ལྷག་མཐོང་རིག་པའི་རྣམ་བཤད་ཉུང་ངུ་དབུ་མའི་མིག་འབྱེད།

རྩོམ་ཡིག་འདི་ཐེངས། 319665 བཀླགས་འདུག

མཁན་པོ་གངས་སེང་།

མཚན་པའི་ཆ་ཤས་ཡོངས་རྫོགས་ཆུ་ཟླའི་ཚུལ།།

ལེགས་པ་བརྒྱ་ལྡན་ཚངས་དབྱངས་བྲག་ཆའི་ལན།།

རྟེན་འབྲེལ་མངོན་གྱུར་བརྩེ་ལྡན་འགྲོ་བའི་མགོན།།

བསྟན་པའི་གཙོ་བོ་གཤེན་རབ་མི་བོར་འདུད།།

མཁྱེན་རབ་ནོར་བུའི་བང་མཛོད་མངའ་དབང་སྒྱུར།།

བསླབ་གསུམ་ངུར་སྨྲིག་རོལ་པའི་གར་གྱིས་མཛེས།།

ཐེག་དགུའི་སྲོལ་འབྱེད་ལུང་གིས་རབ་བསྔགས་པ།།

གདུང་སོབ་མུ་ཆོ་དད་བརྒྱའི་མགོན་དུ་གྱུར།།

/

གངས་ཅན་ལྗོངས་སོགས་ཡུལ་གྲུའི་ཕྱོགས་ཀུན་ཏུ།།

སངས་རྒྱས་བསྟན་པ་སྒྲོན་མའི་འོད་སྟོང་ཉིད།།

དང་པོར་སྤེལ་མཛད་རྒྱན་དྲུག་མཁས་བཞི་ཡི།།

རླབས་ཆེན་མཛད་རྗེས་གང་གིས་སྒྲིབ་ནུས་མིན།།

ཟབ་ཅིང་རྒྱ་ཆེའི་གཞུང་ལུགས་ཆུ་སྲིན་གྲོང་།།

ཡོངས་རྫོགས་བརྒལ་བའི་བློ་གཤོག་མ་རྒྱས་ཀྱང་།།

ཉུང་ངུའི་ལམ་ནས་རིག་པའི་ཉ་མོའི་རྩལ།།

འདི་རུ་ངོམ་པས་མིག་ལྡན་ཡིད་དབང་འགུག།། 

དེ་ལྟར་མཆོད་བརྗོད་དང་བཤད་དམ་གྱིས་མདུན་བསུས་ཏེ་གང་བཤད་བྱ་ནི། དབུས་གཏེར་ཚད་མ་སྨྲ་སེང་ལས། བོན་གྱི་མདོ་བཞི་ཁས་ལེན་པ་ནི་གཤེན་རབ་ལ། དེ་མི་ལེན་པ་ནི་མུ་སྟེགས་པའོ།། དེ་ལ་བོན་གྱི་མདོ་བཞི་ནི་འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ། བོན་ཐམས་ཅད་ཀྱི་མདོ་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་བའོ།། ལྟ་བ་ནི་བདག་དང་བཅས་པ་དང་བདག་མེད་པའོ།། ཞེས་གསུངས་པའི་ནང་ཚན་བོན་ཐམས་ཅད་ཀྱི་མདོ་སྟོང་ཞིང་བདག་མེད་པ་ཞེས་དང་ལྟ་བ་ནི་བདག་དང་བཅས་པ་དང་། བདག་མེད་པའོ།། ཞེས་པའི་དོན་ཅུང་ཟད་མདོར་བསྡུས་གོ་བདེ་ཞིག་འཆད་པ་ལ་བློ་གཟུ་བོར་ཕྱོགས་སོ།། དེ་ཡང་བདག་མེད་པ་རྟོགས་པའི་ཕན་ཡོན་དང་། བདག་མེད་གཏན་ལ་དབབ་པ་དངོས་སོ།། དང་པོ་ནི། རྩྭ་འཇག་གི་སྲིན་བུ་ཡན་ཆད་ལུས་ཅན་གང་ཡིན་ཡང་སྡུག་བསྔལ་མི་འདོད་ཅིང་། བདེ་བ་འདོད་པ་ཤ་སྟག་ཡིན་པ། རང་ཉམས་ལ་དཔག་ན་ཆེས་གསལ་པོ་ཤེས་ཐུབ། རང་སར་སྡུག་བསྔལ་མི་འདོད་པ་དང་བདེ་བ་འབྱུང་འདོད་ཙམ་བྱས་ནས་མི་ཕན་པར་སྡུག་བསྔལ་དེའི་རྩ་བ་གང་ལ་ཐུག་པ་དང་བདེ་བའི་འབྱུང་གནས་གང་ཡིན་པ་དེ་ཤེས་དགོས། འོ་ན་བདེ་སྡུག་གཉིས་དེ་གཞི་གང་ལས་བྱུང་བ་ཡིན་ཞེ་ན། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དེ་ནི། སྡིག་པ་མི་དགེ་བའི་ལས་འབའ་ཞིག་བྱས་པ་ལས་བྱུང་བ་ཡིན་ལ། དེ་ཡང་ཐོག་མ་མེད་པ་ནས་དངོས་པོར་འཛིན་པའི་གདོན་གྱིས་བརླམས་པས་སྒོ་གསུམ་གྱི་བྱ་བ་ཚུལ་མིན་སྡིག་པའི་ལས་ཁོར་ར་ཁོར་ཡུག་ཏུ་བྱེད་པ་འདི་ནི་རྩ་བ་བདག་ཏུ་འཛིན་པ་ཁོ་ན་ལ་ཐུག་ཡོད། དེ་ཡང་སུམ་བརྒྱ་པ་ལས། ཉེ་བར་ལེན་པའི་ཕུང་པོ་ལ་བརྟེན་ནས།། གང་ཟག་སེམས་ཅན་སྐྱེས་བུ་བདག་ཅེས་བརྗོད།། དེ་དག་སེམས་ཅན་རང་རང་ལུས་འདི་ལ།། བདག་ཡོད་བཟུང་ནས་ཞེན་ཆགས་གཅེས་འཛིན་བཅས།། ངོ་བོས་གྲུབ་པ་རང་བཞིན་འཛིན་པ་སྐྱེ།། དགག་སྒྲུབ་ཉོན་མོངས་ཀུན་འབྱུང་སྡུག་བསྔལ་རྒྱུ།། ཞེས་གསུངས་པའི་ཕྱིར། བདག་དེ་སུན་འབྱིན་པའམ་སྤང་བ་ལ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བདག་མེད་པ་རྟོགས་པའི་ཤེས་རབ་རྙེད་པ་དེ་ནི། ནད་ཐོག་གི་སྨན་ལྟ་བུ་དང་། བདེ་བ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་མ་ཟད། ཟབ་མོ་བདག་མེད་པ་འདི་ལ་མོས་པ་ཙམ་གྱིས་སྔར་བསགས་ཀྱི་ལས་ངན་པ་ཐམས་ཅད་འཇོམས་པ་དང་། བསོད་ནམས་ཐམས་ཅད་སྡུད་ཅིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་ཐམས་ཅད་འགྲུབ་པར་འགྱུར་བས་ན། སྐལ་པ་དང་ལྡན་པ་དག་གིས་བདག་མེད་སྟོང་པ་ཉིད་ཀྱི་དོན་འཚོལ་བ་ལ་རབ་ཏུ་བརྩོན་པར་བྱ་རིགས་ཏེ། སུམ་བརྒྱ་པ་ལས། དངོས་འཛིན་གདོན་གྱིས་བརླམས་པ་ཞི་བའི་ཕྱིར།། སྟོང་ཞིང་བདག་མེད་རྣམ་གཉིས་འདིར་གསལ་བྱ།། ཞེས་དང། འཇིག་བྱེད་དུས་ཀྱི་བསྐལ་པའི་མེ་དཔུང་གིས།། སྣང་སྲིད་དངོས་པོ་ཐམས་ཅད་སྲེག་པ་བཞིན།། བོན་དང་གང་ཟག་བདག་མེད་གང་རྟོགས་ཏེ།། འཁོར་བ་ཡོངས་སུ་མྱ་ངན་འདའ་བར་འགྱུར།། ཞེས་གསུངས་པའི་ཕྱིར། 

གཉིས་པ་གང་ཟག་གི་བདག་མེད་པ་གཏན་ལ་དབབ་པ་དང་། བོན་གྱི་བདག་མེད་གཏན་ལ་དབབ་པ་གཉིས་སོ།། དང་པོ་ནི་རང་རེ་ཐ་མལ་བ་རྣམས་ལ་ཕུང་པོ་ལྔའམ་བཞི་གང་ལའང་མ་བརྟེན་པར་བདག་ཧྲང་ངེ་བའམ་རང་དབང་ཡོད་པ་ཞིག་འཛིན་པའི་བློ་དེ་རང་ཆས་སུ་གནས་ཡོད། བློ་དེའི་ཞེན་ཡུལ་འདི་ལ་ཕྱི་རོལ་མུ་སྟེགས་པས་རྟག་པ་དང་གཅིག་པུ་རང་དབང་ཅན་ཞེས་སྒྲོས་བཏགས་ཏེ་གྲུབ་མཐར་བཟུང་བ་ཡིན་ལ། གཞན་སྡེ་ཁ་ཅིག་གིས་དེ་ལྟ་བུ་རྟག་གཅིག་རང་དབང་ཅན་གྱི་བདག་ཡོད་པར་འདོད་ན་གནོད་བྱེད་དུ་མཐོང་ནས་ཕུང་པོའི་ཆ་ཤས་གང་ལ་མ་བརྟེན་པའི་རང་དབང་བའི་བདག་ཅིག་ཡོད་པར་འདོད། ནང་པ་གཤེན་རབ་པས་ཕུང་པོའི་ཆ་ཤས་གང་ལའང་མ་བརྟེན་པའི་རང་དབང་བའི་བདག་ཅིག་ཡོད་ན་གནོད་བྱེད་མཐའ་ཡས་པར་མཁྱེན་ནས་དེ་མེད་པར་འདོད་དོ།། ཁོ་ན་རེ། ཁྱོད་ནང་པ་གཤེན་རབ་པ་འཁྲུལ་པ་ཡིན་ཏེ། རང་དབང་བའི་བདག་ཅིག་མེད་ན་ལས་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོ་མེད་པར་འགྱུར་རོ།། ཟེར་ན། འོ་ན་བདག་དེ་གང་ཟག་གི་ཕུང་པོ་དང་གཅིག་ཡིན་ནམ་ཐ་དད་ཡིན། དང་པོ་ལྟར་ན་བདག་དེ་ཕུང་པོ་ལས་གཞན་དུ་ཁས་བླངས་པ་ལ་དོན་མེད་པ་དང་བདག་ལེན་པ་པོ་དང་། ཕུང་པོ་ཉེ་བར་བླང་བྱ་མ་ཡིན་པ་འགྱུར་བའམ། ཡང་ན་ལེན་པ་པོ་དང་བླང་བྱ་གཉིས་གཅིག་ཡིན་པར་འགྱུར་རོ།། དེ་ལྟར་ན་ལས་དང་བྱེད་པ་པོ་ཐམས་ཅད་གཅིག་ཏུ་འགྱུར་བས་མདའ་དང་འཕེན་མཁན། ཇ་དང་འཐུང་མཁན། ཤིང་དང་སྟ་རེ་སོགས་གཅིག་ཡིན་པར་འགྱུར་བས་ཧ་ཅང་ཐལ་ལོ།། ཡང་ཕུང་པོ་ལ་ཆ་ཤས་དུ་མ་དམིགས་པ་བཞིན་དུ་བདག་ཀྱང་ཆ་ཤས་དུ་མ་ཡོད་པ་དང་། ཕུང་པོ་སྐྱེ་འཇིག་བྱེད་པ་བཞིན་དུ་བདག་ཀྱང་སྐྱེ་འཇིག་བྱེད། ཕུང་པོ་ལ་སྐད་ཅིག་སྔ་ཕྱི་དུ་མར་དམིགས་པ་བཞིན་དུ། བདག་ཀྱང་སྐད་ཅིག་སྔ་ཕྱི་དུ་མ་དམིགས་པར་འགྱུར། དེ་ལྟར་ན་གང་ཟག་གིས་བསགས་པ་ཐམས་ཅད་ཆུད་ཟོས་པར་འགྱུར་ཏེ། བདག་སྔ་ཕྱི་ཐ་དད་པ་དུ་མ་ཡོད་པས་དེ་དག་ཐམས་ཅད་གང་ལ་མ་བརྟེན་པར་ངོ་བོ་ཉིད་དམ་ཚུགས་ཐུབ་ཏུ་གྲུབ་པ་ཤ་སྟག་ཡིན་པས་བདག་སྔ་ཕྱི་རྣམས་འབྲེལ་བ་མེད་དགོས་པ་དོན་གྱིས་གྲུབ། དེ་མེད་པས་བདག་སྔ་མས་ལས་བསགས་པ་རྣམས་བདག་ཕྱི་མ་ལ་རྣམ་སྨིན་གྱི་འབྲས་བུ་འབྱིན་པར་མི་འགྱུར་རོ།། ཡང་བདག་ཕྱི་མ་སྐྱེས་ཀྱང་བདག་སྔ་མ་མི་འཇིག་པར་གནས་པར་འགྱུར་ཏེ། བདག་ཕྱི་མ་དེ་བདག་སྔ་མ་ལ་རྩ་བ་ནས་རག་མི་ལས་པས་དེ་གཉིས་འབྲེལ་མེད་དོན་གཞན་ཡིན་པས་དཔེར་ན་ཙན་དན་སྐྱེས་ཀྱང་ཤུག་པ་མི་འཇིག་པ་བཞིན་ནོ།། གལ་ཏེ་བདག་སྔ་མས་ལས་བྱས་པ་བདག་ཕྱི་མ་ལ་སྨིན་པར་འདོད་ན། གང་ཟག་གཞན་གྱིས་བྱས་པའི་ལས་གང་ཟག་གཞན་དང་འཕྲད་ཅིང་རྣམ་སྨིན་མྱང་བར་འགྱུར་ཏེ། དེ་བདག་འབྲེལ་བ་མེད་པ་མཚུངས་པའི་ཕྱིར། དེ་ཡང་སུམ་བརྒྱ་པ་ལས།  ངར་འཛིན་བདག་ནི་དངོས་པོ་ཡོད་མ་ཡིན།། བདག་དེ་ཡོད་ཅིང་ཕུང་པོར་གཅིག་ན་ནི།། ཕུང་པོ་ལས་གཞན་བརྗོད་པ་དོན་མེད་ཅིང།། ལེན་པ་པོ་དང་བླང་བྱ་གཅིག་འགྱུར་ཏེ།། ལས་དང་བྱེད་པ་པོ་སོགས་གཅིག་ཏུ་མཚུངས།། གྲངས་དང་སྐྱེ་འཇིིག་སོགས་དང་མཚུངས་པར་འགྱུར།། སྐྱེ་འཇིག་འདོད་ན་སྔ་ཕྱི་ཐ་དད་པས།། ལས་བྱས་ཆུད་ཟོས་མ་བྱས་འཕྲད་པ་དང།། ཕྱི་མ་སྐྱེས་ཀྱང་སྔ་མ་གནས་པར་འགྱུར།། ཞེས་གསུངས་པའི་ཕྱིར། ཡང་ན་འདི་ལྟར་ཟེར་ཏེ་བདག་དེ་གང་ཟག་གི་ཕུང་པོ་དང་གཅིག་ན། དེའི་ཕུང་པོ་གང་རུང་དང་གཅིག་ཡིན་ནམ། ཕུང་པོ་ལྔ་ཀ་དང་གཅིག་ཡིན། དང་པོ་ལྟར་ན་གཟུགས་ཀྱི་ཕུང་པོ་དང་གཅིག་གམ། རྣམ་པར་ཤེས་པའི་ཕུང་པོ་དང། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཕུང་པོ་དང། འདུ་བྱེད་ཕུང་པོ་དང་གཅིག་ཡིན། དང་པོ་བདག་གཟུགས་ཕུང་དང་གཅིག་ཡིན་པ་མི་འཐད་པར་ཐལ། ཚེ་འདིའི་སྲོག་དབུགས་དང་བྲལ་ཏེ་གཟུགས་ཕུང་མེས་བསྲེགས་པའི་ཚེ་ན་བདག་མེས་བསྲེག་པར་འགྱུར་བའི་ཕྱིར། བདག་རྣམ་ཤེས་ཕུང་པོ་དང་གཅིག་ཡིན་ནོ་ཞེ་ན། དེ་རྣམ་ཤེས་ཕུང་པོ་དང་གཅིག་མ་ཡིན་པར་ཐལ། རྣམ་ཤེས་སྐད་ཅིག་སྔ་ཕྱིའི་ཆ་དུ་མ་དང་བཅས་པས། སྔ་མ་དང་གཅིག་གམ། ཕྱི་མ་དང་གཅིག ད་ལྟ་བ་དང་གཅིག སྔ་མ་འགག་ཟིན་ཕྱི་མ་མ་སྐྱེས་པས་བདག་ཡིན་པར་མི་འགྱུར་རོ།། ད་ལྟ་བ་དང་གཅིག་ཡིན་ནོ་ཞེ་ན། དེ་ཡང་སྐད་ཅིག་གཉིས་པར་མི་སྡོད་པས་བདག་ཡིན་པའི་དོན་མེད་དོ།། གལ་ཏེ་རྣམ་ཤེས་སྐད་ཅིག་སྔ་ཕྱི་ཐམས་ཅད་བདག་ཡིན་པར་འདོད་ན་བདག་དེ་བརྒྱ་སྟོང་བྱེ་བའི་གྲངས་དང་མཉམ་པ་ཡོད་པར་འགྱུར་ཏེ་རྣམ་ཤེས་སྐད་ཅིག་དུ་མར་སྐྱེ་བ་མྱོང་བས་གྲུབ་པའི་ཕྱིར། ཡང་ན་བདག་རྣམ་པར་ཤེས་པའི་ཕུང་པོ་དང་གཅིག་མ་ཡིན་པར་ཐལ། རྣམ་ཤེས་ཚོགས་བརྒྱད་གང་རུང་བ་དང་གཅིག་མ་ཡིན། ཚོགས་ཙམ་དང་གཅིག་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། མིག་གི་རྣམ་ཤེས་ནས་ཀུན་གཞིའི་རྣམ་ཤེས་བར་གང་ཡིན། མིག་གི་རྣམ་ཤེས་སོགས་དབང་ཤེས་ལྔ་གང་རུང་ཡིན་པར་མི་འགྱུར་ཏེ། དེ་རྣམས་གློ་བུར་རེ་འགའ་བ་ཡིན་པའི་ཕྱིར། ཡིད་ཀྱི་རྣམ་ཤེས་བདག་ཡིན་པར་མི་འགྱུར་ཏེ། དེ་ཡང་གློ་བུར་བ་ཡིན་པའི་ཕྱིར། གཉིད་འཐུག་པོ་ལོག་པ་དང་དྲན་མེད་བརྒྱལ་བའི་ཚེ་ན་མེད་པའི་ཕྱིར། ཡང་ན་ཡིད་ཀྱི་རྣམ་ཤེས་སྐད་ཅིག་སྔ་ཕྱིའི་ཆ་དུ་མར་ཕྱེས་ཏེ་བཙལ་བས་བདག་རྙེད་པར་མི་འགྱུར་རོ།། བདག་ཉོན་ཡིད་དང་གཅིིག་ཡིན་ནོ་ཞེ་ན། དེ་མ་ཡིན་པ་ཐལ། ཉོན་ཡིད་ཀྱིས་གཞན་ཞིག་བདག་ཏུ་བཟུང་བའི་ཕྱིིར། མ་ཁྱབ་ཟེར་ན། འོ་ན་ཁྱོད་ཀྱི་འཛིན་སྟངས་དེ་དོན་མཐུན་ཡིན་ནམ། དོན་མི་མཐུན་པ་ཡིན། དང་པོ་ལྟར་ན་དེས་དམིགས་པ་ཀུན་གཞི་ལ་དམིགས་ནས་རྣམ་པ་ང་བདག་ཏུ་བཟུང་བས་ཀུན་གཞི་བདག་ཡིན་པར་འགྱུར། དེ་ལྟར་ན་ཁྱོད་བདག་མ་ཡིན་པར་ཐལ། ཁྱོད་བདག་དེའི་འཛིན་བྱེད་དམ། དེའི་བདག་པོ་ཡིན་པའི་ཕྱིར། དཔེར་ན་བ་གླང་གི་བདག་པོ་བ་གླང་མིན་པ་བཞིན་ནོ།། དེ་འཛིན་སྟངས་དོན་མི་མཐུན་པ་ཡིན་ན་བདག་ཡིན་པར་མི་འགྱུར་ཏེ། ལོག་ཤེས་ཡིན་པའི་ཕྱིར། དཔེར་ན་སྨིག་རྒྱུ་ཆུ་འཛིན་བཞིན་ནོ།། བདག་ཀུན་གཞི་རྣམ་ཤེས་དང་གཅིག་ཡིན་ནོ་ཞེ་ན། འདི་ནི་འགག་དོགས་ཤོས་ཀྱི་གནད་ཅིག་ཡིན་ཏེ། ཐེག་པ་འོག་མ་བ་འགའ་ཞིག་གིས་ཀུན་གཞིའི་རྣམ་ཤེས་ཁས་མི་ལེན་པ་གནད་འདི་ལ་ཐུག་པ་གསུངས་པའི་ཕྱིར། ཐེག་པ་ཆེན་པོའི་ལུགས་ལ་ཀུན་གཞིའི་རྣམ་ཤེས་ཁས་བླངས་ཀྱང་བདག་ཡིན་པར་མི་འགྱུར་ཏེ། བདག་མེད་པ་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གྲངས་དུ་མ་ཡོད་པའི་ཕྱིར། ཤེས་བྱ་བོན་ཅན། བདག་ཀུན་གཞིའི་རྣམ་ཤེས་དང་གཅིག་མ་ཡིན་པར་ཐལ། ཀུན་གཞིའི་རྣམ་ཤེས་རྒྱུ་རྐྱེན་རྟེན་འབྲེལ་དུ་མ་ཚོགས་པ་ལ་བརྟེན་ནས་གྲུབ་པ་དང། ཆ་ཤས་དུ་མའི་བདག་ཉིད་ཅན་ཡིན་པའི་ཕྱིར། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན་ནོ།། རྒྱུ་རྐྱེན་རྟེན་འབྲེལ་དུ་མ་ཚོོགས་པ་ལ་བརྟེན་ནས་གྲུབ་པ་དང། ཆ་ཤས་དུ་མའི་བདག་ཉིད་ཅན་གྱི་བདག་ཅིག་ཁྱོད་ཀྱིས་ཁས་འཆའ་བ་མི་སྲིད་པའི་ཕྱིར་རོ།། བདག་དེ་རྣམ་ཤེས་ཀྱི་ཚོགས་ཙམ་དང་གཅིག་ཡིན་ནོ།། ཞེ་ན། བདག་རྣམ་ཤེས་ཀྱི་ཚོགས་ཙམ་དང་གཅིག་ཡིན་པར་མི་འགྱུར་ཏེ། ཚོགས་བརྒྱད་དམ་ཚོགས་དྲུག་བསལ་བའི་འོག་ཏུ་རྣམ་ཤེས་ཀྱི་ཚོགས་ཙམ་ཞིག་མི་རྙེད་པའི་ཕྱིར། ཡང་ན་རྣམ་ཤེས་ཀྱི་ཚོགས་ཙམ་དུ་མའི་བདག་ཉིད་ཅན་ཡིིན་པ་བཞིན་དུ་བདག་ཀྱང་དུ་མའི་བདག་ཉིད་ཅན་དུ་འགྱུར། དེ་ལྟར་ན་གང་ཟག་གཅིག་ལ་བདག་མང་པོ་ཡོད་པར་འགྱུར་བས་ཡང་དག་པ་མ་ཡིན་ནོ།། ཚོར་བའི་ཕུང་པོ་སོགས་གཞན་རྣམས་རིགས་པ་དེས་འགྲེས་ཏེ་བདག་མེད་པ་བསྒྲུབ་པར་བྱའོ།། བདག་དེ་གང་ཟག་གི་ཕུང་པོ་ལྔ་ཀ་དང་གཅིག་ཡིན་ནོ་ཞེ་ན། དེ་མ་ཡིན་པར་ཐལ། གལ་ཏེ་ཡིན་ན་བདག་དེ་སྐྱེ་བ་སྔ་མ་ནས་འདིར་ཡོང་བ་དང་། འདི་ནས་སྐྱེ་བ་ཕྱི་མར་འགྲོ་བ་བཞིན་དུ་ཕུང་པོ་ལྔ་ཀ་སྐྱེ་བ་སྔ་མ་ནས་འདིར་ཡོང་བ་དང་འདི་ནས་ཕྱི་མར་འགྲོ་བ་ཁས་ལེན་ནུས་སམ། བདག་ཕུང་པོ་དང་ཐ་དད་ཡིན་ནོ་ཞེ་ན། བདག་ཕུང་པོ་ལས་ཚུགས་ཐུབ་ཏུ་གྲུབ་པའི་གཞན་དུ་དམིགས་པར་མི་འགྱུར་ཏེ། དེ་ལས་གཞན་དུ་བརྟག་དོན་བཙལ་ན་མི་རྙེད་པའི་ཕྱིར། གལ་ཏེ་དེ་ལས་གཞན་དུ་རྙེད་ན་བདག་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་སོགས་ཕུང་པོའི་མཚན་ཉིད་མི་ལྡན་པ་དང་ཕུང་པོ་ཉིད་བདག་ཅེས་བརྗོད་པའི་གཞི་དང་བདག་ཏུ་འཛིན་པའི་ཡུལ་མིན་པར་འགྱུར། དེ་ལྟར་ན་བདག་དེ་འདུས་མ་བྱས་པས་མེད་ངེས་སུ་འགྱུར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ།། བདག་ཕུང་པོའི་མཚན་ཉིད་དང་མི་ལྡན་པ་རྟག་པ་ཡིན་ནོ་ཞེ་ན། དེ་ནི་བྱ་བྱེད་ལས་གསུམ་ཅི་ཡང་མེད་པས་བདག་ཁས་འཆའ་བ་ལ་དོན་མེད་པར་འགྱུར་ཏེ། ལས་བསགས་པ་པོ་དང་རྣམ་སྨིན་མྱོང་བ་པོ་སོགས་གང་ཡང་མ་ཡིན་པའི་ཕྱིར། སུམ་བརྒྱ་པ་ལས།  བདག་དེ་ཕུང་པོ་ལས་གཞན་ཐ་དད་ན།། མི་དམིགས་ཕུང་པོའི་མཚན་ཉིད་མི་ལྡན་པས།། འདུས་མ་བྱས་ཏེ་ནམ་མཁའ་བཞིན་ཞེས་གསུངས་པའི་ཕྱིར། ཁོ་ན་རེ། འོ་ན་སྐྱོན་དེ་རྣམས་ཁྱེད་རང་ལའང་འབབ་པ་མ་ཡིན་ནམ་ཞེ་ན། གང་ལ་བརྟེན་པར་མ་གྱུར་པའི་བདག་རང་དབང་བ་ཞིག་བརྟག་དོན་བཙལ་ནས་རྙེད་པར་འདོད་ན་སྐྱོན་དེ་རྣམས་སྤང་པར་མི་ནུས་ཀྱང། ཁོ་བོའི་ཕྱོགས་ཀྱིས་གང་ཟག་ནི་ཕུང་པོའི་ཡན་ལག་རྣམས་ལ་བརྟེན་ནས་བཏགས་པ་ཙམ་དུ་འདོད་པས་སྐྱོན་དེ་ཡོད་པ་མ་ཡིན་ཏེ། སུམ་བརྒྱ་པ་ལས། དེ་ཕྱིར་ཕུང་པོ་ལ་བརྟེན་བཏགས་པ་ཙམ།། ཞེས་གསུངས་པའི་ཕྱིར། ཡང་ན་འདི་ལྟར་སྨྲས་ཏེ། བདག་གང་ཟག་གི་ཕུང་པོ་དང་ཐ་དད་ཡིན་ན། དེ་ཕུང་པོ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ནམ་འོན་ཀྱང་འབྲེལ་བ་མེད་པ་ཞིག་ཡིན། དང་པོ་ལྟར་ན། བདག་ཕུང་པོའི་རྗེས་སུ་འགྲོ་ལྡོག་ངེས་པས་ཕུང་པོ་ལས་གཞན་པའི་བདག་རང་དབང་དུ་གྲུབ་པ་དམ་བཅའ་བུད། གཉིས་པ་ལྟར་ན་བདག་གི་གཟུགས་པོ་ན་བ་ལ་བདག་ན་བ་དང། ལག་པས་ལས་བྱས་པ་ལ་བདག་གིས་ལས་བྱས་པ་དང་། རྐང་པ་གཉིས་རེས་མོས་སུ་བསྣོལ་ཏེ་འགྲོ་བ་ལ་བདག་འགྲོ་བ་དང་། སེམས་ལ་མི་བདེ་བའི་མཚན་མ་སྐྱེས་པ་ལ་བདག་སྡུག་བསྔལ་མྱོང་བ་དང། སེམས་རྣལ་དུ་བབ་སྟེ་མི་བཟོད་པའི་ཚོར་བས་དབེན་ནས་སྤྲོ་ཞིང་དྭངས་བ་ལ་བདག་དགའ་བ་སོགས་སུ་འཇོག་པ་གཏན་ནས་མི་འཐད་པར་འགྱུར་ཏེ། དཔེར་ན་ལྷ་སྦྱིན་གྱིས་ལས་བྱས་པ་མཆོད་སྦྱིན་གྱིས་བྱས་པ་མིན་པ་བཞིན་ནོ།། ཁོ་ན་རེ། བདག་ཕུང་པོ་དང་འབྲེལ་བ་མེད་ཀྱང་ཕུང་པོ་བདག་དང་འབྲེལ་བ་ཡོད་པའི་ཕྱིར་ཞེ་ན། ཁྱོད་ལྟར་ན་ཕུང་པོ་བདག་དང་འབྲེལ་བ་ཡོད་ན་ཐོག་མར་བདག་དེ་བརྟག་དོན་བཙལ་ནས་རྙེད་དགོས་པ་གང་ཞིག དེ་མ་རྙེད་པའི་ཕྱིར་ཏེ། ཕུང་པོའི་སྟེང་ནས་མ་རྙེད་དེ་ལས་གཞན་ནས་མ་རྙེད་པའི་ཕྱིར། དཔེར་ན་རི་བོང་རྭ་མ་རྙེད་པས་དེའི་གཉེར་མ་དང་འབྲེལ་བ་མེད་པ་བཞིན་ནོ།། ཡང་ཁྱོད་ལྟར་ན་བདག་ཕུང་གཉིས་འབྲེལ་བ་ཡོད་པ་མི་འཐད་པར་ཐལ། དེ་གཉིས་ཕན་ཚུན་ལྟོས་མེད་ཡུལ་སྟེང་ན་ངོ་བོ་ཉིད་དམ། ཚུགས་ཐུབ་ཀྱིས་ཐ་དད་དུ་གྲུབ་པའི་ཕྱིར། དཔེར་ན་རྭ་རུ་གཡས་གཡོན་བཞིན་ནོ།། བདག་དེ་ཕུང་པོ་དེ་ཉིད་ཀྱང་མ་ཡིན། དེ་ལས་གཞན་དུ་བརྗོད་དུ་མེད་པ་ཡིན་ནོ་ཞེ་ན། ཁྱོད་ལྟར་ན་བདག་དེ་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་ཡིན་དགོས། དེ་ལྟར་ན་ཕུང་པོ་དང་ཐ་དད་མིན་པ་མི་སྲིད་དེ། དེ་ལས་གཞན་དུ་རང་དབང་བའི་ཚུགས་ཐུབ་ཅན་ཞིག་ཡོད་པའི་ཕྱིར། དཔེར་ན་སེམས་གཟུགས་ཕུང་ལས་ཐ་དད་དུ་གྲུབ་པ་བཞིན་ནོ།། དེ་ནི་ཕྱི་རོལ་མུ་སྟེགས་པས་གང་ཟག་གི་ཕུང་པོ་ལས་ལོགས་སུ་བདག་རྟག་པ་གཅིག་པུ་རང་དབང་ཅན་དུ་འདོད་པ་དང། གཞན་སྡེ་ཁ་ཅིག་གིས་ཕུང་པོའི་ཚོགས་ཙམ་བདག་དུ་འདོད་པ་དང། ཁ་ཅིག་གིས་རྣམ་ཤེས་གཅིག་པུ་བདག་ཏུ་འདོད་པ་དང་། ཁ་ཅིག་གིས་ཕུང་པོ་ལྔ་ཆར་བདག་ཏུ་འདོད་པ་དང། ཁ་ཅིག་གིས་བདག་ཕུང་དེ་མ་ཡིན་དེ་ལས་གཞན་དུ་བརྗོད་དུ་མེད་པ་འདོད་པ་རྣམས་མི་འཐད་པ་སུན་འབྱིན་པའི་རིགས་པའི་སྒོ་ཙམ་ཞིག་བཤད་པ་ཡིན་ནོ།།

གང་ཟག་གི་བདག་མེད་གཏན་ལ་འབེབ་པའི་ལུང་ནི། མདོ་ཕྲན་ལས། མུ་སྟེགས་ལྟ་བ་ཤིན་ཏུ་མི་བདེན་ཏེ། ང་དང་བདག་ནི་ཡོད་པ་མ་ཡིན་ནོ།། ཞེས་དང། ལོ་པཎ་ཤ་རི་ཨུ་ཆེན་གྱིས་མཛད་པའི་གཏན་ཚིག་ངེས་པའི་གལ་མདོ་ལས།  དེ་བཞིན་ཉིད་ཀྱི་དོན་ཟབ་མ་རྟོགས་ཏེ། ལོག་པར་རྟོགས་པས་ང་དང་བདག་ཏུ་འཛིན། ཞེས་དང། བསྲུང་ཁྲིམས་ཀྱི་མདོ་ལས། གང་ཟག་ལ་བདག་ཏུ་འཛིན་པ་དེ་ནི་ཤིན་ཏུ་ཡ་ང་བས་རབ་ཏུ་སྤང་བར་བྱའོ།། ཞེས་དང་། དྲང་དོན་སྒྲོན་མ་མུན་སེལ་སྟོང་ཐུན་གྱི་མན་ངག་ལས། བདག་ཏུ་མི་ལྟ་བའི་གནད་འཆིང་བ་ནི། ད་ལྟ་བདག་ཏུ་འཛིན་བྱེད་ཀྱི་ཤེས་པ་འདི་ཡིན་ཏེ། ཕན་པར་བཟུང་ནས་གཉེན་ལ་ཆགས་པ་སྐྱེ། གནོད་པར་བཟུང་ནས་དགྲ་ལ་ཞེ་སྡང་སྐྱེ། དེ་ལྟར་ཉོན་མོངས་པ་སྣ་ཚོགས་སྐྱེ་བའི་རྩ་བ་ང་བདག་ཡིན་པས། དེ་ཡི་གཉེན་པོ་ཕུང་པོ་ལྔ་ལ་བདག་ཅེས་བྱ་བ་ཕྱི་ན་འདུག་གམ། ནང་དང་བར་ན་འདུག་གམ་བལྟས་པས་མི་འདུག་པས། ང་མེད་པས་ཉོན་མོངས་པ་མི་ལྡང་ངོ་།། ཞེས་དང་། སུམ་བརྒྱ་པ་ལས། གང་ཟག་བདག་ཏུ་འཛིན་པ་སྤང་བ་དང།། བོན་རྣམས་སྟོང་ཞིང་བདག་མེད་ལུང་ལས་གསུངས།། ཞེས་གསུངས་པའི་ཕྱིར། རང་ལུགས་ལ་ཉེར་ལེན་གྱི་ཕུང་པོ་ལ་བརྟེན་ནས་གང་ཟག་གམ་སྐྱེས་བུ་ཞེས་ཕར་བཏགས་པ་ཙམ་ཡིན་ཏེ། སུམ་བརྒྱ་པ་ལས། ཉེ་བར་ལེན་པའི་ཕུང་པོ་ལ་བརྟེན་ནས།། གང་ཟག་སེམས་ཅན་སྐྱེས་བུ་བདག་ཅེས་བརྗོད།། ཅེས་དང། དེ་ཕྱིར་ཕུང་པོ་ལ་བརྟེན་བཏགས་པ་ཙམ།། ཞེས་གསུངས་པའི་ཕྱིར། ཕུང་པོའི་ཡན་ལག་དང་ཆ་ཤས་གང་ལ་མ་བརྟེན་པར་རང་ཚུགས་ཐུབ་པ་ཞིག་ཡོད་པ་དེ། བརྟག་པ་མཐའ་བཟུང་གི་ཚུལ་དུ་གང་ཟག་གི་བདག་གྲུབ་ཚད་དང་། དེ་ལྟར་འཛིན་པའི་བློ་དེ་གང་ཟག་གི་བདག་འཛིན་ཡིན། གཞི་ལ་སྦྱར་ཏེ་བཤད་ན། བརྡ་སྦྱར་ཤེས་མ་ཤེས་ལ་མ་ལྟོས་པ་ལུས་ཅན་གང་ཞིག་ཡིན་ནའང་ཐོག་མ་མེད་པའི་དུས་ནས་ཕུང་པོ་ལ་དམིགས་ཏེ་ང་འོ་སྙམ་པའི་བློ་ལྷན་སྐྱེས་ཤིག་ཡོད་པས་བློ་དེའི་འཛིན་སྟངས་དང་སྣང་ཚུལ་ལ་བརྟགས་ན་ཕུང་པོའི་ཆ་ཤས་དང་ཡན་ལག་གང་ལ་མ་བརྟེན་པར་ང་རང་ཚུགས་ཐུབ་པ་ཞིག་ངང་ངམ་ཤུགས་ཀྱིས་སྣང་ལ་སྣང་ཚུལ་དེ་ལྟར་གྲུབ་ན་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་དགོས། དེ་ལྟར་ཐོག་མ་མེད་པ་ནས་ཞུགས་པའི་ང་འོ་སྙམ་པའི་བློ་ལྷན་སྐྱེས་དེ་འཇིག་ལྟ་ཡང་ཡིན་ལ། རྟེན་འབྲེལ་བཅུ་གཉིས་ནང་གི་ཐོག་མའི་མ་རིག་པ་ཡང་ཡིན། དངོས་སྨྲ་བ་རྣམས་ཀྱིས་གཅིག་དང་དུ་བྲལ་གྱི་རིགས་པས་བརྟག་པས་བདག་འཛིན་དེའི་སྣང་ཚུལ་དང་ཞེན་སྟངས་ནང་བཞིན་མེད་པ་རྟོགས་པའི་ཤུགས་ལ་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་གྱི་སྐྱེས་བུ་ཞིག་འཇོག་ཤེས་པ་ཡིན་པས་འཁོར་བ་ལས་སྒྲོལ་ཐུབ་པ་གནད་འདི་ལ་ཐུག་པ་ཤེས་དགོས། དེ་ལྟར་གང་ཟག་གི་ཕུང་པོའི་ཡན་ལག་དང་ཆ་ཤས་གང་ལ་མ་བརྟེན་པའི་རང་དབང་བའི་བདག་མེད་པ་དེ་གང་ཟག་གི་བདག་མེད་ཕྲ་མོ་དང་། ཕྱི་རོལ་པ་སོགས་ཀྱིས་གྲུབ་མཐའི་དབང་གིས་བཞག་པའི་རྟག་པའི་བདག་མེད་པ་དེ་གང་ཟག་གི་བདག་མེད་རགས་པ་ཡིན། དང་པོ་དེ་རྟོགས་ཤིང་གོམས་པ་མཐར་ཕྱིན་ན་འཁོར་བ་ལས་གྲོལ་ནུས་ལ། གཉིས་པ་དེ་ཙམ་ཇི་ལྟར་གོམས་ཀྱང་འཁོར་བ་སྤངས་མི་ནུས་སོ།། དངོས་སྨྲ་བས་ཕུང་པོའི་ཆ་ཤས་དང་ཡན་ལག་ལ་བརྟེན་ནས་བཏགས་པའི་གང་ཟག་དེ་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དང་རང་བཞིན་གྱིས་གྲུབ་པར་འདོད་པས། དབུ་མ་པ་དང་མི་མཚུངས་སོ།། དབུ་མ་པའམ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་དག་གིས་ཕུང་པོའི་ཡན་ལག་འཚོགས་པ་ལ་བརྟེན་ནས་བཏགས་པའི་གང་ཟག་དེ་ཡང་ཡུལ་ངོས་ནས་གྲུབ་པའམ་རང་བཞིན་གྱིས་གྲུབ་པ་ཏིལ་འབྲུ་ཙམ་ཡང་མེད་པ་དང་། དངོས་སྨྲ་བས་ཕུང་པོའི་ཡན་ལག་ལ་བཏགས་པའི་གང་ཟག་དང་། ཕྱི་རོལ་པས་བརྟག་དོན་བཙལ་ནས་བཞག་པའི་གང་ཟག་གཉིས་ཡུལ་ངོས་ནས་མ་གྲུབ་པ་གཅིག་མཚུངས་ཡིན་པ་ངེས་པས་རིག་པ་ཤིན་ཏུ་ཟབ་པ་ཞིག་ཡིན། འོ་ན་དབུ་མ་པ་དག་གིས་ལས་ཀྱི་རྣམ་སྨིན་མྱོང་བ་པོའི་གང་ཟག་ཇི་ལྟར་འཇོག་ཅེ་ན། དོན་དམ་དཔྱོད་པའི་རིགས་ཤེས་སམ་བདེན་པ་ཡོད་མེད་བཙལ་བའི་བློས་རྣམ་སྨིན་མྱོང་བ་པོའི་གང་ཟག་གཏན་ནས་འཇོག་རྒྱུ་མ་རྙེད་ནའང། གང་ཟག་མེད་པར་མི་འགྱུར་ཏེ། འཇིག་རྟེན་ཐ་སྙད་པའི་ཤེས་པ་དང་། ཀུན་རྫོབ་དཔྱོད་པའི་རིགས་ཤེས་ཀྱིས་ཇི་ལྟར་བཞག་པ་ལྟར། ལས་གསོག་མཁན་དང་རྣམ་སྨིན་མྱོང་མཁན་ཁས་ལེན་ནོ།། མདོར་ན་གང་ཟག་རྣམས་ངོ་བོས་སྟོང་པ་ཡིན་བཞིན་དུ་བྱ་བྱེད་ཀྱི་རང་བཞིན་མ་འགག་པ་སྣང་བ་གཉིས་ཚོགས་སུ་འཇོག་ཤེས་པ་དང་བོན་རྣམས་རྟེན་འབྲེལ་འཇོག་ཚུལ་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་དང་། དེ་ལྟར་མེད་ན་མེད་པ་མ་ཡིན་པ་བྱ་བྱེད་ཐམས་ཅད་ཆུ་ཟླ་ལྟ་བུ་འཇོག་ཤེས་པ་དབུ་མ་པ་ཁོ་ནའི་ལུགས་ཡིན་ནོ།།

བླ་མའི་ཞལ་གྱི་བདུད་རྩི་ཡིས།།

ཟབ་མོའི་གཞུང་ལུགས་གདམས་པར་ཤར།།

བློ་གྲོས་སྤྱན་བརྒྱ་རབ་ཏུ་བསྒྲད།།

རྟེན་འབྲེལ་ནོར་བུའི་བང་མཛོད་མཐོང་།།

ཞེས་སྨྲས་སོ།།

གཉིས་པ་བོན་གྱི་བདག་མེད་གཏན་ལ་དབབ་པ་ལ་བཞི་སྟེ། བདག་ལས་སྐྱེ་བ་དགག་པ་དང་། གཞན་ལས་སྐྱེ་བ་དགག་པ། བདག་གཞན་གཉིས་ཀ་ལས་སྐྱེ་བ་དགག་པ། རྒྱུ་མེད་ལས་སྐྱེ་བ་དགག་པའོ།། དང་པོ་ནི། གྲངས་ཅན་པས་འབྲས་བུ་རྣམས་རང་གི་རང་བཞིན་ལས་སྐྱེ་བ་དང་། འབྲས་བུ་མི་གསལ་བ་རྒྱུ་དུས་ན་ཡོད་པར་འདོད་དོ།། དེ་ཡང་རྒྱུ་འབྲས་རྣམས་ཇི་ལྟར་བསྐྱེད་པར་བྱེད་པའི་སྤྱི་གཙོ་བོ་ནི་རྒྱུ་འབྲས་རྣམས་ཀྱི་རྗེས་འགྲོ་བྱེད་ལ་དེས་བསྐྱེད་པའི་རྒྱུ་འབྲས་རྣམས་ནི་རྣམ་འགྱུར་ཞེས་བྱ་སྟེ། རྣམ་འགྱུར་གང་ཡིན་པ་ཐམས་ཅད་ངོ་བོ་གཅིག་སྟེ་རང་བཞིན་ཕར་ཡིན་ཚུར་ཡིན་ཡིན་པས་རྒྱུས་འབྲས་བུ་བསྐྱེད་ཚུལ་ནི་མཚན་གཞི་མྱུ་གུ་ལྟ་བུ་ལ་སྦྱར་ཏེ་བཤད་ན། མྱུ་གུ་མྱུ་གུ་ལས་མི་སྐྱེ་ཡང་མྱུ་གུ་ས་བོན་སྐྱ་བོ་ལས་སྐྱེ། དེ་ཡང་མྱུ་གུའི་རང་བཞིན་ཡིན། ས་བོན་སྐྱ་བོའི་དུས་སུ་མྱུ་གུ་རྣམ་པ་མི་གསལ་བའི་ཚུལ་དུ་ཡོད། ས་བོན་སྐྱ་བོ་ལས་མྱུ་གུ་མི་སྐྱེ་བའི་སྐྱོན་མེད་དེ། གསལ་མྱུག་དེ་ལས་འབྱུང་དགོས་པས་ཇི་ལྟར་བཤད་པའི་འབྲས་བུ་རྣམས་བདག་ལས་སྐྱེ་བ་ཁོ་ནའོ།། ཞེས་ཟེར། འོ་ན་ས་བོན་སྐྱ་བོ་ལ་ཡོད་པའི་རྣམས་པ་མི་གསལ་བའི་མྱུ་གུ་དེ་མྱུ་གུ་ཡིན་ནམ་མ་ཡིིན། མྱུ་གུ་ཡིན་ན་མྱུ་གུའི་དབྱིབས་དང་ཁ་དོག་དྲི་རོ་སོགས་ཀུན་ལྡན་པར་འགྱུར། མྱུ་གུ་ཡིན་ཡང་མྱུ་གུའི་དབྱིབས་དང་ཁ་དོག་དྲི་རོ་སོགས་ཀུན་ལྡན་མི་དགོས་ན་མེ་ལྕེ་ཡང་མྱུ་གུ་ཡིན་ཟེར་ན་ཁྱོད་ཀྱིས་ཅིས་འགོག མྱུ་གུའི་དབྱིབས་སོགས་ཁྱད་བོན་ཀུན་ལྡན་ན་དེ་རང་རེའི་དབང་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་ཏེ། མྱུ་གུའི་དབྱིབས་དང་ཁ་དོག་སོགས་ཀུན་ལྡན་པའི་དངོས་པོ་ཡིན་པའི་ཕྱིར། དེ་ལྟར་ན་གསལ་མྱུག་ལས་ཁྱད་པར་གཏན་ནས་མེད་པར་འགྱུར་ཏེ། དེ་མྱུ་གུའི་དབྱིབས་དང་ཁ་དོག་སོགས་ཀུན་ལྡན་ཞིང་དབང་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར། མི་གསལ་བའི་མྱུ་གུ་དེ་མྱུ་གུ་མ་ཡིན་ན། འོ་ན་མི་གསལ་བའི་མྱུ་གུ་དེ་ས་བོན་སྐྱ་བོ་དང་གཅིག་གམ་ཐ་དད་ཡིན། དང་པོ་ལྟར་ན་ས་བོན་སྐྱ་བོ་ལ་མི་གསལ་བའི་མྱུ་གུ་ཞེས་བརྗོད་པ་ལ་དགོས་པ་ཅི་ཞིག་ཡོད། ཨ་མ་དེ་ཡང་མི་གསལ་བའི་བུ་ཡིན་པ་དང་། གླང་པོ་ཆེའི་སྐྱེ་བ་སྟོང་ལེན་རུང་གི་བ་དཀར་མོ་དེ་མི་གསལ་བའི་གླང་ཆེན་སྟོང་ཡིན་པར་འགྱུར་བས་ཧ་ཅང་ཐལ་བ་མ་ཡིན་ནམ། གཉིས་པ་ལྟར་ན་མི་གསལ་བའི་མྱུ་གུ་དེ་ས་བོན་སྐྱ་བོ་དང་འབྲེལ་བ་ཡོད་དམ་མེད། དང་པོ་ལྟར་ན་མི་གསལ་བའི་མྱུ་གུ་དེ་རང་དབང་བའམ་ངོ་བོ་ཉིད་ཀྱིས་གྲུབ་པ་མ་ཡིན་པར་འགྱུར་ཏེ། ས་བོན་སྐྱ་བོ་ལ་བརྟེན་ནས་གྲུབ་པའི་ཕྱིར། གང་ལ་བརྟེན་ནས་གྲུབ་པ་དང་རང་དབང་བ་གཉིས་འགལ་བའི་ཕྱིར། དེ་ལྟར་ན་མི་གསལ་བའི་མྱུ་གུ་དེ་མེད་ངེས་སུ་འགྱུར་ཏེ་ཐ་སྙད་བཏགས་པ་ཙམ་གྱི་དངོས་པོ་ཁྱོད་ཀྱིས་འཇོག་མི་ཤེས། ཡོད་ན་གང་ལ་མ་ལྟོས་པ་རང་ཚུགས་ཐུབ་པ་ཞིག་གྲུབ་དགོས་པས། དེ་མ་ཡིན་པའི་ཕྱིར་ཏེ། ས་བོན་ལ་ལྟོས་པའི་ཕྱིར། གཉིས་པ་ལྟར་ན་མི་གསལ་བའི་མྱུ་གུ་དེ་གསལ་མྱུག་གི་ངོ་བོ་མི་འགྱུར་ཏེ། ས་བོན་སྐྱ་བོ་དང་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། དཔེར་ན་སོལ་བ་མྱུ་གུའི་ངོ་བོ་མི་འགྱུར་བ་བཞིན་ནོ།། ཡང་མི་གསལ་བའི་མྱུ་གུ་དེ་མྱུ་གུ་སྐྱེ་བའི་ནུས་པ་ལ་བཞག་དགོས་ཟེར་ན། མྱུ་གུ་སྐྱེ་བའི་ནུས་པ་དེ་ཁྱོད་ལྟར་ན་འབྲས་བུ་མ་ཡིན་པའི་རྒྱུ་ཞིག་འདོད་ན། སྤྱི་གཙོ་བོ་དང་ཁྱད་པར་གཏན་ནས་མེད། རྒྱུ་མ་ཡིན་པའི་འབྲས་བུ་ཞིག་འདོད་ན་རྣམ་འགྱུར་ཁོ་ན་ལས་གཞན་དུ་འགྲོ་ས་མེད་པས་མྱུ་གུ་སྐྱེ་བའི་ནུས་པ་ཡིན་པར་མི་འགྱུར། དེ་རྒྱུ་འབྲས་གཉིས་ཀ་ཡིན་ན་རང་བཞིན་བདུན་པོ་གང་རུང་ཡིན་པར་འགྱུར། དེ་ལྟར་ན་གཟུགས་སོགས་དེ་ཙམ་ལྔ་པོ་གང་རུང་ལས་གཞན་མ་ཡིན་པས་དེ་ལྔ་པོ་གང་རུང་ཡིན་ན་དབང་པོའི་ཤེས་པའི་སྤྱོད་ཡུལ་ཡིན་པས། ས་བོན་ནི་གསལ་མྱུག་ཡིན་པར་འགྱུར་ལ་གཞན་གང་ཡང་མ་ཡིན་པའི་ཕྱིར། རྒྱུ་འབྲས་གང་རུང་མ་ཡིན་པའི་ཡོད་པ་ཞིག་ཡིན་ན། དེ་བདག་ཤེས་རིག་གི་སྐྱེས་བུ་ཡིན་པར་ཐལ་ལོ།། ཡང་ས་བོན་སྐྱ་བོའི་དུས་སུ་མྱུ་གུ་སྔོན་པོ་ཡོད་པར་ཐལ། དེའི་དུས་སུ་མྱུ་གུའི་རང་བཞིན་ཡོད་པའི་ཕྱིར། འདོད་ན། ས་བོན་སྐྱ་བོ་ལས་མྱུ་གུ་སྐྱེ་མི་དགོས་པར་ཐལ། ས་བོན་སྐྱ་བོའི་དུས་སུ་མྱུ་གུ་སྐྱེས་ཟིན་པའི་ཕྱིར། སྐྱེས་ཟིན་སླར་ཡང་སྐྱེ་དགོས་ན། མྱུ་གུ་བོན་ཅན། ཁྱོད་དུས་རྟག་ཏུ་སྐྱེ་བ་ཐལ། འདོད་པའི་ཕྱིར། མྱུ་གུ་བོན་ཅན། ཁྱོད་གྲངས་མེད་དུ་སྐྱེ་བ་ཐལ། གྲུབ་ཟིན་ཀྱང་སྐྱེ་དགོས་པའི་ཕྱིར། མྱུ་གུ་བོན་ཅན། ཁྱོད་ལྗང་བུ་དང་སྦུབས་འཆའ་སོགས་རིམ་པས་གནས་འགྱུར་ཏེ་མཐར་སྟོན་ཐོག་མི་འབྱུང་བ་ཐལ། ཁྱོད་རང་གྲངས་མེད་དང་ཐུག་མེེད་དུ་སྐྱེ་བའི་ཕྱིར། གཞན་ཡང་རང་རང་ལས་སྐྱེ་བ་འདོད་ན། སྐྱེ་བ་ཐུག་མེད་དུ་འགྱུར་ཏེ། དཔེར་ན་བུམ་པ་བུམ་པ་ལས་སྐྱེ་ན་དེའི་དུས་སུ་བུམ་པ་མ་གྲུབ་ན་བུམ་པའི་སྐྱེད་བྱེད་དུ་འགལ་ཏེ། ཁྱོད་མ་གྲུབ་བུམ་པ་གྲུབ་ན་ཁྱོད་བུམ་པ་ལས་སྐྱེ་མི་དགོས་པར་འགྱུར་ཏེ། ཁྱོད་གྲུབ་ཟིན་པའི་ཕྱིར། གྲུབ་ཟིན་སླར་ཡང་སྐྱེ་དགོས་ན་སྐྱེ་བ་ཐུག་པ་མེད་པ་དང་། ཁྱོད་ཁྱོད་ཀྱི་སྐྱེད་བྱེད་ཡིན་ན་བྱ་བྱེད་གཉིས་མི་འགལ། དེ་ལྟར་ན་རལ་གྲིའི་སོ་རལ་གྲིས་གཅོད་པ་དང་། མེ་མེས་བསྲེག་པར་འགྱུར་བ་མ་ཡིན་པའི་རྒྱུ་མཚན་གཏན་ནས་མེད། དེ་ཡངォརྗེ་མཉམ་མེད་པསサགལ་ཏེ་རང་ལས་རང་སྐྱེ་ན།། རང་མ་གྲུབ་ན་སྐྱེད་བྱེད་འགལ།། གྲུབ་ན་བྱ་བྱེད་ཅིའི་མི་འགལ།། ཞེས་གསུངས། གཉིས་པ་གཞན་ལས་སྐྱེ་བ་དངོས་སྨྲ་བས་འདོད་དེ། རང་བཞིན་གྱིས་གྲུབ་པའི་རྒྱུ་ལས་རང་བཞིན་གྱིས་གྲུབ་པའི་འབྲས་བུ་སྐྱེ་ཚུལ་འཆད་དོ།། དེ་ཡང་དངོས་སྨྲ་པའི་གཙོ་བོ་ཐུགས་རྗེ་སེམས་དཔའ་ཡིན་པས་དེའི་འདོད་ཚུལ་ནི། ォཐེག་འགྲེལサལས། ཤེས་རིག་དེ་ཡང་རྒྱུ་འབྲས་སུ་འདོད་དེ། རྒྱུ་འབྲས་དེ་འདས་པ་ལ་མི་བརྩི། རྒྱུ་རྐྱེན་གྱི་བྱ་བ་བྱས་ཟིན་པའི་ཕྱིར། མ་འོངས་པ་ལ་མི་བརྩི་སྟེ། རང་གི་ངོ་བོ་མ་ཐོབ་པའི་ཕྱིར། ད་ལྟ་བ་ལ་མི་བརྩི་སྟེ། དེ་ཡང་དུས་མཉམ་པོ་ལ་མི་བརྩི། དུས་ཐ་དད་པ་ལ་བརྩི་བ་སྟེ། དེ་ཡང་རང་ལས་གཞན་པ་མི་རྟག་པ། རྒྱུ་མ་ཞིག་པ་སྔ་གསེགས་པ་ལས། འབྲས་བུ་ཕྱིས་གསེགས་པ་སྐྱེ་བའོ།། དཔེར་ན་སྲང་འགོ་དང་སྲང་གཞུག་ལྟ་བུའོ།། ཞེས་གསུངས། དེའི་དོན་ནི། འབྲས་བུ་རྒྱུ་ལས་སྐྱེ་ཚུལ་བརྟག་དོན་བཙལ་ནས་རྙེད་དགོས་པར་འདོད་ལ། དབུ་མ་པ་དག་གིས་དེ་ལ་གནོད་བྱེད་རིགས་པ་གཏོང་སྟེ། ཁྱོད་ཀྱིས་འབྲས་བུ་དེ་འདས་པ་ལས་མི་སྐྱེ། ད་ལྟ་བ་ལས་མི་སྐྱེ། མ་འོངས་པ་ལས་མི་སྐྱེ་ཞེས་སྐྱོན་བཏང་བའི་ཚེ་ན་ཐུགས་རྗེ་སེམས་དཔས་དེ་ད་ལྟ་བ་ལས་སྐྱེ་ཞེས་ལན་བཏབ། དེ་ཡང་དུས་མཉམ་པ་ལས་མི་སྐྱེ་དུས་ཐ་དད་པ་ལས་སྐྱེ། དཔེར་ན་སྲང་འགོ་དང་སྲང་གཞུག་བཞིན་ཞེས་ཟེར། འོ་ན་ཁྱོད་ཀྱིས་འབྲས་བུ་དེ་ད་ལྟ་བ་ལས་སྐྱེ། དེ་ཡང་དུས་མི་མཉམ་ཞེས་འདོད་པ་ལྟར་ན། དོན་དུ་འདས་པ་ལས་སྐྱེ་བ་ཁས་ལེན་དུ་སོང་སྟེ། རྒྱུ་དེ་སྤྱིར་ད་ལྟ་བ་ཡིན་པ་དང་རང་འབྲས་ལ་ལྟོས་ཏེ་འདས་པ་ཡིན་པ་འདོད་དགོས་པའི་ཕྱིར། དེ་ལྟར་ན་ཁྱོད་ཀྱིས་འདས་པ་ལས་མི་སྐྱེ་སྟེ་རྒྱུ་རྐྱེན་གྱིས་བྱ་བ་བྱས་ཟིན་པའི་ཕྱིར་ཞེས་པ་དང་དངོས་སུ་འགལ། ཡང་ཁྱོད་ཀྱིས་རྒྱུ་འབྲས་སྐྱེ་ཚུལ་གྱི་དཔེ་སྲང་འགོ་དང་སྲང་གཞུག་བཞག་པ་ལྟར་ན། རྒྱུ་འབྲས་དུས་མཉམ་དུ་ཁས་བླངས་ཏེ། སྲང་མདའ་གཉིས་གཅིག་མཐོ་བ་དང་གཅིག་ཤོས་དམའ་བ་དག་དུས་མཉམ་པའི་ཕྱིར། ཡང་མྱུ་གུ་སྔོན་པོ་དེ་ས་བོན་ལས་སྐྱེ་བ་བརྟག་དོན་བཙལ་ན་མི་རྙེད་པར་ཐལ། ཁྱོད་ས་བོན་སྐྱ་བོའི་དུས་སུ་མི་སྐྱེ། ས་བོན་སྐྱ་བོ་འགག་ནས་སྐྱེ་བ་མ་ཡིན་པའི་ཕྱིར། ས་བོན་སྐྱ་བོའི་དུས་སུ་མྱུ་གུ་སྐྱེ་ན་རྒྱུ་འབྲས་དུས་མཉམ་དུ་གྱུར་བའམ། ས་བོན་སྐྱ་བོ་ལས་མྱུ་གུ་སྐྱེ་བ་ཐུག་མེད་དུ་ཐལ་བའི་ཕྱིར་ཏེ། ས་བོན་ཞིག་དུས་མྱུ་གུ་མི་འབྱུང་ལ་ཅི་སྲིད་ས་བོན་ཡོད་པའི་བར་དུ་དེ་སྲིད་མྱུ་གུ་སྐྱེ་བའི་ཕྱིར། ཁྱོད་ཀྱིས་ཐལ་འགྱུར་དེ་ལ་ཁྱབ་པ་མེད་ཟེར་བ་སྲིད་ཀྱང། ས་བོན་ལས་མྱུ་གུ་སྐྱེ་བ་ཡུལ་སྟེང་ནས་ཚུར་གྲུབ་པ་ཁས་བླངས་ཕྱིན་ཆད། དེ་ལྟར་འགྱུར་བ་དོན་གྱིས་གྲུབ་པའི་ཕྱིར། གཞན་སྡེའི་དབུ་མར་སྨྲ་བ་ཁ་ཅིག་གིས་འདས་པ་ལས་སྐྱེ་བར་འདོད་པས། དེ་ལྟར་ན་ངོ་བོར་གྲུབ་པའི་རྒྱུ་འབྲས་མེད་ཅེས་ཁས་འཆའ་བ་ཙམ་ལས་དོན་དུ་བརྟག་དོན་བཙལ་ན་རྒྱུ་འབྲས་རྙེད་པར་བྱས་འདུག་པས་ནེ་ཙོའི་འདོན་པ་ལྟར་སོང་བ་མ་ཡིན་ནམ། ཡང་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་དང་མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་སུ་ས་མྱུག་གཉིས་རྒྱུ་འབྲས་ཀྱི་བྱ་བ་བྱེད་ཅེ་ན། ས་བོན་འགག་པ་ལ་མངོན་དུ་ཕྱོགས་པའི་དུས་སུ་ས་བོན་འགག་པ་ལ་མངོན་དུ་ཕྱོགས་ཀྱང་ས་བོན་མ་འགག་པ་ཡོད། མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་སུ་མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་ཀྱང་མྱུ་གུ་མ་སྐྱེས་པས་ཇི་ལྟར་བྱས་ཀྱང་ས་མྱུག་གཉིས་རྒྱུ་འབྲས་ཀྱི་བྱ་བ་བྱེད་པའི་དུས་ནི་ས་བོན་གྱི་དུས་སུ་བཞག་དགོས་པར་འགྱུར། ཁྱོད་ལྟར་ན་ས་བོན་གྱི་དུས་སུ་མྱུ་གུ་སྐྱེ་བ་དེ་རང་ངོས་ནས་གྲུབ་པའི་མྱུ་གུ་སྐྱེ་བ་ཞིག་ཡིན་དགོས་རང་ངོས་ནས་གྲུབ་པའི་མྱུ་གུ་སྐྱེ་བ་ཡོད་ན་མྱུ་གུ་རང་ཡོད་པ་མ་གཏོགས་བློས་བཞག་པའི་སྐྱེ་བ་ཁྱོད་ཀྱིས་ཁས་ལེན་མི་ཤེས་པའི་ཕྱིར། ཡང་ས་བོན་ལས་མྱུ་གུ་འབྱུང་བ་དེ་ས་མྱུག་གཉིས་འཕྲད་ནས་སྐྱེའམ་མ་འཕྲད་ནས་སྐྱེ། འཕྲད་ནས་སྐྱེ་ན་ས་བོན་ཀྱི་དུས་སམ། མྱུ་གུའི་དུས་སུ་འཕྲད། མི་འཕྲད་ནས་སྐྱེ་ན་འབྲེལ་མེད་དུ་འགྱུར་བ་སོགས་ཀྱི་རིགས་པའི་རྣམ་གྲངས་སྒོ་དུ་མ་ནས་འབྱེད་ཤེས་དགོས་སོ།། མདོར་ན་ཡུལ་རང་ངོས་ནས་གྲུབ་པའི་རྒྱུ་འབྲས་འབྱུང་ཚུལ་ཁས་ལེན་ན་བརྟག་དོན་བཙལ་ནས་རྙེད་དགོས་པ་ཡིན་པས། དེ་ལྟར་ན་རྒྱུའི་ཆ་ཤས་རེ་རེ་ནས་བཤིག་སྟེ་བཙལ་བས་འབྲས་བུ་སྐྱེ་བ་འདི་ཡིན་ཞེས་ངོས་བཟུང་རྒྱུ་ཞིག་རག་དགོས། དེ་ལྟར་མི་རྙེད་ན་ད་དུང་བདེན་པར་གྲུབ་པའི་སྐྱེ་བའམ་རང་བཞིན་གྱིས་གྲུབ་པའི་རྒྱུ་གཞན་ལས་སྐྱེ་བ་ཁས་ལེན་པ་དོན་མེད་དོ།། དབུ་མ་པས་རྒྱུ་འབྲས་རྣམས་ཡུལ་ངོས་ནས་གྲུབ་པའམ་སྣང་བ་ལྟར་དུ་གྲུབ་པ་མ་ཡིན་པ་སྒྲ་རྟོག་གིས་བཞག་པའི་རྒྱུ་འབྲས་སམ། མ་བརྟག་མ་དཔྱད་པའི་འཇིག་རྟེན་ཐ་སྙད་པའི་ཚད་མའི་སྣང་ཚུལ་ཙམ་ལ་རྒྱུ་འབྲས་ཀྱི་ཐ་སྙད་ཡང་དག་འཇོོག་ཤེས་པས་ཐེག་མཆོག་འདིའི་ལུགས་ལ་རྒྱུ་འབྲས་འཕྲད་ནས་སྐྱེའམ་མི་འཕྲད་ནས་སྐྱེ་སོགས་ཀྱིས་རིགས་པས་གཏན་ནས་གནོད་པ་མ་ཡིན་ནོ།། རང་དབང་བའམ་རང་བཞིན་གྱིས་གྲུབ་པའི་རྒྱུ་འབྲས་ཁས་བླངས་ཕྱིན་ཆད་དངོས་པོ་ཐམས་ཅད་རྟེན་འབྲེལ་མ་ཡིན་པ་རང་ངོས་ནས་མཚན་གཞི་ཧྲང་ངེ་བ་ཞིག་རྙེད་དགོས། དེ་ལྟར་ན་མྱུ་གུ་ཡང་ས་བོན་ལ་མ་བརྟེན་པར་མྱུ་གུ་རང་གི་ངོས་ན་མྱུ་གུ་ཧྲང་ངེ་བ་ཞིག་མཚན་གཞི་འཛིན་རྒྱུ་ཡོད་དགོས། དེ་འདུག་ན་དེ་འདྲའི་མྱུ་གུ་དེ་ས་བོན་ལ་འབྲེལ་ཚུལ་གཏན་ནས་བཞག་མི་ཤེས་པ་ཞིག་ཡིན་པས་ཇི་ལྟར་བྱས་ཀྱང་རྒྱུ་འབྲས་ཐམས་ཅད་མི་འདོད་བཞིན་དུ་འབྲེལ་བ་གཏན་ནས་མེད་པ་ཁས་ལེན་དགོས། འབྲེལ་བ་མེད་བཞིན་དུ་ད་དུང་རྒྱུ་ལས་འབྲས་བུ་སྐྱེ་བ་འདོད་ན་ས་བོན་ལས་མྱུ་གུ་སྐྱེ་བ་བཞིན་དུ་མེ་ལྕེ་ལའང་མྱུ་གུའམ་མུན་པ་འཐུག་པོ་མི་འབྱུང་བའི་རྒྱུ་མཚན་གཏན་ནས་མེད་པས་འདི་ལ་དགོངས་ཏེ། རྗེ་མཉམ་མེད་ཆེན་པོས། གལ་ཏེ་གཞན་ལས་གཞན་སྐྱེ་ན། མེ་ལས་མྱུ་གུ་སྐྱེ་བར་འགྱུར། ཞེས་གསུངས། འབུམ་ལས། གཞན་ལས་གཞན་སྐྱེ་ངེས་མེད་འགྱུར། ཞེས་གསུངས་པས། རྟེན་ཅིང་འབྲེལ་བའི་རྒྱུ་འབྲས་ཙམ་མ་ཡིན་པས་ངོ་བོ་ཉིད་ཀྱི་རྒྱུ་འབྲས་ཤིག་ཡོད་ན་རྒྱུ་ཡིན་པ་དང་མ་ཡིན་པའི་ཁྱད་པར་མེད་པ་ཐམས་ཅད་ལས་ཐམས་ཅད་འབྱུང་བ་དང་འབྲེལ་མེད་དོན་གཞན་གྱི་རྒྱུ་ལས་འབྲེལ་མེད་དོན་གཞན་གྱི་འབྲས་བུ་འབྱུང་བར་གསུངས་པས། འདི་ནི་བསོད་ནམས་དཔག་ཏུ་མེད་པ་བསགས་ཟིན་པའི་སྐལ་ལྡན་ཞིག་མ་ཡིན་པ་སུ་ཐོད་ཐོད་ཀྱི་བློ་ལ་འཆར་བར་ཤིན་ཏུ་དཀའ་བས་ཟབ་མོ་སྟོང་པ་ཉིད་ལ་ཤེས་འདོད་ཞུགས་པའི་ཐོས་བསམ་པ་རྣམས་ཀྱིས་ཉམས་མྱོང་ཅན་གྱི་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ཚུལ་ཕྱིན་ཅི་མ་ལོག་པ་བྱ་བ་སྲོལ་ལྔའི་སྒོ་ནས་མཉེས་པར་བྱས་ཏེ་ཡན་ལག་བདུན་པའི་ཚོགས་བསགས་དང་འབྲེལ་བའི་སྒོ་ནས་ཡང་ཡང་སྦྱང་པ་གལ་ཆེ་བར་མཐོང། ཇི་ལྟར་བཤད་པའི་རྒྱུ་འབྲས་དང་འཁོར་འདས་ཀྱི་རྣམ་བཞག་ཐམས་ཅད་ངོ་བོ་སྟོང་པ་ཡིན་བཞིན་དུ་བྱ་བྱེད་ཀྱི་རྣམ་པ་མ་འགག་པ་བདེ་ལམ་ལམ་སོ་སོའི་བློ་ངོ་ལ་འཆར་རྒྱུ་ཡོད་པ་ཞིག་དང། གལ་ཏེ་དངོས་པོ་རྣམས་དངོས་སྨྲ་བས་འདོད་པ་ལྟར་སྣང་ཚུལ་ནང་བཞིན་གྲུབ་ན་དངོས་གནས་མེ་ལས་མྱུ་གུ་མི་འབྱུང་བའི་ངེས་པ་གཏན་ནས་མི་འདུག་བསམ་པའི་ངེས་ཤེས་གཏིང་ནས་དྲང་ཐུབ་པ་ཞིག་བྱུང་ན། དབུ་མ་སྦྱངས་པའི་ལག་རྗེས་སམ་དགོས་པ་ཡིན་པར་སེམས། 

གསུམ་པ་བདག་གཞན་རེ་རེ་བ་ཁོ་ན་ལས་སྐྱེ་བ་མ་ཡིན་པ་བདག་བཞན་གཉིས་ཀ་ལས་སྐྱེ་བ་གཅེེར་བུ་པའམ་དྲང་སྲོང་གོས་མེད་པས་འདོད་དེ། རྫ་བུམ་དེ་རང་རྒྱུ་འཇིམ་པ་ལས་སྐྱེ་བས་བདག་ལས་སྐྱེ་བ་སྟེ། རྫ་བུམ་འཇིམ་པའི་བདག་ཉིད་དུ་གྲུབ་པ་དང། གཞན་ལས་སྐྱེ་བ་ནི་རྫ་བུམ་རྫ་མཁན་གྱིས་བྱས་ཀྱང་རྫ་བུམ་རྫ་མཁན་གྱི་རང་བཞིན་དུ་མ་གྲུབ་པས་སོ།། ཡང་སྐྱེས་བུ་ལྷ་སྦྱིན་དེ་རང་གི་ཚེ་སྔ་མའི་སྲོག་ལས་སྐྱེ་བས་བདག་ལས་སྐྱེས་པ་སྟེ། སྔོན་མའི་སྲོག་དང་ད་ལྟའི་སྲོག་གཉིས་སྲོག་རྒྱུན་གཅིག་གིས་བསྡུས་པ་དང། ད་ལྟའི་ཕ་མ་ལས་སྐྱེ་བས་གཞན་ལས་སྐྱེ་བ་སྟེ་ཕ་མ་རང་ལས་ཐ་དད་དུ་དམིགས་པས་སོ་ཞེས་ཟེར། དེ་འགོག་བྱེད་ཀྱི་རིགས་པ་ནི། གོང་དུ་བདག་སྐྱེ་མི་འཐད་པའི་རྒྱུ་མཚན་བཤད་པའི་སྐབས་སུ་བདག་ལས་སྐྱེ་ན། སྐྱེ་བ་དོན་མེད་པའམ་ཐུག་མེད་དུ་ཐལ་བ་སོགས་དང། གཞན་ལས་སྐྱེ་ན་རྒྱུ་ཡིན་མིན་ལས་ཁྱད་པར་མེད་པ་ཐམས་ཅད་ལས་ཐམས་ཅད་འབྱུང་བར་འགྱུར་བ་སོགས་ཀྱི་རིགས་པས་དགག་ནུས་ཏེ། རྫ་བུམ་དང་ལྷ་སྦྱིན་ནི་རང་རྒྱུ་འཇིམ་པ་དང་ཚེ་སྔ་མའི་སྲོག་དང་བདག་ཉིད་གཅིག་ཏུ་གྲུབ་པ་དང། རྫ་མཁན་དང་ཕ་མ་ནི་རྫ་བུམ་དང་སྷ་སྦྱིན་ལས་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་ཡིན་པར་འདོད་པའི་ཕྱིར། རྗེ་མཉམ་མེད་པས། དེ་ཕྱིར་གཉིས་ཀ་དག་ལས་ནི།། སྐྱེ་བ་གང་ཡང་ཡོད་མི་སྲིད།། ཅེས་གསུངས། བདག་གཞན་རེ་རེ་བ་ལས་སྐྱེ་བ་ཁེག་ན་བདག་གཞན་གཉིས་ཀ་ལས་སྐྱེ་བ་ཤུགས་ལས་ཁེག་པར་འགྱུར་བས་འདིར་མང་པོ་མི་གླེང།  བཞི་པ་ཕྱི་རོལ་ཆད་ལྟ་བའམ་རྒྱང་འཕེན་པས་རང་ལས་སྐྱེ་བ་དང་གཞན་ལས་སྐྱེ་བ། རང་གཞན་གཉིས་ཀ་ལས་སྐྱེ་བ་སོགས་གང་ཡང་ཡོད་པ་མ་ཡིན་ཞིང་ཇི་ལྟར་སྐྱེ་དངོས་ཀྱི་འབྲས་བུ་ཐམས་ཅད་རྒྱུ་མེད་པ་ཁོ་ན་ལས་འབྱུང་སྟེ། དཔེར་ན་རྨ་བྱའི་སྒྲོ་མདངས་དང་བྲག་རིའི་དབལ། སྲན་མ་དབུ་རིལ་སོགས་ནི་རྒྱུས་བྱས་པ་མ་ཡིན་པ་རང་བཞིན་གྱིས་གྲུབ་པའི་ཕྱིར་ཞེས་ཟེར། དེ་ནི་ཐ་ཆད་ཀྱི་གཏམ་ཁོ་ན་སྟེ། རྨ་བྱ་ལ་རྨ་བྱའི་སྒྲོ་མདངས་ཡོད་པ་བཞིན་དུ་བྱ་རོག་ལའང་རྨ་བྱའི་སྒྲོ་མདངས་ཡོད་པར་འགྱུར་ཏེ། རྨ་བྱའི་སྒྲོ་མདངས་འབྱུང་བ་རྒྱུ་ལ་མི་ལྟོས་པའི་ཕྱིར། བྱ་རོག་རྨ་བྱའི་སྒྲོ་མདངས་ཀྱི་རྒྱུ་མེད་པ་བཞིན་རྨ་བྱ་ལ་རྨ་བྱའི་སྒྲོ་མདངས་ཀྱི་རྒྱུ་མེད་པ་མཚུངས་པས་གཅིག་ལ་རྨ་བྱའི་སྒྲོ་མདངས་འབྱུང་བ་དང་གཅིག་ཤོས་ལ་མི་འབྱུང་བའི་རྒྱུ་མཚན་ཅི་ཞིག་ཡོད། ཡང་ས་བོན་མ་བཏབ་པའི་ཞིང་ཁའི་ནང་ལ་སྟོན་ཐོག་འབྱུང་བ་འཇིིག་རྟེན་འདི་ན་མངོན་སུམ་དུ་དམིགས་པ་དང། འཇིག་རྟེན་པས་སོ་ནམ་གྱི་ལས་སོགས་བྱ་བཞག་གང་ཡང་བསྒྲུབ་མི་དགོས་པར་འགྱུར་ཏེ་དེ་དག་རྒྱུ་མེད་པ་ཁོ་ན་ལས་གློ་བུར་དུ་འབྱུང་བའི་ཕྱིར། ཡང་ཨ་མ་ལས་བུ་འབྱུང་བ་དང་མོ་གཤམ་ལས་བུ་མི་འབྱུང་བའི་རྒྱུ་མཚན་གཏན་ནས་མེད་པས་མོ་གཤམ་ལས་ཀྱང་བུ་སྐྱེ་བར་འགྱུར། ཡང་རྒྱུ་མེད་ལས་འབྱུང་ཆོག་ན་རི་བོང་རྭ་ལས་གཡུ་ཏོག་སྔོན་པོ་འབྱུང་བར་ཐལ་བ་སོགས་རིགས་པའི་སྒོ་དུ་མ་འབྱེད་ནུས་སོ།། ォརྗེ་མཉམ་མེད་པསサ མེད་ལས་མི་སྐྱེ་སྐྱེད་བྱེད་མིན།། ཞེས་གསུངས། དེ་ལྟར་རང་ལས་སྐྱེ་བ་སོགས་མཐའ་བཞི་བཀག་པས་དབུ་མ་པ་རང་ལུགས་ལ་རྒྱུ་འབྲས་ཀྱི་རྣམ་བཞག་ཇི་ལྟར་འཇོག་ཅེ་ན། མཐའ་བཞི་བཙལ་བའི་རིག་པའམ་དོན་དམ་དཔྱོད་པའི་རིག་ཤེས་ཀྱིས་རྒྱུ་འབྲས་ཀྱི་རྣམ་བཞག་རྩ་བ་ནས་འཇོག་རྒྱུ་མ་རྙེད་པས་བློ་དེ་ལ་ལྟོས་ཏེ་རྒྱུ་འབྲས་རྣམས་བཞག་པ་མ་ཡིན། འོ་ན་ཇི་ལྟར་འཇོག་ཅེ་ན་འཇིག་རྟེན་ཐ་སྙད་པའི་ཤེས་ངོ་ལ་ལྟོས་ཏེ་རྒྱུ་འབྲས་ཀྱི་རྣམ་བཞག་བྱ་བྱེད་ལས་གསུམ་ཕན་གནོད་བདེ་སྡུག་སྐྱོན་ཡོན་འཁོར་འདས་ཐམས་ཅད་འབད་མེད་ལྷུག་པར་འཇོག་ཤེས་པ་ནི་ཐེག་པ་ཆེན་པོ་དབུ་མ་པ་ཁོ་ནའི་ཁྱད་བོན་ཡིན། འཇིག་རྟེན་ཐ་སྙད་པའི་ཤེས་ངོར་ལྟོས་ཏེ་དཀར་དམར་གྱི་སྣང་བ་སོགས་བཟང་ངན་ཐམས་ཅད་ཡོད་པ་དང། སྣང་བ་ལྟར་དུ་ཡོད་མེད་བཙལ་བའི་ཚེ་ན་ཐམས་ཅད་སྟོང་པ་ལས་གཞན་དུ་མི་རྙེད་པ་དེ་ལ་བདེན་མེད་ཅེས་ཟེར། སྤྱིར་བོན་ཐམས་ཅད་བརྟག་དོན་བཙལ་ན་མི་རྙེད་པ་དང་འཇིག་རྟེན་ཐ་སྙད་པའི་ཤེས་ངོ་ལ་ཐམས་ཅད་ཡོད་པ་ཞིག་བཞག་མ་ཤེས་ན་དབུ་མ་པའི་ལུགས་ལ་ཐག་ཁྲ་ཡོད་པ་དང་ཐག་ཁྲ་སྦྲུལ་ཡིན་པ་མེད་པའི་ཁྱད་པར་ག་རེ་བྱེད་ནི་འཇོག་དགོས་འདུག་མི་བསམ་པའི་ངེས་པ་གཏན་ནས་མེད། ཐག་ཁྲ་དང་ཐག་ཁྲ་སྦྲུལ་ཡིན་པ་གཉིས་ཡུལ་སྟེང་ནས་བརྟག་དོན་བཙལ་ན་རྙེད་རྒྱུ་མེེད་པ་གཅིག་མཚུངས་ཡིན། མ་བརྟག་མ་དཔྱད་པའི་འཇིག་རྟེན་ཐ་སྙད་པའི་ཚད་མའི་ངོ་ལ་ཐག་ཁྲ་ཡོད་པ་དང་ཐག་ཁྲ་སྦྲུལ་ཡིན་པ་མེད་པའི་ཁྱད་པར་དེ་ཤེས་དགོས། འོ་ན་བདེན་པར་གྲུབ་ན་གང་འདྲ་ཞིག་གྲུབ་དགོས་ཞེ་ན། ད་ལྟ་རང་རེའི་ཤེས་པ་ལ་ཡུལ་གང་སྣང་ཐམས་ཅད་རྒྱུ་རྐྱེན་སོགས་གང་ལའང་རག་མ་ལས་པ་ཡུལ་ཁོ་རང་གི་སྟེང་ནས་ཧྲང་ངེ་བའམ་རང་དབང་ཡོད་པ་ལྟ་བུ་ཞིག་སྣང་གི་ཡོད། སྣང་ཚུལ་དེ་ལྟར་གྲུབ་ན་བདེན་པར་གྲུབ་པ་ཡིན་དགོས། སྣང་ཚུལ་དེ་ནང་བཞིན་འཛིན་པའི་བློ་དེ་བདེན་འཛིན་མ་རིག་པ་ཡིན། དེ་འདྲའི་སྣང་ཚུལ་དེ་སོ་སྐྱེའི་ཤེས་པ་དང་འཕགས་པའི་རྗེས་ཐོབ་བཅས་པ་ལ་ཁྱད་པར་གཏན་ནས་མེད་པ་འདྲ་མཉམ་ཡིན། སྣང་ཚུལ་དེ་ལྟར་ཡོད་ན་དེ་ལྟར་འཛིན་པའི་ངེས་པ་མེད་པས་སོ་སྐྱེའི་ཤེས་པ་ཡིན་ན་བདེན་འཛིན་གྱི་མ་རིག་པ་ཡིན་མི་དགོས། བདེན་འཛིན་མ་རིག་པ་དེའི་ཞེན་ཡུལ་སུན་ཕྱུངས་ནས་བདག་མེད་པའི་སྟོང་པ་མེད་དགག་ཁོ་ན་ལ་གོམས་སུ་འཇུག་པ་ནི་སོ་སོ་སྐྱེ་བོས་སྟོང་ཉིད་ལ་བློ་སྦྱོང་ཚུལ་ཡིན། མདོར་ན་བོན་ཐམས་ཅད་ངོ་བོ་སྟོང་པ་ཉིད་ཡིན་བཞིན་དུ་སྣང་བ་མ་འགག་པ་དང། སྣང་བ་མ་འགག་པ་བཞིན་དུ། ངོ་བོ་སྟོང་པ་ལས་མ་འདས་པའི་སྣང་སྟོང་ཟུང་འཇུག་དེ། དབུ་མའི་ལྟ་བ་མཐར་ཐུག་ཡིན། རྗེ་རིན་པོ་ཆེའིォས་ལམ་རང་འགྲེལサལས། རང་བཞིན་གྱི་བདེན་པ་ནི་བདེན་གཉིས་ཟུང་འབྲེལ་ལོ།། ཞེས་གསུངས་པ་ནི་འདི་ལ་དགོངས་པར་སེམས། དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་བཀའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཐེག་པ་ཆེན་པོ་ཡུམ་གྱི་མདོ་ལས། གཟུགས་ནི་སྟོང་པ་ཉིད་དོ།། སྟོང་པ་ཉིད་ནི་གཟུགས་སོ།། གཟུགས་ལས་གུད་ནས་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་ཀྱི་མཚན་མ་རྨི་ལམ་ལྟ་བུའོ།། སྒྱུ་མ་ལྟ་བུའོ།། སྨྲིག་སྒྱུ་ལྟ་བུའོ།། ཆུ་ཟླའི་དཀྱིལ་འཁོར་ལྟ་བུའོ།། ཞེས་གསུངས་པས་ལུང་འདི་དང་འདི་འདྲའི་བཀའ་ཚད་མ་དག་ལ་བརྟེན་ཏེ་བཤེས་གཉེན་དམ་པ་རྣམས་ཀྱིས་མཛད་པའི་དགོངས་འགྲེལ་རྣམས་ལ་གཞི་བཅོལ་ཏེ་ཐེག་པ་ཆེན་པོ་དབུ་མའི་ལྟ་བ་ལ་གོ་བ་གཏིང་ཚུགས་པ་ཞིག་ལོན་པའི་ཐབས་ལ་འབད་དེ་སྦྱོང་བརྩོན་གནང་བ་ཡིན་ན། དལ་འབྱོར་སྟོང་ལོག་མི་འགྲོ་བའི་དགོས་པ་ཞིག་འདུག་གམ་སྙམ། དེ་མིན་དེང་སང་གི་དུས་སུ། རྟག་པར་དབུ་མར་ལྟ་བ་དང་། ཆད་པར་དབུ་མར་ལྟ་བ་ཟེར་རྒྱུ་འགའ་འདུག་པས་དེ་ཚོ་ལ་ཡིད་རྟོན་རུང་བ་གཏན་ནས་མི་འདུག་པས་ཡིད་རངས་ཀྱི་གནས་སུ་མ་མཐོང།

འདི་འདྲའི་ཚིག་ཕྲེང་ཐོར་བུ་འགས།།

དོན་ཆེན་འགྲུབ་པ་མ་ཡིན་ཡང་།།

ཁོ་བོ་གཞུང་ལ་འདྲིས་སླད་དུ།།

ལུང་དང་བླ་མས་བཞེད་ལྟར་བཀོད།།

འདི་ལ་དཔྱད་པ་བྱས་ཙམ་གྱིས།།

སྲིད་པ་དྲུང་འབྱིན་བྱེད་འགྱུར་གསུངས།།

དེར་བརྟེན་ཁོ་བོའི་རྣམ་དཀར་ཆ།།

ལུས་ཅན་རྣམས་ནི་འདིར་འགོད་ཤོག།།

ཅེས་པའི་ཚུལ་འདི་ནི་དྲིན་ཅན་རྩ་བའི་བླ་མ་༸ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་ཞལ་ཁྲིད་ཉག་གཅིག་ལ་བརྟེན་ཏེ་སྒོམ་གྲྭའི་མཁན་མིང་འཛིན་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་འབྱུང་ལྡན་སུམ་བརྒྱ་གཅིག་པའི་ཤིང་སྤྲེལ་༢༠༠༤ལོར་བལ་ཡུལ་ཁྲི་བརྟན་ནོར་རྩེར་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *