བོད་མ་གསུམ་བུ་དྲུག་གི་བྱུང་བ།

རྩོམ་ཡིག་འདི་ཐེངས། 273677 བཀླགས་འདུག

རྩོམ་པ་པོ། ཁྲ་འཛུམ་དགའ། ལྷོ་རོང་།


མི་རིགས་སུ་དང་གང་འདྲ་ཞིག་ཡིན་རུང་མི་རིགས་དེའི་བྱུང་ཁུངས་ལོ་རྒྱུས་དང་འཕེལ་རིམ། ཕ་མྱེས་ཡང་མྱེས་ཀྱི་རིགས་རུས་དང་ཆོ་འབྲང་གང་ཡིན་པ་སོགས་ཤེས་རྒྱུ་ནི་ཧ་ཅང་གནད་ཆེ་སྟེ། “སྲིད་པའི་འགྲོ་བ་མིའི་བྱུང་ཁུངས་མ་ཤེས་ན་ནགས་གསེབ་ཀྱི་སྤྲེའུ་འདྲ་ཞེས”གནའ་མྱི་རྒན་པོའི་བློ་གྲོས་ཀྱི་ཉིང་ཁུ་ལས་ཐོན་པའི་གཏམ་དཔེ་འདིས་ལོ་རྒྱུས་ལ་བསླབ་དགོས་པ་གསལ་པོ་བསྟན་ཡོད། 


བོད་གངས་ཅན་ལྗོངས་ཀྱི་དབུ་ནག་མི་རིགས་སམ་གདོང་དམར་མི་རིགས་ཀྱི་ལོ་རྒྱུས་ནི་ཧ་ཅང་ཡུན་རིང་ལྡན་པ་དེ་འདྲ་ནི་དངོས་གནས་ལགས། ང་ཚོ་བོད་ཀྱི་མི་རྒྱུད་གྲོལ་ཚུལ་དང་རིགས་རུས་ཀྱི་བྱུང་ཁུངས་སོགས་གང་འདྲ་ཡིན་པའི་སྐོར་ལ་ཟེར་སྒྲོས་ཙམ་གྱི་མཇུག་མ་ཐུང་ཐུང་ཞིག་ལ་འཐིམ་བསྡད་པ་ལས་ད་དུང་བདེན་པའི་ནམ་ལངས་ཀྱི་སྐྱ་རེངས་ལོ་རྒྱུས་དེ་མཐོང་ཐུབ་ཀྱིན་མེད་པ་འདྲ་སྟེ། བོད་ཀྱི་མིའུ་གདུང་དྲུག་གི་བྱུང་ཁུངས་ནི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྤྲེའུ་བྱང་སེམས་ཅན་དང་རྗེ་བཙུན་སྒྲོལ་མ་འགྲོ་བ་མི་ཡི་གར་དུ་རོལ་བ་བྲག་སྲིན་མོ་གཉིས་ལས་མཆེད་ཚུལ་ནི་རང་རེའི་བོད་མི་སྤྱི་བོ་ཡོངས་ལ་རླུང་ལྟར་གྲགས། བཤད་སྟངས་དེ་ལ་རང་ངོས་ནས་དྲན་ན་ལོ་རྒྱུས་ཡུན་རིང་པོ་དེ་འདྲ་ཞིག་མ་རེད་ཀྱང་བཤད་ཚུལ་ཐོག་ནས་འགྲོ་བ་མི་ཕལ་པ་རྣམས་ཀྱི་རྣ་ལམ་དུ་རྒྱུ་སླ་ཞིང་ཚན་རིག་གིས་བཤད་ལུགས་དང་ཅུང་འདྲ་པོ་འདུག་པའི་ཚོར་སྣང་བྱུང་། དེའི་སྐོར་གླེང་གཞི་དངོས་མ་ཡིན་པས་རྒྱས་སྤྲོས་མི་བྱེད། 


བོད་མ་གསུམ། སྲིད་པའི་སྒོ་ང་དཀར་ནག་ཁྲ་གསུམ་གྱི་ནང་ནས་ཁྲ་བོ་ལས་གྲོལ་བ་སྨོན་མི་མོ་བོ་འམ་ཡེ་སྨོན་རྒྱལ་པོའི་རྒྱུད་པ་ཕྱྭ་རྗེ་སྤྱི་གཙུག་རྒྱལ་ནས་ཕྱྭ་རབས་སྟ་ཆ་འལ་འོལ། ཡབ་བླ་གདལ་དྲུག སྲིད་པ་སྣེ་ཁྲོམ་ལ་ཁྲ། རྒྱལ་བུ་འཐིང་གེ བོད་འཛོམ་ལ་ཕྲ། ཨ་མྱེ་ཁྲི་ཐོག་ཆེན་པོ་སོགས་ཀྱི་རིགས་རྒྱུད་ལོ་རྒྱུས་ཡར་འདེད་དང་རྒྱུ་མ་ཕུ་འདེད་བྱས་ན་སྲིད་པ་ཕྱྭ་ལ་ཐུག་ཡོད། དེ་ནས་ཨ་མྱེ་ཁྲི་ཐོག་ཆེན་པོས་གནའ་མ་གསུམ་ལེན་པ་སྟེ། གཉན་བཟའ་དཀར་མོ། དམུ་བཟའ། སྲིན་མོ་བཟའ་གོ་ཟུ་ཅན་གསུམ་ལ་བོད་མ་གསུམ་ཟེར་བའོ། ། 


བོད་བུ་དྲུགཕ་རྒན་ཨ་མྱེ་ཁྲི་ཐོག་ཆེན་པོས་གནའ་མ་དང་པོ་གཉན་བཟའ་དཀར་མོ་བཞེས་པས་བོད་བུ་དྲུག་ནང་གི་ཆེ་བ། སྨུག་པོ་ལྡོང་། ཁྲི་གཟི་འགྲུ། བསེ་ཁྱུང་དབྲ། གནའ་མ་དམུ་བཟའ་ཁབ་ཏུ་བཞེས་པས་དམུ་ཚ་སྒ། གནའ་མ་སྲིན་བཟའ་གོ་ཟུ་ཅན་བཞེས་པས་དབའ་དང་ལྡ་གཉིས་སོ། ། བོད་དབུ་ནག་མིའུ་གདུང་དྲུག་ཞེས་ཀྱང་ཟེར། བུ་དྲུག་གི་ཕ་རྒན་ཨ་མྱེ་ཁྲི་ཐོག་ཆེན་པོས་རི་མགོར་མཛོ་མོ་གཉིས་འཚོ་ནས་ནངས་ནུབ་བཞོ་ཟེའུ་བརྒྱད་ཙམ་འཇོ་ནས་འཚོ་བ་སྐྱེལ་ནས་འདུག ཉིན་ཞིག་ཁོང་གིས་རི་མགོ་ལ་མཛོ་མོ་འཚོ་བསྡད་པའི་སྐབས་ཤིག་ལ་བདུད་ཀྱི་ཇག་པ་མི་བདུན་གྱིས་མཛོ་མོ་བརྐུས་ནས་དེད། ཨ་མྱེ་མཛོ་མོའི་ར་མདའ་རྒྱུགས། ལམ་བར་ནས་གཉན་གྱི་བུ་མོ་ཞིག་གིས་མཐོང་བས་ན་བདུད་ཀྱིས་ཨ་མྱེ་ལ་ལྐོག་མདའ་འཕེན་ཡོང་དྲན་ནས་བསམ་བཟང་གིས་ཨ་མྱེའི་འགྲོ་ལམ་བཀག ཨ་མྱེས་གཉན་གྱི་བུ་མོ་བསད། གཉན་གྱི་རྒྱལ་པོས་བུ་མོའི་བསད་ལན་ལ་ཨ་མྱེ་ཁྲི་ཐོག་བསད་དེ་“གདུང་དྲུག་བོད་ཀྱི་ཨ་བོ་གཉན་གྱིས་བསད།”ཅེས་གྲགས་པ་དེ་ནས་བྱུང་། བུ་སྤུན་དྲུག་གིས་བདུད་ལས་ཕ་ཨ་མྱེ་ཁྲི་ཐོག་གི་དགྲ་ཤ་ལེན་དགོས་ཟེར་བ་དང་གཉན་ལས་ཕ་སྟོང་འཇལ་དགོས་ཟེར་ཏེ་མཐར་གཉན་གྱིས་བོད་བུ་དྲུག་ལ་བུ་རེར་ཕ་སྟོང་རེ་འཇལ། 

དང་པོ། སྨུག་པོ་ལྡོང་གི་སྐོར། གཉན་གྱིས་ལྡོང་ལ་ཕ་སྟོང་ལྡོང་ལྷ་རྨ་ཕྲོམ་སྤྲད།《དབུ་ནག་མིའུ་འདྲ་ཆགས》ལས་“གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། ལྡོང་དར་ཕྱུག་ཅན་གྱི་དགྲ་བླ་བྱེད་པར་ཆད།”ཞེས་དང་། རྙིང་མའི་ལོ་རྒྱུས་ཡིག་རྙིང་།《བོད་མི་གདུང་དྲུག་གི་དར་བགོས》ལས་“གཡུ་འབྲུག་སྔོན་པོ་བཞེངས་པ་འདྲ། དེ་སྤོ་ཆུ་ལྡོང་གི་དགྲ་བླ་ཡིན”ཞེས་འཁོད་ཡོད།ལྡོང་གི་རུས་ཚན་ཆེ་ཁག་ལ་སྨུག་པོ་ལྡོང་། ང་ཆེ་ལྡོང་། ཐོག་ཐོག་ལྡོང་། དཀར་པོ་ལྡོང་། ནག་པོ་ལྡོང་། ཁྲ་བོ་ལྡོང་བཅས་དྲུག་ཡོད། སྨུག་པོ་ལྡོང་གི་རུས་ལ་ཚབ། ཁ་བོ། བེ་རི། མི་ཉག ཁྱི་ཐན། རག་ཤི་ལ་གཙང་སྡེ། རྨང་། རོ་མཛེ་ལ་སྟོན་དཔོན་དང་བློན་པོ། ཁ་བོ་ལ་རྩེ་པ་དང་སྒོང་པ། བེ་རི་ལ་མདོ་པ་དང་གླིང་པ་སོགས་ལྡོང་གི་རུས་རྒྱུད་རབ་ཏུ་མང་།


གཉིས་པ། སེ་ཁྱུང་དབྲ་ཡི་སྐོར།གཉན་གྱིས་དབྲ་ལ་ཕ་སྟོང་དབྲ་མོ་དབྲ་བཀྲ་བྱིན། 《དབུ་ནག་མིའུ་འདྲ་ཆགས》ལས་“བྱ་ཁྱུང་ལྕགས་ཀྱི་མཆུ་སྡེར་ཅན། དབྲ་བཙུན་དར་ཅན་གྱི་དགྲ་བླ་བྱེད་པར་ཆད།”ཞེས་དང་། རྙིང་མའི་ལོ་རྒྱུས་ཡིག་རྙིང་། 《བོད་མི་གདུང་དྲུག་གི་དར་བགོས》ལས་“ཡུལ་ནི་ཁྱུང་ལུང་དངུལ་མཁར་ནས། དབྲ་ཡི་དགྲ་བླ་རྟ་ལྷ་ཁྲ་བོ་བརྗོད། དེ་སེ་ཁྱུང་དབྲ་ཡི་དགྲ་བླ་ཡིན།”ཞེས་གསལ་ཡོད། དཔེ་ཆ་འདིའི་ནང་གི་དབྲ་ཡི་དགྲ་བླ་ནི་རྟ་ཞིག་ཡིན་པ་བཤད་ཡོད་པས་ཅུང་ཙམ་མི་མཐུན།དབྲ་ཡི་རུས་ཚན་ཆེ་ཁག་ལ་དབྲ་དཀར། དབྲ་ནག དབྲ་ཁྲ། དགུ་འབུམ་བཅས་བཞི་ཙམ་ཡོད། ད་དུང་དབྲ་ཁྲ་བོའི་བརྒྱུད་པ་ལ་དབུ། འགོ ག་ཟི། བྲ་བོ། རྒྱུ་ཆེན། ཁྱུང་རིལ་བཅས་དང་། དབྲ་ནག་པོའི་བརྒྱུད་པ་ལ་གདའ་ཐུ། ཉག་རྒྱུ། འགུ་ཟི། མ་ཐང་། བལ་ཐང་། ཅོག་ཐང་། ཁོ་ཡོ། ཁོ་འདྲ། ཁོ་དབྲ་སོགས་དབྲ་མང་སྣ་ཅན་ཞེས་དབྲ་ཡི་རིགས་རུས་ཧ་ཅང་མང་།

གསུམ་པ། ཁྲི་གཟི་འགྲུ། (འབྲི།) (འདྲུ།)གཉན་གྱིས་འགྲུ་ལ་ཕ་སྟོང་འབྲི་མོ་ཕྲོམ་ཕྲོམ་སྤྲད། 《དབུ་ནག་མིའུ་འདྲ་ཆགས》ལས་“ལྷ་གཡག་དབལ་གྱི་རྭ་ཅོ་ཅན། འགྲུ་དཔའ་ངར་ཅན་གྱི་དགྲ་བླ་བྱེད་པར་ཆད།”ཞེས་དང་། རྙིང་མའི་ལོ་རྒྱུས་ཡིག་རྙིང་། 《བོད་མི་གདུང་དྲུག་གི་དར་བགོས》ལས་“ལྷ་གཡག་དཀར་པོ་འཆིས་པ་ཡོད། ཆེ་བཙན་འདྲུ་ཡི་དགྲ་བླ་ཡིན།”ཞེས་འཁོད། ཨ་ལྕགས་འགྲུ་ཡི་རུས་ཚན་ཆེ་ཁག་ལ་འགར། རོང་པོ། ཁྲོམ། སྤུ་གུར། བླ་བདེ། གཟེ་འདུ། བྲག་ཤི། ཉག་བྲེ། རྒ་རིང་། སྒོམ་རིང་སོགས་ཁྲི་གཟི་འགྲུ་ཡི་རུས་བརྒྱུད་ཧ་ཅང་མང་བ་དང་བོད་ཀྱི་བཙན་པོའི་རྒྱལ་རབས་སྐབས་སུ་བློན་པོ་མང་པོ་ཞིག་འགྲུ་རུས་ཡིན། འགྲུ་ཡི་རིགས་ལ་མི་རྒྱུད་བཟང་བ་མ་ཚད་དཔའ་བློ་ཁོག་དེ་འདྲ་ཡོད་པ་ཤ་སྟག་ཡིན་པས་རུས་པ་འདིའི་མིང་ལ་ཨ་ལྕགས་འགྲུ་དང་ཆེ་བཙན་འགྲུ། དཔའ་གཡེར་འགྲུ་ཞེས་པའི་མིང་གིས་བརྒྱན་ཡོད།


བཞི་པ། དམུ་ཚ་སྒ་ཡི་སྐོར། གཉན་གྱིས་སྒ་ལ་ཕ་སྟོང་སྐར་མ་ལེགས་པོ་སྤྲད། 《དབུ་ནག་མིའུ་འདྲ་ཆགས》ལས་“གསེར་སྟག་མཚལ་གྱི་རི་མོ་ཅན། སྒ་ཕྱུག་དར་ཅན་གྱི་དགྲ་བླ་བྱེད་པར་ཆད།”ཞེས་དང་། གསང་སྔགས་རྙིང་མ་པའི་ལོ་རྒྱུས་ཡིག་རྙིང་《བོད་མི་གདུང་དྲུག་གི་དར་བགོས》ལས་“སྒ་ཡི་དགྲ་བླ་དུང་གླང་དཀར་པོ་བརྗོད། དེ་དམུ་ཚ་སྒ་ཡི་དགྲ་བླ་ཡིན”ཞེས་འཁོད་ཡོད།དམུ་ཚ་སྒ་ཡི་རུས་ཚན་ལ་ཐོད་རུ། གླང་རུ། ཐེ་ཀག ནེ་ཀག སྦས། རྩེ་ཕྲོམ་སོགས་ཆེ་ཁག་དྲུག་ཙམ་ཡོད་པ་དང་རིགས་རྒྱུད་ལ་ཞིབ་ཕྲ་ཧ་ཅང་མང་། 
ལྔ་པ། དབའ་ལྡ་གཉིས་ཀྱི་སྐོར། གཉན་གྱིས་བོད་བུ་དྲུག་གི་ནུ་བོ་དབའ་ལ་སྟོང་སྐལ་ར་སྐྱེས་ཁམ་པ་དང་ལྡ་ལ་སྟོང་སྐལ་ཁྱི་མོ་དཀར་མོ་གཉིས་སྤྲད། དབའ་ལ(དཔའ)དང་ལྡ་ལ(ཟླ)(མདའ)(སྡ)སོགས་བྲིས་པ་ཡང་མཐོང་། ཁོ་རང་གཉིས་ལ་ཕ་སྟོང་ཆུང་བ་དང་བོད་སྤུན་དྲུག་ཡུལ་དང་ས་ཆ་བགོས་ཀྱང་ཁོང་གཉིས་ལ་སྐལ་བཅད་པ་དང་ཕའི་རྒྱུ་ནོར་མ་ཐེམ་པས་སྟབས་ཀྱིས་ཡིད་ཆད་བྱས་ཏེ་ས་མཐར་ཉུལ། མཚམས་ཀྱི་ས་ཆ་མདའ་ར་གོང་མ་ཞེས་པ་ཞིག་རང་ཉིད་ཀྱི་སྟོབས་ཤུགས་དང་དབང་ཆ་ལ་བརྟེན་ནས་བཟུང་། དབའ་ཟླ་གཉིས་ཀྱི་རུས་རིགས་བོད་ཆེ་བ་སྤུན་བཞི་དང་བསྡུར་ན་ཧ་ཅང་ཉུང་བ་ཡོད། ད་དུང་བོད་སྤུན་དྲུག་དང་འདིའི་རུས་རིགས་རྒྱུད་གསུམ་སྐོར་འཁོད་པའི་ཡིག་ཆ་རེ་མཁོ་འདོན་གནང་ཐུབ་ན་རྗེས་སུ་འཐུས་སྒོ་ཇེ་ཡངས་སུ་གཏོང་རྒྱུ་ལ་འབད་པ་དང་བརྩོན་འགྲུས་ཟུང་བསྐྱེད་པར་བྱའོ། ། 
འདིའི་སྐོར་འཁོད་པའི་དཔྱད་ཡིག་རྙིང་གྲས། ❶《དབུ་ནག་མིའུ་འདྲ་ཆགས།》❷《བོད་མི་གདུང་དྲུག་གི་དར་བགོས།》དཔྱད་ཡིག་གསར་གྲས། ❸《རུས་མཛོད་དེབ་ཐེར་ནག་པོ།》

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *