཞིན་ཡོད། ཡང་དེ་ཉིད་ལས། ལྔ་བ་བླ་ན་མེད་པ་མཐར་ཕྱིན་པའི་ལམ་ནི། ཡང་གསང་གི་དབང་ཐོབ་པས། སྒྲིབ་ལ་ལྷན་སྐྱེས་ཕྲ་མོ་རྩད་ཆད། སྐུ་དང་ཡེ་ཤེས་ཆེན་པོའི་དོན་ཐོབ། ༼”བརྒྱད་པ་མ་ཆགས་རིག་འཛིན་ཐར་བའི་ལམ་ཞེས་པས། ”ཞེས་པ་ཚིག་ལྷག་སྙམ། ༽རྒྱུ་རྩོལ་རྟོག་གི་བག་ཆགས་གྲོལ་ཞིང་ཐར་ནས། ས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན། ས་ཏྲིག་ཨེར་སངས་ཀྱི་ཞལ་མཐོང་ནས། བོན་ཉིད་རྣམ་པར་དག་པའི་སྐུ་གསུམ་མངོན་དུ་གྱུར། ལུས་ངག་ཡིད་གསུམ་གྱི་འཁྲུལ་སྣང་ཟད། སེམས་ཡེ་དབྱིངས་རྣམ་པར་དག་ནས། ངོ་བོ་སྟོང་བ་བོན་གྱི་སྐུ། ལུས་མཁའ་གསལ་ཏེ། རང་བཞིན་རྫོགས་པའི་སྐུ། ངང་ཀློང་ཡོང་སྟེ། སྣ་ཚོགས་འཆར་བ་སྤྲུལ་བའི་སྐུ། རང་བཞིན་འདུས་མ་བྱས་པ་ངོ་བོ་ཉིད་ཀྱི་སྐུ། དུ་མར་སྣང་བ་མངོན་པར་བྱང་ཆུབ་པའི་སྐུ་དང་ལྔའོ། ། ཞེས་པས་གསང་སྔགས་རྫོང་འཕྲང་ལྟར་ན། ས་བཅུ་གཅིག་པ་ནས་རིག་འཛིན་ཞེས་པས་ཐ་སྙད་སྦྱར་མེད་པ་མ་ཟད། ས་བཅུ་གཅིག་པ་ནས་སངས་རྒྱས་པར་བསྟན་ཡོད་དེ། ལྷན་སྐྱེས་ཕྲ་མོ་རྩད་ནས་བཅད་ཟིན་པར་གསུངས་ཡོད་ལ། ལུས་ངག་ཡིད་གསུམ་གྱི་འཁྲུལ་སྣང་ཟད་པ་བསྟན་པས་ཀྱང་གསལ། རེད་དེ། བསེན་ཐུབ་ཀྱི་འགྲེལ་དུ། ས་བཅུ་གཅིག་པ་ལ་བོན་ཉིད་རྣམ་པར་དག་པའི་སྐུ་གསུམ་མངོན་དུ་གྱུར་ཏེ་རྣམ་པར་དག་པའི་རིག་འཛིན་ཞེས་བྱའོ། ། ཞེས་རིག་འཛིན་ཐ་སྙད་སྦྱར་ཡོད་པས་གནོད་དམ་ཟེར་ན། དེ་ནི་ཁོ་བོས་བསེན་ཐུབ་ཀྱི་འགྲེལ་དུ་རིག་འཛིན་ཐར་བའི་ལམ་བརྒྱད་ཀྱི་གོ་རིམ་འཁྲུག་འདུག་སྙམ་པའི་བསེན་ཐུབ་ཀྱི་འགྲེལ་འཆད་པའི་སྐབས་སུ་བསྙད་པར་བྱའོ། །
བསེན་ཐུབ་ཀྱི་འགྲེལ་དང་རིག་འཛིན་རྣམ་བརྒྱད།
བསེན་ཐུབ་ཀྱི་འགྲེལ་ཞེས་པའི་མཚན་ཆ་ཚང་ལ་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ཞེས་བྱ་བ་དེ་ཉིད་ལགས་ཤིང་། གཡས་རུའི་སྟོན་པ་བརྒྱད་པ་འགྲོ་མགོན་བློ་གྲོས་རྒྱལ་མཚན་༼1198—1263༽གྱིས་བརྩམས་གནང་མཛད་པ་ཞིག་སྟེ། ལྷོ་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ་འཆད་སའི་གསང་སྔགས་ཀྱི་གཞུང་ཡིན་པར་མ་ཟད། སྟོན་པ་ཀུན་ཏུ་བཟང་པོས་མཛད་པའི་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་རྒྱས་པ་ཞིག་ཀྱང་ཡིན། གཞུང་གི་ལེ་ཚན་འགའ་རེ་གསང་སྔགས་གནད་ཀྱི་རྫོང་འཕྲང་ལས་ངོ་བཤུས་བརྒྱབས་པ་ཡིན་པར་གཞུང་གཉིས་ཞིབ་བསྡུར་བྱས་པས་གསལ་ལ། དཔེར་ན། རིག་འཛིན་ཐར་བའི་ལམ་བརྒྱད་ཀྱི་སྐོར་གཅིག་པུས་ཀྱང་ཤེས་ཐུབ། དེའི་སྐོར་འོག་ནས་འཆད་པར་བྱ། རྩ་རྒྱུད་བསེན་ཐུབ་ཀྱི་གཞུང་ལེའུ་སུམ་ཅུས་གྲུབ་པ་ཞིག་ཡིན་པས་འགྲེལ་གཞུང་འདི་ཡང་ལེའུ་སུམ་ཅུའི་བདག་ཉིད་ཅན་ཞིག་ཡིན། བསེན་ཐུབ་འགྲེལ་ལས། 14༼ཤ ༣༥༣༽ གཉིས་པ་རིག་འཛིན་ལམ་ལ་གསང་སྔགས་ལུགས་ཀྱི་རིག་འཛིན་ཐར་བའི་ལམ་བརྒྱད་ལ་བསྒྲོད་པར་སྟོན་པས་དེ་ལ་གསུམ་སྟེ། སྔོན་འགྲོ་ལམ་གྱི་རྟེན་དང་། དངོས་གཞི་ལམ་གྱི་ཐོབ་ཚུལ་དང་། དེ་ལ་དོགས་པ་སྤང་པའོ། ། དང་པོ་ནི་སྔར་བཤད་ཟིན་ཏོ། ། གཉིས་པ་ལ་བརྒྱད་དུ་གསུངས་པ་ལས། དང་པོ་ནི། རབ་ཏུ་དགའ་བ་རིག་འཛིན་ཐར་བའི་ལམ། ཞེས་བྱ་སྟེ། འཇིག་རྟེན་པའི་ལམ་ལ་སྒྲིབ་པ་རགས་པ་འགོ་གནོན་ཞིང་འཁོར་བ་དང་ངན་སོང་ལས་ཐར་ཞིང་གྲོལ་ལ། དེས་ལུས་སེམས་བདེ་བ་དགའ་བའི་རིག་འཛིན་ནོ། ། གཉིས་པ་ནི། བདེ་ལྡན་རྟོགས་པའི་རིག་འཛིན་ཐར་བའི་ལམ་ཞེས་བྱ་སྟེ། སྡུག་བསྔལ་དང་འདུ་འཛི་ལས་གྲོལ་ཞིང་ཐར་ནས་ས་དང་པོ་དང་གཉིས་པའི་རྟོགས་པ་སྐྱེས་པས་བདེ་བ་ལྷུན་རྫོགས་པས་བདེ་བའི་རིག་འཛིན་པའོ། ། གསུམ་པ་ནི། འོད་ཟེར་འཕྲོ་བའི་རིག་འཛིན་ཐར་བའི་ལམ་ཞེས་བྱ་སྟེ། མ་རིག་པ་དང་རྨོངས་པ་ལས་ཐར་ཞིང་གྲོལ་ནས་ས་གསུམ་པ་དང་བཞི་བའི་རྟོགས་པ་ཤར་ཏེ་རིག་པ་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བའི་རིག་འཛིན་པའོ། ། བཞི་བ་ནི། ཕྱག་རྒྱ་ཆེན་པོ་རིག་འཛིན་ཐར་བའི་ལམ་ཞེས་བྱ་སྟེ། བདུད་ཀྱི་ཆུ་བཞིའི་སྡུག་བསྔལ་ལས་ཐར་ཞིང་གྲོལ་ནས་ས་ལྔ་བ་དང་། དྲུག་པ་དང་། བདུན་པའི་རྟོགས་པ་སྐྱེས་ཏེ། ཕྱག་རྒྱ་ཆེན་པོ་བདེ་ཆེན་རྫོགས་པའི་རིག་འཛིན་པའོ། ། ལྔ་བ་ནི། མ་ཆགས་དག་པ་རིག་འཛིན་ཐར་བའི་ལམ་ཞེས་བྱ་སྟེ། བག་ཆགས་དང་སྒྲིབ་པ་ལས་གྲོལ་ཞིང་ཐར་ནས་ས་བརྒྱད་པའི་རྟོགས་པ་ཤར་ཏེ། གང་ལ་ཡང་མ་ཆགས་པས་ཆགས་མེད་རྣམ་པར་དག་པའི་རིག་པ་འཛིན་པའོ། ། དྲུག་པ་ནི། འཁོར་ལོ་རྫོགས་ཆེན་རིག་འཛིན་ཐར་བའི་ལམ་ཞེས་བྱ་སྟེ། འཁྲུལ་པ་དང་ལོག་པའི་བག་ཆགས་ལས་གྲོལ་ཞིང་ཐར་ནས་ས་དགུའི་རྟོགས་པ་སྐྱེས་ཏེ། ཨ་སྐྱེ་བ་མེད་པ་རིག་པ་གདེང་འགྱུར་གྱི་རིག་འཛིན་པའོ། ། བདུན་པ་ནི། ཟབ་མོ་བཀོད་པ་རིག་འཛིན་ཐར་བའི་ལམ་ཞེས་བྱ་བ་སྟེ། མི་ཁོམ་པའི་བག་ཆགས་ལས་གྲོལ་ཞིང་ཐར་ནས། ས་བཅུ་པའི་རྟོགས་པ་སྐྱེས་ཏེ། ཟབ་མོ་མཐར་ཐུག་དོན་གྱི་རིག་འཛིན་པའོ། ། བརྒྱད་པ་ནི། བོན་ཉིད་རྣམ་དག་པའི་རིག་འཛིན་ཐར་བའི་ལམ་ཞེས་བྱ་སྟེ། རྒྱུ་རྩོལ་ལྡོག་༼རྟོག༽གི་བག་ཆགས་ལས་གྲོལ་ཞིང་ཐར་ནས་ས་བཅུ་གཅིག་པ་ལ་བོན་ཉིད་རྣམ་པར་དག་པའི་སྐུ་གསུམ་མངོན་དུ་གྱུར་ཏེ་རྣམ་པར་དག་པའི་རིག་འཛིན་ཞེས་བྱའོ། ། ཞེས་པའི་ཚིག་རྐང་དེ་དག་གིས་རིག་འཛིན་ཐར་བའི་ལམ་བརྒྱད་རིམ་བཞིན་བསྟན་ཡོད་དེ། དཔེར་ན། རབ་ཏུ་དགའ་བ་རིག་འཛིན་པའི་ཐར་བའི་ལམ་དང་། བདེ་ལྡན་རྟོགས་པ་རིག་འཛིན་ཐར་བའི་ལམ། འོད་ཟེར་འཕྲོ་བའི་རིག་འཛིན་ཐར་བའི་ལམ། ཕྱག་རྒྱ་ཆེན་པོ་རིག་འཛིན་ཐར་བའི་ལམ། མ་ཆགས་དག་པ་རིག་འཛིན་ཐར་བའི་ལམ། འཁོར་ལོ་རྫོགས་ཆེན་རིག་འཛིན་ཐར་བའི་ལམ། ཟབ་མོ་བཀོད་པ་རིག་འཛིན་ཐར་བའི་ལམ། བོན་ཉིད་རྣམ་པར་དག་པའི་རིག་འཛིན་ཐར་པའི་ལམ་དང་བརྒྱད་ནི་རིག་འཛིན་ཐར་བའི་ལམ་བརྒྱད་དུ་ངོས་འཛིན་མཁན་དང་དེ་ཡིན་ཤག་ཤག་ཏུ་སྨྲ་མཁན་ཡོད་པ་ལས། བསེན་ཐུབ་ཀྱི་འགྲེལ་དུ་གསུངས་པའི་གཞུང་ཚིག་འགའ་ཞིག་གསང་སྔགས་རྫོང་འཕྲང་ལས་བཤུས་པ་ཡིན་པའི་དོགས་པ་སློང་མཁན་ད་སྔ་གཅིག་ཀྱང་བྱུང་མེད་སྟབས། ལམ་སང་དེའི་ཉོག་འཛིང་ལས་ཐར་བར་ལས་སླ་བོ་ཡེ་ནས་མིན། རེད་དེ། ཁོ་བོས་ནི་གསང་སྔགས་རྫོང་འཕྲང་གི་གཞུང་ལ་བསྐྱར་ལྟ་ཡང་ལྟ་བརྒྱུད་ནས་ཤེས་པ་ལྟར་ན། བསེན་ཐུབ་ཀྱི་འགྲེལ་དུ་གསུངས་པའི་རིག་འཛིན་ཐར་བའི་ལམ་བརྒྱད་ཀྱི་གོ་རིམ་ཅུང་འཆུག་འདུག་སྙམ་གྱི་ཡོད་པས་མ་ཚད། རིག་འཛིན་ཐར་བའི་ལམ་བརྒྱད་ཅེས་པ་མ་ཡིན་པར་རིག་འཛིན་ཐར་བའི་ལམ་བཅུ་མིན་ནམ་སྙམ་པའི་དོགས་པ་སྐྱེ་ཡི་ཡོད། དེར་བརྟེན་གྱི་བློ་དོགས་ཤིག་གིས་ཀླད་པ་གང་ནས་ཡུན་རིང་ཡིན་པས། བློ་དོགས་སེལ་བའི་བློ་སྐྱེད་རེ་གནང་མཁན་ཡོད་ན་ཐུགས་ཡངས་ཞུ་ཡི་ཡིན། རེད་དེ། གསལ་བཤད་ཞུ་དགོས་པ་ཞིག་ལ་མཛད་པ་པོས་གལ་གཟས་ནས་གོ་རིམ་བརྗེས་པ་མ་ཡིན་པར་ཕྱིས་ཀྱི་བྲིས་པ་དང་ཡིག་གཏག་པ་དག་གིས་ནོར་བ་ཨེ་ཡིན་འདོད་ཀྱིན་པ་དེ་ཡང་ངའི་བསམ་ཚུལ་གཞན་ཞིག་ཡིན།ཇི་ལྟར་ནོར་བ་རེད་ཟེར་ན། གང་ལྕོགས་གང་ནུས་ཀྱིས་དེར་འབྲེལ་གྱི་གཞུང་ལུགས་འགའ་བཀླགས་ནས། གནད་དོན་གསེད་དཀྲོལ་གྱི་ལས་ལ་ཞུགས་ཁུལ་བྱས་པ་ཡིན་ནའང་། གསང་སྔགས་རྫོང་འཕྲང་གི་མ་དཔེ་གཅིག་ལས་ལག་སོན་མ་བྱུང་སྟབས། དཔྱད་ཞིབ་དེ་ཡང་དེ་འདྲ་ཕུན་སུམ་ཚོགས་ནི་ཞིག་ཡོང་ཡོད་མེད་ཧ་གོ་ཡི་མེད། གང་ལྟར་རིག་འཛིན་ཐར་བའི་ལམ་བརྒྱད་ཅེས་པའི་ཐ་སྙད་འདི་གང་ནས་བྱུང་བ་ཡིན་མིན་ཧ་གོ་ཡི་མེད་ལ། དོགས་པ་གཞན་ཞིག་སྐྱེ་སྲིད་པ་ནི། དབུ་མེད་ཀྱི་ཡིག་གཟུགས་བཅུ་དང་བརྒྱད་གཉིས་ལ་ནོར་དོགས་ཅུང་འདུག་པས་ཡིག་མཁན་གྱིས་ཐུགས་མཉམ་མ་བཞག་པར་དེ་གཉིས་བརྗེའང་སྲིད་པ་ཞིག ད་རུང་རྒྱ་གར་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན་པའི་མན་ངག་གནད་ཀྱི་རྫོང་འཕྲང་དུ་རིག་འཛིན་གྱི་ཐར་ལམ་ཞེས་པ་ལས་རིག་འཛིན་ཐར་བའི་ལམ་བརྒྱད་ཅེས་པའི་ཐ་སྙད་མི་འདུག་པ་མ་ཟད། བསེན་ཐུབ་ཀྱི་འགྲེལ་དུ་གསུངས་པའི་རིག་འཛིན་གྱི་སྐོར་འདི་ཡང་མན་ངག་རྫོང་འཕྲང་ལས་བཤུས་པ་ཡིན་པར་གཞུང་ལ་མཇལ་བ་ཙམ་གྱིས་ངེས་ཤེས་སྟེར་ཐུབ། སྤྱིར་གསང་སྔགས་རྫོང་འཕྲང་ནི་བསེན་ཐུབ་ཀྱི་འགྲེལ་ཡིད་བཞིན་བཀོད་པའི་རྒྱན་ལས། སྔ་བ་ཡིན་པར་གཞུང་གི་དཀྱུས་ལ་བལྟས་པས་ཤེས། བསེན་ཐུབ་ཀྱི་འགྲེལ་དུ་གསང་སྔགས་རྫོང་འཕྲང་གི་གཞུང་ཚིག་ཇི་བཞིན་རེ་འགའ་མཐོང་རྒྱུ་ཡོད་ལ། ཡོད་པ་སྐོར་ཞིག་གི་ནང་ནས་ཀྱང་། གོ་འཁྲུགས་ནས་བཞག་འདུག་པ་རེ་འགའ་སྣང་ལ། གཞུང་གཉིས་བསྡུར་ན་ལྷག་ཏུ་བདེན་སྣང་སྐྱེ་སྲིད་པ་ཞིག་ཡིན། གཞུང་མི་འདྲ་བ་དེ་གཉིས་ཀྱི་གཞུང་ཚིག་འགའ་ཤས་བསྡུར་ཡོང་དུས། བསེན་ཐུབ་ཀྱི་འགྲེལ་དུ་གསང་སྔགས་རྫོང་འཕྲང་གི་གཞུང་ཚིག་ཁ་ཤས་རང་སོར་བཞག་ཡོད་པ་ལས་བཟོ་བཅོས་ཅི་ཡང་བྱས་མེད་ལ། རིག་འཛིན་ཐར་བའི་ལམ་བརྒྱད་ཀྱི་སྐབས་ཀྱང་། བསེན་ཐུབ་ཀྱི་འགྲེལ་མཛད་པ་པོས་གསང་སྔགས་རྫོང་འཕྲང་གི་གཞུང་ཚིག་ཇི་བཞིན་བཤུས་ཡོད་པ་ཚོད་དཔག་བྱ་ཆོག་ལ། དེ་མིན་གཞན་པའི་སྐོར་ཡང་གསང་སྔགས་རྫོང་འཕྲང་ལས་ངོ་བཤུས་བྱས་ཡོད། དེ་ཡང་དཔེ་མཚོན་གཞན་ཞིག་ཞུས་ན། ༼གསང་སྔགས་གནད་ཀྱི་རྫོང་འཕྲང༽དེབ་གཟུགས་ཅན་ལས། 15 ༼ ཤ ༡༤༽དེ་ལ་བཤད་བྱ་བོན་གྱི་བྱེ་བྲག སྤྱོད་བྱ་བོན་གྱི་སྤྱད་ཚུལ། ལྟ་སྒོམ་རྒྱུད་ལ་བསྟེན་ཚུལ། སྤང་བྱ་སྒྲིབ་པ་སྦྱང་ཚུལ། ས་ལམ་གྱི་འབྲས་བུ་ཐོབ་ཚུལ། ཞིང་ཁམས་གདུལ་བྱ་འདུལ་ཚུལ། ཞེས་པ་ནས་ཤོག་ངོས་བཅོ་བརྒྱད་ཐོག་གི་ཐིག་ཕྲེང་གཉིས་པ་ཐེག་པ་རིམ་གྱིས་བགྲོད་ནས། ཁྱད་པར་ཆེན་པོ་ཡི་དོན་ལས་འཇུག་པའི་ལས་ཅན་ཡིན་ནོ། ། ཞེས་པ་བར་དུ་ཚིག་རེ་འགའ་མ་གཏོགས་བསེན་ཐུབ་ཀྱི་འགྲེལ་དུ་ཇི་བཞིན་དྲངས་ཡོད་དེ། དཔེར་ན། ༢༠༠༨ལོར་གཡུང་དྲུང་བོན་བཤད་སློབ་གླིང་གིས་དཔར་བསྐྲུན་བྱས་པའི་དེབ་གཟུགས་ཅན་བསེན་ཐུབ་འགྲེལ་གྱི་ཤོག་ངོས་༢༨༩ནས་༢༩༡ བར་དུ་ངོ་བཤུས་བྱས་ཡོད་ལ། དེ་བཞིན། སྨན་རིའི་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེས་དཔར་བའི༼གསང་སྔགས་གནད་ཀྱི་རྫོང་འཕྲང་དེབ་གཟུགས་ཅན་གྱི་ཤོག་ངོས༡༣༣གྱི་ཐིག་ཕྲེང་ཉེར་གཅིག་པ་ལས། ཉམས་ལ་མང་དུ་གསུངས་ཀྱང་། བདེ་གསལ་མི་རྟོག་གསུམ་སྟེ། ཞེས་པ་ནས་དྲན་པས་གསུངས་སོ་ཞེས་པའི་བར་གྱི་ཚིག་ཇི་བཞིན་ཡང་། བསེན་ཐུབ་འགྲེལ་དུ་དྲངས་ཡོད། དཔེར་ན། ༢༠༠༨ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་དཔར་བསྐྲུན་གནང་བའི་དེབ་གཟུགས་ཅན་བསེན་ཐུབ་འགྲེལ་གྱི་ཤོག་ངོས་༣༢༦ཐོག་ཏུ་ངོ་བཤུས་གནང་ཡོད་པ་དག་ལ་གཞིག་ཡོང་དུས། བསེན་ཐུབ་ཀྱི་འགྲེལ་དུ་གསུངས་པའི་ཚིག་འགའ་ཤས་གསང་སྔགས་རྫོང་འཕྲང་ལས་བཤུས་པ་ཡིན་པར་སེམས་ཐག་བཅད་ནས་སྨྲ་སྤོབས་པ་མ་ཟད། ཡང་སྙིང་བསེན་ཐུབ་ཀྱི་འགྲེལ་འདི་སུས་མཛད་པ་ཡིན་ནམ་ཞེས་པའི་ཚ་འདྲི་ཞིག་ཀྱང་སྐབས་སྐབས་སུ་སྐྱེ་ཡི་འདུག་ལ། བསེན་ཐུབ་ཀྱི་འགྲེལ་འདི་དབྱིལ་སྟོན་ཁྱུང་རྒོད་རྩལ་གྱི་བསྐུལ་བར་བརྟེན་ཏེ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་ཆུ་བོ་ཆེན་པོ་དཔག་ཤུའི་འགྲམ་བཀྲ་ཤིས་སྨན་རིའི་ཞོལ་དུ་མཛད་པ་ཡིན་ཤག་ཤག་ཏུ་སྨྲ་མཁན་ལས་གཞན་པ་ཞིག་གིས་མཛད་ནི་རེད་ཟེར་ན། བོན་གྱི་མཁས་པ་བྱིངས་ཆེ་བ་ཞིག་གིས་ལོག་བཤད་ཟེར་ན་ཐང་མོད། རེད་དེ། ཞིབ་མོ་རྣམ་འཐག་སྒོ་ནས་བསེན་ཐུབ་འགྲེལ་གྱི་ངོས་དང་ཟུར་གཉིས་ཀ་ནས་ལྟ་ཡོང་དུས། འ་ཞ་བློ་གྲོས་རྒྱལ་མཚན་གྱི་རྩོམ་གཤིས་དང་མི་འདྲ་བར་མ་ཟད། དགག་བཞག་དང་བརྒལ་བརྟག་གི་རྣམ་པ་ཁྱོན་ནས་མེད་ལ། སྤྱིར་བཏང་གི་སློབ་སྦྱོང་པ་ཞིག་གིས་ཀྱང་གཞུང་དེའི་དོན་ལྟོས་འཇོག་གིས་ཤེས་སླ། འ་ཞ་བློ་གྲོས་རྒྱལ་མཚན་གྱིས་མཛད་དོ་ཅོག་གི་ལྗགས་རྩོམ་ལ་གོ་དཀའ་བའི་རང་བཞིན་ལྡན་པར་མ་ཟད། དགག་བཞག་དང་རྩོད་སྤོང་གི་ལམ་ནས་གཞུང་གི་མགོ་རྟིང་སློང་བ་རྐྱང་རྐྱང་ཡིན་པ་ལས་གཞན་མཐོང་རྒྱུ་མེད་སྙམ། ཞར་དུ་བསེན་ཐུབ་ཀྱི་འགྲེལ་མཛད་མཁན་སྐོར་ལའང་དོགས་འདྲི་ཞིག་བྱས་པ་ལས་ཁ་ཚོད་བཅད་ནས་བཤད་པ་མིན། བསེན་ཐུབ་ཀྱི་འགྲེལ་དུ་གསུངས་པའི་རིག་འཛིན་སྐོར་གོ་འཁྲུག་ཚུལ་ལ་དོགས་པ་འདི་འདྲ་ཞིག་ཀྱང་སློང་ན་ཆོག་པར་གྱིས་ལ། དཔེར་ན། སྤ་དཔལ་ལྡན་བཟང་བོའི་མཆན་བུ་ཏྲེ་སྟོན་རྒྱལ་མཚན་དཔལ་གྱིས་མཛད་པའི་བོན་སྒོ་གསལ་བྱེད་ཀྱི་མ་ཕྱིའི་སྟོད་སྨད་གཉིས་ཀ་ཡིག་མཁན་མི་འདྲ་བ་གཉིས་ཀྱིས་བྲིས་ཡོད་ཚུལ་གྱི་ཤོད་རྒྱུན་ལྟར། བོན་སྒོ་གསལ་བྱེད་ཀྱི་སྨད་ཆར་ཕྱིས་སུ་མུ་ཆོའི་ཐེག་འགྲེལ་ཞེས་བཏགས་པ་ཨེ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་ཆོག་པ་ནང་བཞིན། བསེན་ཐུབ་ཀྱི་འགྲེལ་འདི་ཡང་། ཡིག་མཁན་མི་འདྲ་བ་གཉིས་ཀྱིས་བྲིས་ཡོད་ཀྱང་སྲིད། དེ་ལྟར་བྲིས་ཡོད་ན་ལྟོས་འཇོག་གིས་སྐྱོན་འབྱུང་སླ་ལ། འབྱུང་ཡང་སྲིད་པ་ཞིག་ཡིན་པས། སྐྱོན་སྐྱོན་དུ་གོ་ན་མཁས་པ་ཡིན་པ་ལས། འབྲེལ་མི་ཆགས་པའི་ཚིག་འགས་ཆོག་པར་བྱས་ན། རྟ་བཤད་སར་བོང་བུ་བཤད་པའི་དཔེ་རུ་མི་འགྱུར་བའི་ངེས་པ་མེད་པས། དེའི་རིགས་ལ་ཀུན་གྱིས་ཐུགས་དོགས་བྱས་ན་ཡག་སྙམ་པ་ལས། བཙན་གྱིས་མ་དག་པ་ཞིག་དག་པ་རུ་བསྒྱུར་ན། ངལ་བའི་རྒྱུ་ལས་གཞན་ཅི་ཡང་མེད། ལར་བསེན་ཐུབ་ཀྱི་འགྲེལ་དུ་རིག་འཛིན་ཐར་བའི་ལམ་བརྒྱད་ཀྱི་གོ་རིམ་འཁྲུག་པ་འདི་ཡང་རྒྱུ་རྐྱེན་ངེས་ཅན་ཞིག་གི་འོག་ནས་འཁྲུག་པ་ཡིན་པར་གོང་དུ་བཤད་མ་ཐག་པ་ལས་གཞན་དམིགས་ཀྱིས་རོ་འཛིན་འགུལ་བ་མི་བྱ་ལ། མ་ཚད་བསེན་ཐུབ་ཀྱི་འགྲེལ་དུ་གསུངས་པའི་རིག་འཛིན་སྐོར་ནས་ཚིག་འགའ་ཡང་ཆད་འདུག་པ་སྣང་བས་ཞིབ་མོ་རྣམ་འཐག་གི་སྒོ་ནས་བརྟག་པ་བྱ་རྒྱུ་ནི་དཔྱད་དོན་ལྷག་མ་ཞིག་ཡིན། དེ་ཡང་བསེན་ཐུབ་ཀྱི་འགྲེལ་ལས་རིག་འཛིན་ཐར་བའི་ལམ་བརྒྱད་སྐོར་འཆད་སྐབས། དངོས་གཞི་ལམ་གྱི་ཐོབ་ཚུལ་ལ་བརྒྱད་དང་། ལམ་བརྒྱད་པོ་དག་རིམ་དང་ཅིག་ཆར་གྱི་སྒོ་ནས་བགྲོད་ཚུལ་གསུང་སྐབས་བསེན་ཐུབ་ཀྱི་འགྲེལ་དུ་གསུངས་པའི་ལམ་བརྒྱད་ཅེས་པ་དེ་ཡང་གོང་དུ་ཞུས་པ་བཞིན། བཅུ་དང་བརྒྱད་གཉིས་ནོར་བ་མིན་ནམ་སྙམ། དེ་མིན་ད་རུང་དོགས་གཞི་ཞིག་ཡོད་པ་ནི། བསེན་ཐུབ་ཀྱི་འགྲེལ་དུ་བཞི་བ་ཕྱག་རྒྱ་ཆེན་པོའི་རིག་འཛིན་འཆད་སྐབས་ཕྱག་རྒྱ་ཆེན་པོའི་རིག་འཛིན་རྒྱུད་ལ་ས་ལྔ་བ་དང་། དྲུག་པ། བདུན་པའི་རྟོགས་པ་སྐྱེས་ཏེ། ཕྱག་རྒྱ་ཆེན་པོ་བདེ་ཆེན་རྫོགས་པའི་རིག་འཛིན་པའོ། ། ཞེས་གསུངས་ཡོད་པར་གཞིག་ན་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་རྒྱུད་ལ་ས་ལྔ་བ་དང་དྲུག་པ། བདུན་པའི་རྟོགས་པ་སྐྱེས་ཤག་ཤག་ཏུ་གསུངས་པས། གོང་དུ་ཕྲན་གྱིས་ས་བཅུ་ལ་སྦྱར་ནས་རིག་འཛིན་བཅུ་གསུངས་ཡོད་པ་དང་འགལ་བ་ཡོད་དམ་སྙམ་པའི་དོགས་པ་ཞིག་སྐྱེ་རུང་ནའང་། དེ་ནི་ཞིབ་ཕྲས་བཤད་ན་དོགས་པ་དེ་ཡང་ངོ་བོ་གཞན་ཞིག་ཏུ་འགྱུར་སྲིད། དཔེར་ན། བསེན་ཐུབ་ཀྱི་འགྲེལ་དུ་གསུངས་པའི་རིག་འཛིན་སྐོར་གསང་སྔགས་རྫོང་འཕྲང་ལས་བཤུས་པ་ཡིན་པས་གསང་སྔགས་རྫོང་འཕྲང་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་འཆད་སྐབས་དེའི་རྒྱུད་ལ་ས་ལྔ་བ་དང་དྲུག་པ།བདུན་པའི་རྟོགས་པ་སྐྱེས་ཡོད་པ་གསུངས་མེད་པས་བསེན་ཐུབ་ཀྱི་འགྲེལ་དུ་བྲིས་ལོག་ཐེབས་ཡོད་སྙམ་མོ། །
འགྲེལ་ཉི་ཟེར་དྲྭ་བ་དང་རིག་འཛིན་རྣམ་དྲུག
འགྲེལ་ཉི་ཟེར་དྲྭ་བའམ་ཀུན་འདུས་རིན་ཆེན་རྩ་རྒྱུད་ཀྱི་འགྲེལ་བ་ཉི་ཟེར་དྲ་བ་ནི། དྲན་པ་ལ་སྔ་ཕྱི་གཉིས་ཡོད་པའི་ཕྱི་མ་སྟེ་ཡོངས་གྲགས་ལྟར་ན་ཁྲི་སྲོང་ལྡེའུ་བཙན་སྐབས་བྱོན་པའི་དྲན་པ་ནམ་མཁས་མཛད་པར་ཁས་འཆེ་ལ། གཞུང་དེའི་བསྡུས་མིང་ལ་འགྲེལ་ཉི་ཞེས་ཀྱང་ཟེར་སྙམ་སྟེ། བོན་སྒོ་གསལ་བྱེད་དུ་དྲངས་པའི་འགྲེལ་ཉི་ཟེར་བ་དེ་ཡང་གཞུང་འདི་ལ་ངོས་འཛིན་དགོས་པར་སྣང་། ཀུན་འདུས་རྩ་རྒྱུད་ཀྱི་འགྲེལ་བ་ལ་ཆེ་ཆུང་གསུམ་ཡོད་ཅེས་དར་རྒྱས་གསལ་སྒྲོན་དུ་གསལ་བ་བཞིན། ཀུན་འདུས་རྩ་རྒྱུད་ཀྱི་འགྲེལ་བ་ལ་ཆེ་ཆུང་གསུམ་ཡོད་པ་སྣང་ནའང་། བོན་གྱི་བསྟན་པ་འདི་ཡང་དར་ཡང་ནུབ་ཀྱི་རྐྱེན་པས། ད་སྔ་གཞུང་དེ་དག་མཐོང་རྒྱུ་མེད་ལ། འགྲེལ་བ་ཆེ་ཆུང་གསུམ་ཡོད་པའི་འགྲེལ་ཉི་འདི་ཡང་དེའི་གྲས་ཀྱི་གཅིག་ཡིན་སྙམ། རེད་དེ། ཞིབ་ཕྲའི་ཆེ་ཆུང་གང་ཡིན་གསལ་བོ་མི་ཤེས། འགྲེལ་ཉི་ཟེར་དྲ་བ་འདི་ནས་ཡར་བརྩིས་པའི་སྤྱི་ལོ་གཅིག་སྟོང་ཉིས་བརྒྱ་ཡས་མས་ཤིག་ལ་དྲན་པ་ནམ་མཁས་མཛད་པ་ཡིན། ཕྱིས་སུ་དྲན་པ་ནམ་མཁའ་ནན་བན་བྱས་ཏེ། ཏག་ཏག་མི་ལོ་སོ་ལྔ་ལ་ཆོས་སྒོར་ཞུགས་རབས་ཀྱི་ཤོད་སྲོལ་ཞིག་ཀྱང་ཡོད། གཞུང་དེའི་མཇུག་བྱང་དུ་གསལ་བ་ལྟར་ན། དྲན་པ་ནམ་མཁའ་ནི་བསྒྱུར་མཁན་ལས་མཛད་པ་པོ་མིན་པར་འདྲ་སྟེ། དཔེར་ན། རྩ་རྒྱུད་ཀུན་འདུས་ཀྱི་འགྲེལ་བ་ཉི་ཟེར་དྲ་བ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་ཁ་ཆེ་དཔལ་འབར་གྱང་ཏི་གསས་དང་། ལོ་ཙཱ་པ་བོད་ཀྱི་བོན་པོ་གསས་མཁར་མེ་འབར་དང་། བླ་མ་ཆེན་པོ་དྲན་པ་ནམ་མཁའ་རྣམས་ཀྱིས་གཏན་ལ་ཕབ་ཅིང་བཤད་པའོ། ། མཁས་པ་དེ་གསུམ་གྱིས་མཉམ་རུབ་ཀྱིས་བསྒྱུར་བར་མིན་ནམ། རེད་དེ། ཡོངས་གྲགས་སུ་དྲན་པ་ནམ་མཁས་མཛད་པར་བཤད་ལ། དེ་ཡང་གཏེར་སྟོན་པ་ཨ་ཙ་ར་མི་གསུམ་གྱིས་དུས་རབས་བཅུ་བའི་དུས་དཀྱིལ་ཙམ་ནས་གཏེར་ནས་བཏོན་པ་མིན་ནམ་སྙམ། ཀུན་འདུས་རྩ་རྒྱུད་ཀྱི་འགྲེལ་བ་ཉི་ཟེར་དྲ་བ་འདི་ལ་ལེའུ་རུ་བྱས་ནས་བགོས་མེད། གཙོ་བོ་གསང་སྔགས་ཀྱི་གཞི་ལམ་འབྲས་གསུམ་བསྟན་སའི་གཞུང་ཞིག་ཏུ་ངོས་འཛིན་གནང་ན་འགལ་བ་དེ་ཙམ་མེད་ལ། ལྷག་ཏུ་རིག་འཛིན་སྐོར་རྒྱས་བཤད་གནང་བའི་དཔེ་ཆ་རྙིང་གྲས་ཤིག་ཡིན། གུས་པོ་ང་རང་མཐོང་རྒྱ་ཆུང་སོང་བ་མིན་ན། བན་ཕྱོགས་དང་བོན་ཕྱོགས་ཀྱི་གཞུང་གང་ལ་བལྟས་ན། རིག་འཛིན་ཞེས་པའི་ཡིག་འབྲུ་རྡོག་པོ་གཉིས་ཀྱི་དོན་ལ་ཉེ་བར་གཅར་མཁན་གྱི་ཐོག་མ་དྲན་པ་ནམ་མཁའ་ཡིན་པར་སེམས་ཏེ། ཁོང་གིས་སྔར་མེད་གསར་དུ་རིག་འཛིན་གྱི་མཚན་ཉིད་དམ་ངོ་བོ་བཞག་པས་ཡིན། རིག་འཛིན་གྱི་མཚན་ཉིད་གསར་དུ་བཏོད་པས། ལྟོས་འཇོག་གིས་རིག་འཛིན་གྱི་རྣམ་པའང་གཞན་དུ་འགྱུར་འགོ་བརྩམས་ཏེ། རིག་འཛིན་བཞི་ལས་རིག་འཛིན་དྲུག་ཏུ་ཕྱེས་ཏེ། དཔེར་ན། གཞུང་དེ་ཉིད་ལས། 16༼ཤ་༧༣༽དེ་ལ་གཉིས་ཏེ། བགྲོད་བྱ་ལམ་གྱི་འབྲས་བུ་དང་། བགྲོད་བྱེད་ལམ་གྱི་རྒྱུ་རུ་བསྟན་པའོ། ། དེ་ལ་དགུ་སྟེ། རིག་འཛིན་གྱི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ལུང་གང་ལ་བརྟེན་པ་དང་། ནུས་པའི་སྟོབས་དང་། རྟོགས་པའི་ཚད་དང་། སྒྲིབ་པ་གང་བྱས་པ། གཉེན་པོ་གང་གིས་སྤང་བ། མཐར་འབྲས་བུ་གང་ཐོབ་པའོ། ། དེ་ལ་རིག་འཛིན་གྱི་ངོ་བོ་ནི། སངས་རྒྱས་དང་སེམས་ཅན་གང་ཡང་མིན་པས་ས་བཅུའི་གཡུང་དྲུང་སེམས་དཔའ། དེ་ནི་སངས་རྒྱས་མ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཡོད། སེམས་ཅན་མ་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་བྱང་བས་སྔགས་ཕྱིའི་སྐད་དུ་གཡུང་དྲུང་སེམས་དཔའ། ནང་གི་སྐད་དུ་རིག་འཛིན་ཡིན་ནོ། ། ངེས་ཚིག་ནི། མྱ་ངན་ལ་འདས་ན་སངས་རྒྱས་ཀྱི་རིག་འཛིན་པའི་ཕྱིར། རིག་འཛིན་ཞེས་བྱའོ། ། དབྱེ་ན་རྣམ་པ་དྲུག་སྟེ། ཕྱག་རྒྱ་ཞེས་པ་ས་དང་པོ་ལ་གནས་པའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། ལྷུན་གྲུབ་ཅེས་པ་ས་བཅུ་ལ་གནས་པ་ལྷུན་གྱིས་གྲུབ་པའི་རིག་འཛིན། གཡུང་དྲུང་ལྷའི་རིག་འཛིན། ཚེ་ལ་དབང་བའི་རིག་འཛིན། སྒྱུ་འཕྲུལ་དབང་བསྒྱུར་གྱི་རིག་འཛིན། རྣམ་པར་སྨིན་པའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི། འཁོར་བའི་སྒྲིབ་པ་ཐམས་ཅད་ཕྱགས་ནས། རྣམ་པར་མི་རྟོག་པས་ཡེ་ཤེས་ཀྱིས་རྒྱས་གདབ། འཇིག་རྟེན་གྱི་ས་ལས་ཆེར་འཕགས་ནས། མྱ་ངན་ལས་འདས་པའི་རིག་འཛིན་ཡིན་པའི་ཕྱིར། ཕྱག་རྒྱ་ཆེན་པོའི་རིག་འཛིན་བྱའོ། ། ཞེས་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་བསྟན་པ་ཕན་ཆད་ནས། རིག་འཛིན་དེའི་ཐོབ་པའི་ས་དང་སྦྱང་བྱའི་སྒྲིབ་པ་བསྟན་ཡོད་པ་མ་ཟད། འགྲེལ་ཉིའི་དངོས་བསྟན་གྱི་ཕྱག་ཆེན་དང་། ཁྲོ་རྒྱུད་ཀྱི་ཕྱག་ཆེན་རིག་འཛིན་གཉིས་མི་འདྲ་སྟེ། འདིར་བསྟན་པའི་ཕྱག་ཆེན་རིག་འཛིན་ས་དང་པོ་ཐོབ་པ་ནས་ཡོད་གསུངས ཡོད། ཡང་དེ་ཉིད་ལས། ལྷུན་གྱིས་གྲུབ་པའི་རིག་འཛིན་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ས་ལམ་ཐམས་ཅད་ཀྱི་མཐར་ཕྱིན། གཡུང་དྲུང་ལྟ་བུ་ཏིང་ངེ་འཛིན་དུ་ལྷུན་གྱིས་འགྲུབ་པའོ། ། ཞེས་པས་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་རིག་འཛིན་དེའི་ཐོབ་པའི་ས་སོགས་བསྟན་ཡོད། ཡང་དེ་ཉིད་ལས། གཡུང་དྲུང་ལྷའི་རིག་འཛིན་ནི། སྐུ་འགྱུར་བ་མེད་པ། གསུང་བརྗོད་ལས་འདས་པ། ཐུགས་བོན་ཉིད་ཀྱི་ཀློང་དུ་ལྷུན་གྱིས་གྲུབ་པའོ། ། ཞེས་པས་གཡུང་དྲུང་ལྷའི་རིག་འཛིན་དང་རིག་འཛིན་གང་དེའི་སྐུ་འགྱུར་བ་མེད་པ་སོགས་བསྟན་ཡོད། ཡང་དེ་ཉིད་ལས། ཚེ་ལ་དབང་བའི་རིག་འཛིན་ནི། འཇུག་པ་རང་དབང་དང་ཆས་པས་སྐྱེ་ལུས་གང་ཡང་ལེན་པ། ལྡོག་པའི་རང་དབང་དང་ཆས་པས་སྐྱེས་ལུས་སྔོན་མས་འགྲོ་དོན་མ་ནུས་ན། ལུས་གཞན་དུ་འཕོ་བར་ནུས་པས། ཚེ་དུ་མར་བཞུགས་ཤིང་ལུས་ལ་འཇུག་ལྡོག་བྱར་ཡོད་པའོ། ། ཞེས་ཚེ་དབང་རིག་འཛིན་དང་རིག་འཛིན་དེས་རང་དབང་གི་སྒོ་ནས་ལུས་གཞན་དུ་འཕོ་བའམ་གྲོང་འཇུག་བྱར་ནུས་པ་སོགས་བསྟན་ཡོད། ཡང་དེ་ཉིད་ལས། རྫུ་འཕྲུལ་དབང་བསྒྱུར་གྱི་རིག་འཛིན་ནི། མཐུ་དང་རྫུ་འཕྲུལ་སྣ་ཚོགས་དང་ལྡན་ཏེ། ཆུ་བོ་གལ་བསྒྱུར་བ་དང་། རྒུན་དུས་སུ་ཐོག་དབབ་པ་དང་། ནམ་མཁའ་ལ་འཕུར་བ་དང་། ས་གཞི་ལ་འཛུལ་བའོ། ། ཞེས་པས་རྫུ་འཕྲུལ་དབང་བསྒྱུར་གྱི་རིག་འཛིན་དང་། རིག་འཛིན་གང་དེའི་རྫུ་འཕྲུལ་སོགས་བསྟན་ཡོད། ཡང་དེ་ཉིད་ལས། ལུས་རྣམ་པར་སྨིན་པ་ནི། ལུས་ངག་ཡིད་གསུམ་ལྷའི་སྐུར་སྨིན་པའོ། ། དེ་བཞིན་དུ་རིག་འཛིན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པའོ། ། ཞེས་པས་རྣམ་སྨིན་རིག་འཛིན་དང་། རིག་འཛིན་གང་དེའི་ལུས་ངག་ཡིད་གསུམ་པོ་ཡི་དམ་ལྷའི་རྣམ་པར་སྨིན་པར་བསྟན་ཡོད་དོ། ། མདོར་ན་འགྲེལ་ཉི་རང་གཞུང་དུ་རིག་འཛིན་རྣམ་པ་དྲུག་ཏུ་ཕྱེ་ཡོད་ལ་དེའི་ནང་ནས་གཡུང་དྲུང་ལྷའི་རིག་འཛིན་དང་། རྫུ་འཕྲུལ་དབང་བསྒྱུར་གྱི་རིག་འཛིན་གཉིས་གཞུང་གཞན་དུ་གསལ་མིན་མ་ངེས་ལ། གཞུང་འདིར་གསུངས་པའི་ཕྱག་རྒྱ་རིག་འཛིན་ཞེས་པ་ས་དང་པོར་གནས་པ་དང་། ལྷུན་གྲུབ་རིག་འཛིན་ས་བཅུ་བ་ལ་གནས་པ་མངོན་གསལ་དོད་པོའི་སྒོ་ནས་གསུངས་ཡོད་པ་ལས། གཞན་བཞི་པོ་ས་གང་དུ་གནས་མིན་སྐོར་མ་གསུངས་ཀྱང་། ཁྲོ་རྒྱུད་དུ་གསུངས་པའི་སེམས་དཔའ་རྣམ་བཞིའི་ཁུངས་ལ་འདུས་སོ་སྙམ་པས་དཔྱད་པར་འཚལ།
མཐའ་དཔྱད་པ།
སྤྱིར་བན་བོན་གཉིས་ཀའི་གཞུང་ལ་རིག་འཛིན་སྐོར་མང་པོ་མཐོང་རྒྱུ་ཡོད་ཅིང་། གོང་དུ་ངོ་སྤྲོད་ཞུས་པ་དེ་དག་ནི་ལྟོས་འཇོག་གིས་རིག་འཛིན་སྐོར་འཆད་སའི་དཔེ་རྙིང་སྐོར་ཡིན། དེ་མིན་ད་རུང་རིག་འཛིན་སྐོར་གླེང་ཡོད་པའི་བན་བོན་གྱི་གཞུང་མང་པོ་ཡོད་དེ། དཔེར་ན། ལྕང་ལུང་གཡུང་དྲུང་བསྟན་འཛིན་གྱིས་མཛད་པའི་གསང་སྔགས་རྒྱུད་དྲུག་གི་དོན་འགྲེལ་དང། ཏྲེ་སྟོན་རྒྱལ་མཚན་གྱིས་མཛད་པའི་བོན་སྒོ་གསལ་བྱེད། ཤར་རྫ་རིན་པོ་ཆེས་མཛད་པའི་སྡེ་སྣོད་མཛོད། ཡོངས་འཛིན་སྨྲ་བའི་སེང་གེས་མཛད་པའི་བཀའ་འགྲེལ་གསལ་བྱེད་དང་གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེ་མིག་གཉིས། ཞང་སྟོན་བསོད་རིན་གྱིས་མཛད་པའི་གསང་སྔགས་ཀྱི་དོན་གསལ་བར་བྱེད་པའི་རྒྱན། བན་ཕྱོགས་ནས་ཀྱང་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་གསང་བདག་ཞལ་ལུང་དང་། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་ཕྱོགས་བཅུའི་མུན་སེལ། འཇུ་མི་ཕམ་གྱིས་སྤྱི་དོན་འོད་གསལ་སྙིང་པོ་སོགས་མང་དུ་ཡོད་ཀྱང་། དེ་དག་རེ་རེ་བྱས་ནས་ངོ་སྤྲོད་ཞུས་ན། ཉོག་འགྲོ་བར་དོགས་པས་ངལ་བ་དང་དུ་མ་བླངས་བ་ཡིན། སྤྱིར་གསང་སྔགས་གཞུང་དུ་གསུངས་པའི་རིག་འཛིན་ཞེས་པ་ཡང་སྙིང་ཅི་ཞིག་ཡིན་ནམ་ཟེར་ན། དྲན་པ་ནམ་མཁས་གསུངས་པ་བཞིན་སངས་རྒྱས་དང་སེམས་ཅན་གང་ཡང་མ་ཡིན་པའི་ས་བཅུའི་གཡུང་དྲུང་སེམས་དཔའ་ཞིག་ལ་བཞག་ན་འཐད་པ་མ་ཟད། རིག་འཛིན་ཞེས་པའི་ཡིག་རྡོག་གཉིས་ལ་མཚན་ཉིད་ཀྱི་ལམ་ནས་འགྲེལ་རྒྱག་མཁན་ཐོག་མའང་ཁོང་ཡིན་པར་སེམས་ཏེ། མཐོང་རྒྱ་ཆུང་བའི་སྟབས་ཀྱིས་མིན་ན། དེའི་སྔ་རོལ་ཏུ་མཚན་ཉིད་ཀྱི་ལམ་ནས་འགྲེལ་རྒྱག་མཁན་བན་བོན་གཉིས་ལ་ཁོང་མ་གཏོགས་མེད་སྙམ། ལར་ཁྲོ་རྒྱུད་དུ་སེམས་དཔའ་རྣམ་བཞི་ཞེས་སེམས་དཔའི་ཐ་སྙད་བེད་སྤྱོད་བྱས་ཡོད་ལ་སྐབས་རེ་ལ་རིག་འཛིན་ཞེས་པའི་ཐ་སྙད་ཀྱང་བཀོལ་ཡོད། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྡོ་རྗེ་ལས་རིམ་དུ་རིག་འཛིན་རྣམ་བཞི་ཞེས་འཆད་ཚུལ་ལ་བལྟས་ན། སྤྱིའི་ཆ་ནས་གཞུང་དེ་གཉིས་ལ་ཁྱད་པར་མེད་པར་མ་ཟད། རྡོ་རྗེ་ལས་རིམ་དང་ཁྲོ་བོ་རྒྱུད་དྲུག་གཉིས་ཀའི་གཞུང་ཚིག་ལ་འདྲ་བའི་ཆ་ཧ་ཅང་མང་ལ། དེ་ཡང་ལོ་རྒྱུས་ཀྱི་ངོས་ནས་བསྙད་ན། རྡོ་རྗེ་ལས་རིམ་གྱི་གཞུང་ཚིག་ཁ་ཤས་ཁྲོ་བོ་རྒྱུད་དྲུག་ལས་བཤུས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་ཀྱང་སྐྱེ་སྲིད། རྒྱུ་མཚན། བྱུང་རིམ་གྱི་ཆ་ནས་བསྙད་ན། རྡོ་རྗེ་ལས་རིམ་ལས་ཁྲོ་བོ་རྒྱུད་དྲུག་སྔ་བས་ཤེས་ནུས། སྤྱིའི་ཆ་ནས་བན་བོན་གྱི་གཞུང་དུ་རིག་འཛིན་གྱི་ངོ་བོ་འཇོག་སྟངས་འདྲ་ནའང་། བྱེ་བྲག་ས་མཚམས་དང་། རྣམ་གྲངས་ཀྱི་ཆ་ནས་ཁྱད་པར་ཡོད། རྣམ་སྨིན་རིག་འཛིན་ཚོགས་སྦྱོར་ལ་གནས་པར་འདོད་པའི་མཁས་པ་དཔེར་ན། རབ་བྱུང་བཞི་བའི་ནང་དུ་བྱོན་པའི་ཏྲེ་སྟོན་རྒྱལ་མཚན་དཔལ་གྱིས་བོན་སྒོ་གསལ་བྱེད་དུ། 17 ༼ཤ༥༣༽ རྣམ་སྨིན་མོས་སྤྱོད་ས་ལ་བཞག་ཡོད་ལ། མཐོང་ལམ་དུ་ཚེ་ལ་དབང་བའི་གཡུང་དྲུང་སེམས་དཔའ་དང་། བསྒོམ་ལམ་དུ་ཕྱག་རྒྱ་ཆེན་པོའི་སེམས་དཔའ་དང་། མཐར་ཕྱིན་ལམ་དུ་ལྷུན་གྱིས་གྲུབ་པའི་སེམས་དཔའ་ཞེས་ལམ་ལྔ་ལ་སྦྱར་ནས་གསུངས་ཡོད། དེ་བཞིན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱིས་མཛད་པའི་ཕྱོགས་བཅུའི་མུན་སེལ་ལས་ཀྱང་། རྣམ་སྨིན་ཚོགས་སྦྱོར་མཐར་ཐུག་གི་ས་ཞེས་གསུངས་ཡོད་ལ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་སོགས་ཀྱིས་ཀྱང་སྡེ་སྣོད་མཛོད་དུ་རིག་འཛིན་བཞི་ལམ་ལྔ་ལ་སྦྱར་ནས་བསྟན་པར་མ་ཟད། རྣམ་སྨིན་སེམས་དཔའ་ཚོགས་སྦྱོར་ལ་གནས་པར་འདོད་ཡོད། རེད་དེ། སྟོན་པ་འཆི་མེད་གཙུག་ཕུད་ཀྱི་ཁྲོ་རྒྱུད་དུ་རིག་འཛིན་རྣམ་བཞི་ལམ་གསུམ་ལ་སྦྱར་ནས་གསུངས་ཡོད་པར་མ་ཟད། རྣམ་སྨིན་སེམས་དཔའ་མཐོང་ལམ་དུ་གནས་ཡོད་པ་མངོན་གསལ་དོད་པོའི་སྒོ་ནས་གསུངས་ཡོད་པས། ཚིག་གི་ངོ་གདོང་ནས་གོ་བ་བླངས་ན། འགལ་བ་ཞིག་སྣང་། མདོར་ན་རིག་འཛིན་རྣམས་ལམ་ལྔ་དང་། ལམ་གསུམ། ས་བཅུ་ལ་སྦྱར་ནས་གསུངས་ཡོད་པ་འདྲ། དེ་མིན་རིག་འཛིན་རྣམ་བཞིའི་སྦྱང་བྱའི་སྒྲིབ་པ་དག་ཞིབ་ཆའི་སྒོ་ནས་དཔོན་བསྟན་འཛིན་རྣམ་དག་གིས་བཀའ་འགྲེལ་གསལ་བྱེད་དུ་གསུངས་པས་འཐུས་ལ། ཁྱད་པར་ཁྲོ་རྒྱུད་དང་སློབ་དཔོན་སངས་རྒྱས་ཀྱིས་རྡོ་རྗེ་ལས་རིམ་དུ་གསུངས་པའི་ལྷུན་གྲུབ་རིག་འཛིན་གྱི་སྦྱང་བྱའི་ཀུན་འགྲོའི་སྒྲིབ་པ་ཞེས་པ་གང་ལ་ངོས་འཛིན་དགོས་སམ་ཞེ་ན། དེ་ནི་ཡོངས་འཛིན་བསྟན་འཛིན་རྣམ་དག་གིས་གསུངས་པ་བཞིན་བདེན་འཛིན་གྱིས་བཞག་པའི་བག་ཆགས་ལ་ཕྲ་རགས་གཉིས་ལས་རགས་པ་བཞག་ན་འཐད་སྙམ་མོ། ། སྤྱིར་འདིར་བཤད་པའི་སྐད་ཆ་འདི་དག་ནི་བདག་གིས་དཔེ་ཀློག་གི་ཁྲོད་ནས་རྙེད་པའི་དོགས་པ་རེ་འགའ་ཡི་གེར་བརྒྱུས་པ་ཙམ་ལས་དཔྱད་པ་རྫོགས་པའི་གཏམ་ཡེ་ནས་མིན་པས་བཤད་ལོག་འདྲ་བྱས་ཡོད་ན་དགོངས་ཡངས་དང་ཡོ་བསྲང་གནང་བར་ཞུ་ཁེངས་པ་སྐྱུང་ཙམ་བྱས་ཏེ་དགེ་བློ་གྲོས་ཟེར་བ་དེས་མདོ་སྨད་སྣང་ཞིག་དགོན་ཆེན་དུ་མཇུག་གྲུབ་པ་བྱས་སོ། །
དཔྱད་གཞིའི་ཡིག་རིགས།
1སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《སྡེ་སྲིད་སྨན་གྱི་ཁོག་འབུབས》 ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།
2 .3. 4སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་མཛད་པའི《གསང་སྔགས་སྤྱི་སྤུངས་ཁྲོ་བོ་རྒྱུད་དྲུག》 གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། དེབ་གྲངས་བཅུ་དྲུག་པ། མི་རིགས་དཔེ་སྐྲུན་ཁང་།
5《རྡོ་རྗེ་ལས་རིམ 》 བསྐྱར་དཔར་མ།
6.7.13.15 དཔལ་གཤེན་སྨན་རིའི་བཤད་སྒྲུབ་འདུས་སྡེས་དཔེ་སྐྲུན་གནང་བའི་དེབ་གཟུགས་ཅན། ཞང་བོད་མཁས་གྲུབ་རྣམས་ཀྱིས་མཛད་པའི《གསང་སྔགས་རྫོང་འཕྲང》
8མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད་པའི《བསྟན་འབྱུང་ནོར་བུ་ཀེ་ཏ་ཀ 》ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་དགུ་པ།
9བོན་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྩོམ་སྒྲིག་གནང་བའི《ཞང་བོད་ཚིག་མཛོད་ཆེན་མོ》 སྟོད་ཆ།
10༢༠༠༨ལོའི་དུས་དེབ《དཔྱོད་ལྡན་མཆོད་པའི་མེ་ཏོག 》 སྤྱིའི་དེབ་གྲངས། ལྔ་བ།
11དཔལ་ཚུལ་གྱི《བསྟན་འབྱུང》ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་བཅུ་བ།
12སྤ་བསྟན་རྒྱལ་བཟང་པོས་མཛད་པའི《དར་རྒྱས་གསལ་སྒྲོན》 ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་བདུན་པ།
14འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའ《རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་ཡིད་བཞིན་རྣམ་པར་བཀོད་པ》 གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི༢༠༠༨ལོའི་པོད་བཅུ་བཞི་པ།
16དྲན་པ་ནམ་མཁས་་པའི《ཀུན་འདུས་རིན་ཆེན་རྩ་རྒྱུད་ཀྱི་འགྲེལ་བ་ཉི་ཟེར་དྲ་བ》 སྒོ་བཞི་མཛོད་ལྔའི་ཡང་བཅུད། བོད་ཞེ་ལྔ་བ།
17ཏྲེ་སྟོན་རྒྱལ་མཚན་དཔལ་གྱིས་མཛད་པའི《བོན་སྒོ་གསལ་བྱེད》ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་ལྔ་བ།
● 《གསང་སྔགས་རྫོང་འཕྲང》ལས། ༼ཤ༡༤༩ ༽གསུམ་པ། མཐོང་བའི་ལམ་ལ། གཤེན་རབ་ཀྱི་ལམ་གཞིའི་དོན་རྟོགས་པ། ནང་གི་དབང་རྣམས་ཐོབ་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་། བསྐྱེད་རྫོགས་ཟུང་འཇུག་ཏུ་དབང་རྫོགས་པས། བོན་ཉིད་ཡེ་ཤེས་ཀྱི་ཀློང་གནས་ལྔ་མཐོང་བའི་དོན། མངོན་སུམ་དུ་རྟོགས་ལ། རབ་ཏུ་དགའ་བའི་རིག་འཛིན་ཐར་བའི་ལམ་ཞེས་བྱ་སྟེ། འཇིག་རྟེན་པའི་ལམ་ལ་སྒྲིབ་པ་རགས་པའི་འགོ་ནོན་ཞིང་། འཁོར་བ་དང་ངན་སོང་ལ་ཐར་ཞིང་གྲོལ་བ་ལུས་སེམས་བདེ་བ་དང་། དགའ་བ་ཏིང་འཛིན་རྗེས་ཤེས་ཀྱི་ཡོན་ཏན་དུ་མ་འཆར་ཏེ། མེ་ཆུ་གཅན་གཟན་གྱིས་འཇིག་པ། མཚོན་དང་དུག་དང་རྒྱལ་པོའི་ཆད་པ། མདོར་ན་རྣམ་པར་འཚེ་བ་གང་གིས་ཀྱང་མི་ཚུགས། ནད་ཀྱི་རྣམ་པ་གང་ཡང་མི་འབྱུང་བ་དང་། སེམས་ཅན་གྱི་དོན་ཆེན་ནུས་པ་དང་། ས་དང་པོ་ཡི་དོན་མཐོང་བས། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཤེས་པ་ཡང་འབྱུང་ངོ་། ། བཞི་བ་བསྒོམ་པའི་ལམ་ལ། ས་གཉིས་པ་དྲི་མེད་ཤེལ་གྱི་ས་ཞེས་བྱ་སྟེ། འཆལ་བའི་སྒྲིབ་པ་བྱང་། ཚུལ་ཁྲིམས་ཀྱི་ཚོགས་རྫོགས། ཚུལ་ཁྲིམས་བྱམས་མའི་ཞལ་མཐོང་། ས་དང་པོ་དང་གཉིས་པའི་རྟོགས་པ་སྐྱེས་པས། བདེ་བ་ལྷུན་ལ་རྫོགས་ནས་བདེ་བ་རིག་འཛིན། གོང་གི་ཡོན་ཏན་སྟོང་ཕྲག་བཅུ་གཉིས་འབྱུང་ངོ་། ། གསུམ་པ་འོད་ཟེར་འཕྲོ་བ་རིག་འཛིན་ལམ་ཞེས་པས། མ་རིག་པ་དང་རྨོངས་པ་ལས་གྲོལ་ཞིང་ཐར་ནས་གསུམ་པ་འོད་ཟེར་འཕྲོ་བའི་ས་ནོན། བྱུང་ཚོར་གྱི་སྒྲིབ་པ་བྱང་། བཟོད་པའི་ཚོགས་རྫོགས། བཟོད་པ་བྱམས་མའི་ཞལ་མཐོང་། གོང་གི་ཡོན་ཏན་ཁྲི་ཕྲག་བཅུ་གཉིས་འབྱུང་ངོ་། ། བཞི་པ་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐར་བའི་ལམ་ཞེས་པས། བདུད་ཀྱི་ཆུ་བཞིའི་སྡུག་བསྔལ་ལས་ཐར་ནས། བཞི་པ་ཕྱག་རྒྱ་བསྒྱུར་བའི་ས་ནོན། ལེ་ལོ་ཡི་སྒྲིབ་པ་བྱང་། བརྩོན་འགྲུས་ཀྱི་ཚོགས་རྫོགས་ཏེ། བརྩོན་འགྲུས་བྱམས་མའི་ཞལ་མཐོང་། ས་གསུམ་པ་དང་བཞི་བའི་རྟོགས་པ་ཤར་བས། རིག་པ་ཡེ་ཤེས་འོད་ཟེར་འཕྲོ་བའི་རིག་འཛིན། གོང་གི་ཡོན་ཏན་འབུམ་ཕྲག་བཅུ་གཉིས་འབྱུང་ངོ་། ། བོན་ཉིད་སྤྲིན་དཔུང་རིག་འཛིན་ཐར་བའི་ལམ་ཞེས་པས། གཡོ་རྩོལ་གྱི་སྒྲིབ་པ་ལས་ཐར་ནས་ལྔ་བ་བོན་ཉིད་སྤྲིན་དཔུང་གི་ས་ནོན། གཡོ་རྩོལ་གྱི་སྒྲིབ་པ་བྱང་། བསན་གཏན་རིག་འཛིན་གྱི་ཚོགས་རྫོགས། བསམ་གཏན་བྱམས་མའི་ཞལ་མཐོང་ནས། གོང་གི་ཡོན་ཏན་ས་ཡ་ཕྲག་བཅུ་གཉིས་འབྱུང་ངོ་། ། བདེ་ལྡན་རྟོགས་པ་རིག་འཛིན་ཐར་བའི་ལམ་ཞེས་པས། སྡུག་བསྔལ་དང་འདུ་འཛི་ལས་གྲོལ་ཞིང་ཐར་ནས་དྲུག་པ་བདེ་ལྡན་རྟོགས་པའི་ས་ནོན། ཞེས་པའི་ཚིག་མགོ་ནས་ཆད་འདུག་སྙམ། དྲུག་པ་བདེ་ལྡན་རྟོགས་པའི་ས་ནོན། མ་ནུས་སྤུང་ཆུང་གི་སྒྲིབ་པ་བྱང་། སྟོབས་ཀྱི་ཚོགས་རྫོགས། སྟོབས་ཀྱི་བྱམས་མའི་ཞལ་མཐོང་། གོང་གི་ཡོན་ཏན་བྱེ་བ་ཕྲག་བརྒྱ་བཅུ་གཉིས་འབྱུང་ངོ་། ། བདུན་པ་ཡིད་བཞིན་གྲུབ་པའི་ས་ནོན། གདུག་སེམས་ཀྱི་སྒྲིབ་པ་བྱང་ནས། སྙིང་རྗེའི་ཚོགས་རྫོགས། སྙིང་རྗེ་བྱམས་མའི་ཞལ་མཐོང་། ས་ལྔ་བ་དང་དྲུག་པ། བདུན་པའི་རྟོགས་པ་སྐྱེས་ཏེ། ཡོན་ཏན་དུང་ཕྱུར་ཕྲག་བཅུར་འབྱུང་ངོ་། ། བརྒྱད་པ་མ་ཆགས་དག་པ་རིག་འཛིན་ཐར་བའི་ལམ་ཞེས་པས་བག་ཆགས་དང་སྒྲིབ་པ་ལས་གྲོལ་ཞིར་ཐར་ནས། ས་བརྒྱད་པ་མ་ཆགས་པའི་ས་ནོན། རེ་དོགས་ཀྱི་སྒྲིབ་པ་བྱང་། སྨོན་ལམ་གྱི་ཚོགས་རྫོགས་སྨོན་ལམ་བྱམས་མའི་ཞལ་མཐོང་། ས་བརྒྱད་པའི་རྟོགས་པ་ཤར། གང་ལ་མ་ཆགས་པ། ཆགས་མེད་རྣམ་པར་དག་པའི་རིག་འཛིན། གོང་གི་ཡོན་ཏན་དུང་ཕྱུར་ཕྲག་བཅུ་གཉིས་འབྱུང་ངོ་། ། དགུ་བ་འཁོར་ལོ་རྫོགས་ཆེན་རིག་འཛིན་ཐར་བའི་ལམ་ཞེས་པས། འཁྲུལ་པ་དང་ལོག་པའི་བག་ཆགས་ལས་ཐར་ནས། ས་དགུ་པའི་རྟོགས་པ་སྐྱེས་ཏེ། ཕྱིན་ཅི་ལོག་གི་སྒྲིབ་པ་བསལ། ཐབས་ཀྱི་ཚོགས་ཆེན་རྫོགས། ཐབས་ཀྱི་བྱམས་མའི་ཞལ་མཐོང་། ཨ་སྐྱེ་བ་མེད་པ་རིག་པ་རྡིང་དུ་གྱུར་པའི་རིག་འཛིན་གོང་གི་ཡོན་ཏན་ཐེར་འབུམ་ཕྲག་བཅུ་གཉིས་འབྱུང་ངོ་། ། ཟབ་མོ་བཀོད་པ་རིག་འཛིན་ཐར་བའི་ལམ་ཞེས་པས། མི་ཁོམ་པའི་བག་ཆགས་ལ་གྲོལ་ཞིང་ཐར་ནས། གསང་དབང་ཐོབ་པས་ཡིད་ཀྱི་སྒྲིབ་པ་བྱང་། ཟག་མེད་བདེ་བའི་དབང་ཐོབ་པས། ས་བཅུ་བ་ནོན། འཁྲུལ་རྨོངས་ཀྱི་སྒྲིབ་པ་བྱང་། ཤེས་རབ་ཀྱི་ཚོགས་རྫོགས་ཤེས་རབ་བྱམས་མའི་ཞལ་མཐོང་། ཟབ་མོ་མཐར་ཐུག་དོན་གྱི་རིག་འཛིན་ནི། གོང་གི་ཡོན་ཏན་ཐེར་ཆེན་ཕྲག་བཅུ་གཉིས་འབྱུང་ངོ་། ། ལྔ་བ་བླ་ན་མེད་པ་མཐར་ཕྱིན་པའི་ལམ་ནི། ཡང་གསང་གི་དབང་ཐོབ་པས། སྒྲིབ་ལ་ལྷན་སྐྱེས་ཕྲ་མོ་རྩད་ཆད། སྐུ་དང་ཡེ་ཤེས་ཆེན་པོའི་དོན་ཐོབ། རྒྱུ་རྩོལ་རྟོག་གི་བག་ཆགས་གྲོལ་ཞིང་ཐར་ནས། ས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན། ས་ཏྲིག་ཨེར་སངས་ཀྱི་ཞལ་མཐོང་ནས། བོན་ཉིད་རྣམ་པར་དག་པའི་སྐུ་གསུམ་མངོན་དུ་གྱུར། ལུས་ངག་ཡིད་གསུམ་གྱི་འཁྲུལ་སྣང་ཟད། སེམས་ཡེ་དབྱིངས་རྣམ་པར་དག་ནས། ངོ་བོ་སྟོང་བ་བོན་གྱི་སྐུ། ལུས་མཁའ་གསལ་ཏེ། རང་བཞིན་རྫོགས་པའི་སྐུ། ངང་ཀློང་ཡོང་སྟེ། སྣ་ཚོགས་འཆར་བ་སྤྲུལ་བའི་སྐུ། རང་བཞིན་འདུས་མ་བྱས་པ་ངོ་བོ་ཉིད་ཀྱི་སྐུ། དུ་མར་སྣང་བ་མངོན་པར་བྱང་ཆུབ་པའི་སྐུ་དང་ལྔའོ། །
བསམ་ཚུལ་ཕྲིས།