འཕན་ཆུ་བབ་བཟོའི་བརྡ་རྙིང་དང་ཡུལ་སྐད་མདོ་ཙམ་གླེང་བ།

རྩོམ་ཡིག་འདི་ཐེངས། 313878 བཀླགས་འདུག

 

IMG_8059

/

【ནང་དོན་གནད་བསྡུས】འཕན་ཆུ་བབ་བཟོའི་ཡུལ་སྐད་ལ་བརྡ་རྙིང་སོགས་ཐུན་མིན་གྱི་བརྡ་ཆད་ཅི་རིགས་ཤིག་རང་ཆས་སུ་མངའ་བས།  དེའི་མིང་ཚིག་རྗོད་པའི་ཁྱད་ཆོས་དང་འཇུག་པ་སོགས་མདོ་ཙམ་བརྗོད་བྱར་བཀོད་པ།

/

【བརྡ་ཆད་གཙོ་བོ】འཕན་ཆུ། བབ་བཟོ། ཡུལ་སྐད། བརྡ་རྙིང་།  

/

     སྤྱིར་མི་རིགས་སུ་ཡིན་རུང་ཐོག་མར་སྐད་རིགས་མེད་པ་ནས་ཡོད་པ། ཡོད་པ་དེ་རིམ་གྱིས་ཡར་རྒྱས་ཀྱི་ཁོ་ལག་ཇེ་བརྟས་དང་གོང་འཕེལ་གྱི་གོམ་ཁ་ཇེ་བཙན། བརྗོད་པ་ཇེ་བདེ་དང་སྤྱོད་རྒྱུག་གི་མ་ལག་ཇེ་ཐུས་སུ་བྱུང་བའི་དུས་རིམ་ངེས་ཅན་ཞིག་ལ་བརྟེན་ནས། མཐར་སྐད་བརྡ་རིག་པ་དེ་ཉིད་མཚོན་པའི་ཡི་གེ་བྱུང་བ་ནི་བཤད་མ་དགོས་པ་རེད། དེ་ཡང་སྐད་བརྡ་མཚོན་པའི་ཐོག་མའི་ཡི་གེ་ནི་བཀའ་དྲིན་དང་གཟི་བརྗིད། ངོ་སོ་དང་མཛད་འཕྲིན། དམ་དང་བུ་ལོན་སོགས་དགོས་པ་ཆེ་རྣམས་མི་བརྗེད་པའི་ཐབས་སུ་དངོས་པོའི་རིས་གཟུགས་དང་ཐག་པའི་མདུད་ཚུགས། རྡེའུ་མང་ཉུང་། ཐུ་གེའི་ཁ་གྲངས་སོགས་གོར་མོ་དང་ཀོ་བ། ཤིང་ལོ་དག་གི་ངོས་ལ་རིས་སུ་ཕབ་པ། དེ་ཉིད་རིམ་གྱིས་ཁ་ཇེ་ཚང་དང་སྟངས་ཇེ་བདེ། གཟུགས་ཇེ་མཛེས་དང་ཁྱབ་ཇེ་ཆེར་བཏང་ནས་དུས་རབས་ངེས་ཅན་ཞིག་བརྒྱུད་མཐར་ཡི་གེ་ཞེས་པའི་བརྡ་མཚོན་གྱི་རི་མོ་ཕུན་སུམ་ཚོགས་པ་འདི་བྱུང་ཡོད་པ་ནི་འཛམ་གླིང་སྤྱི་འགྲོས་ཀྱི་ལུགས་སུ་འདོད་ལ། བསིལ་ལྡན་བོད་ཀྱི་ཞིང་ཁམས་འདིར་བཀའ་དྲིན་ཅན་གྱི་མེས་པོ་ཚོའི་བློ་གྲོས་ཀྱི་རྩལ་ལས་མཆེད་པའི་ཐུན་མིན་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་ཀྱི་ཡི་གེ་བལྟས་ན་གཟུགས་རིས་མཛེས་པ། བྲིས་ན་འབྲི་ཚགས་བདེ་བ། བཀླགས་ན་སྒྲ་གདངས་ཡང་བའི་གངས་ཅན་པ་ཐུན་མོང་སྤྱི་ལ་དབང་བའི་ནོར་སྐལ་བཟང་བོ་འདི་ཉིད་ཀྱང་། དེའི་རང་བཞིན་གྱིས་དུས་རབས་ངེས་ཅན་ཞིག་ལ་བརྒྱུད་ནས་བྱུང་ཡོད་པར་རིག་པའི་གཞུང་ལ་ཐོས་བསམ་གྱི་མཁྱེན་དཔྱོད་ཡངས་བའི་དཔྱོད་ལྡན་སུ་ཞིག་ཡིན་རུང་རྟོགས་ནུས་པར་གྱ་མི་ཚོམ་མོད། དེ་ཡང་བོད་ཡུལ་སྟོད་སྨད་བར་གསུམ་གྱིས་གསལ་བྱེད་ཀྱི་འདོན་སྟངས་དང་དབྱངས་གྱི་འགྱུར་ཁྱད། མགོ་འདོགས་ཀྱི་སྒྲ་ཟུར། སྔོན་རྗེས་ཡང་གསུམ་གྱི་འགྱུར་འགྲོས་སོགས་ལ་བརྟེན་ནས་སྟོད་དབུས་གཙང་གི་དབུས་སྐད་དང་བར་ཁམས་པའི་ཁམས་སྐད། སྨད་ཨ་མདོ་ཨམ་སྐད་སོགས་བོད་ལ་རགས་པའི་ཆ་ནས་བརྗོད་པའི་སྒྲ་གདངས་མི་འདྲ་བའི་སྐད་རིགས་ཆེན་པོ་གསུམ་དུ་ངོས་འཛིན་སྲོལ་ཡོད། ནང་གསེས་སུ་མངའ་རིས་སྐད་དང་དབུས་གཙང་སྐད། ལྷོ་ཁའི་སྐད་དང་མོན་པའི་སྐད། སྦྲ་ཁྱུང་སོག་གསུམ་གྱི་སྐད་དང་ཉང་རྐོང་དྭགས་གསུམ་སྐད་སོགས་སྐད་གདངས་དང་སྒྲ་ཟུར་ཐ་སྙད་ཀྱི་ཕྱོགས་ནས་ཅུང་མི་འདྲ་བ་རེ་ཡོད། དེ་བཞིན་ཁམས་སྐད་ལའང་འབྲོག་སྐད་དང་རོང་སྐད། རོང་འབྲོག་འདྲེས་མའི་སྐད་དང་གསུམ་དུ་ངེས། ཨ་མདོའི་ཕྱོགས་ལའང་ཆེ་ཕྱོགས་ནས་འབྲོག་སྐད་དང་རོང་སྐད། རྒྱལ་རོང་གི་སྐད་སོགས་སྒྲ་གདངས་བརྗོད་སྟངས་དང་ཚག་འདོན་ཀློག་བཟོའི་ཆ་ནས་ཅུང་མི་འདྲ་བ་རེ་འགའ་བྱུང་ཡོད། 

/

     འདིར་སྐབས་སུ་གླེང་བར་བྱ་བ་ནི། འཕན་ཆུ་བབ་བཟོ་ཞེས་པའི་ཡུལ་ཕྱོགས་འདིའི་སྐད་གདངས་དང་བརྡ་རྙིང་སྐབས་ཡིན་ལ། འཕན་ཆུ་བབ་བཟོ་ཞེས་པའི་ཤོག་ཆེན་འདི་ནི་དེང་གི་ཆ་ནས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་བབ་བཟོ་ཡུལ་ཚོ་ཞེས་པ་དེ་ཡིན། རྫོང་ཐོག་ནས་ཤར་དུ་སྤྱི་ལེ་བརྒྱད་ཅུའི་སར་གདོད་མའི་ནགས་ཀློང་སྟུག་པོའི་ཁྲོད་ཀྱི་ནེའུ་གསེང་སྔོན་མོའི་ལྟེ་བར་ཡུལ་ཚོའི་སྲིད་གཞུང་ཆགས་ཡོད། ཡུལ་ཚོའི་རྒྱ་ཁྱོན་ལ་མཚོ་ངོས་ལས་འཕགས་ཚད་སྨི་༣༠༤༦ཡིན། ཡུལ་ཚོ་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་སྨི་གྲུ་བཞི་མ་ཁྲི་༦·༧༣ཙམ་ཟིན་ཡོད། སྤྱི་ལོ༢༠༡༠ལོར་ཞིབ་དཔྱོད་བྱས་པ་ལྟར་ན་ཡུལ་ཚོ་འདིར་མི་གྲངས་༣༤༡༡དང་དུད་ཁྱིམ་༧༥༡ཙམ་ཡོད་པ་རེད། དེའང་བབ་བཟོ་ཡུལ་ཚོ་གཅིག་ལ་བབ་བཟོ་སྟོད་པ་དང་བབ་བཟོ་སྨད་པ་ཞེས་གཉིས་སུ་འབྱེད་ཡོད། བབ་བཟོ་སྟོད་པའི་རུ་ཆེན་དང་བོ་ལ་ཀ་ཙི། ངང་རབ། གསར་དུ་དར་བའི་མུ་ཏིག་སྡེ་བ་དང་རུ་སྡེ་གསུམ། རུ་ཆེན་གཉིས་པར་འོ་མཚོ་ཐང་། སྦྲ་དགེ།  རྨེའུ་ཐང་། འཁྲུངས་ས། ཁ་སྨད། ཞིང་འཁྱིལ་སོགས་སྡེ་བ་དྲུག རུ་ཆེན་གསུམ་པར་རྩྭ་ས་གཞོང་། ནེའུ་གསེང་། ཟམ་ཁ། མདའ་ཆེན་དང་རུ་སྡེ་བཞིའོ།།

/

    བབ་བཟོ་སྨད་པ་རུ་ཆེན་བཞི་བར་དབེན་པ། གྲོས་ཐང་། རྨེའུ་ངོ་། གཅོང་རོང་། སྒྲུབ་ལུང་ངོ་སྡེ་བ་དང་ལྔ། རུ་ཆེན་ལྔ་བར་སྟག་ལེ་དང་རྨ་ཉེ། ཁ་དགའ་དང་གསང་ཡིབ་བཅས་སྡེ་བ་བཞི་ཡོད། འཕན་ཆུ་ནི་ལུང་ཁོག་འདིའི་ལྷོ་ནས་བྱང་དུ་འབབ་པའི་ཆུ་རྒྱུད་ལ་འཕན་ཆུ་དང་བབ་བཟོ་ནི་ཡུལ་ཕྱོགས་འདི་ཡུལ་ཚོ་སྤྱིའི་ཡུལ་མིང་དུ་ཆགས་ཡོད། 

/

   ལུང་བ་རེ་ལ་སྐད་རེ། ས་ཆ་རེ་ལ་སྲོལ་རེ་ཟེར་བ་ལྟར་གནའ་ཡུལ་ལུང་ཕན་ཚུན་བར་འགྲུལ་ལམ་སོགས་སྟབས་མི་བདེ་ཞིང་། ལྷག་པར་རོང་ཕྱོགས་སུ་རི་མགོ་གཟར་ཞིང་ས་རྩུབ་པ། བབས་ཆུ་མྱུར་ཞིང་འགག་ཆེ་བས། གཞན་ལ་འབྲེལ་འདྲིས་དང་འགྲིམ་འགྲུལ་སོགས་དེ་ཙམ་མི་ཐུབ་པར་ལུང་བ་རེ་ལ་སྐད་ཟུར་ཅུང་མི་མཐུན་པ་དང་ས་ཆ་རེ་ལ་སྲོལ་ལུགས་ཉག་མི་འདྲ་བ་རེ་རང་བཞིན་གྱིས་བྱུང་བ་རེད། བབ་བཟོ་ཡུལ་ལུང་འདི་རོང་འབྲོག་ཉིས་འཛོམས་ས་གཤིས་ཀྱི་བབ་ཆགས་ཀྱང་། གནའ་ནས་ད་བར་ས་ཕྱོགས་གཞན་ལ་མྱུལ་སྟེ་ཉོ་ཚོང་བྱེད་པ་དང་ཞོ་ཤས་འཚོ་བ་སོགས་གཉེར་མི་ཧ་ཅང་ཉུང་ཉུང་ཡིན། འཚོ་བའི་ཆ་ནས་ཤ་མར་ཆུར་གསུམ་དང་གྲོ་ནས་སྲན་གསུམ་སོགས་རང་ས་ནས་ཐོན་སྐྱེན་ལེགས་ཤིང་། མོ་བ་དང་རྩིས་པ། སྨན་པ་དང་གཏོ་བ། མགར་བ་དང་བཟོ་བ། ལག་ཤེས་པ་རེ་འགའ་ཡང་རང་ཡུལ་ནས་བྱུང་མྱོང་ཡོད་པའི་རྒྱུ་མཚན་གྱིས་ཡིན་ངེས། དེ་འདྲ་ཡིན་ཙང་བབ་བཟོ་རང་ལ་ཐུན་མིན་སྐད་ཀྱི་གདངས་དང་སྒྲ་ཡི་ཟུར། བརྡ་རྙིང་སོགས་ཁྱད་པར་བ་མང་ཙམ་མཆིས་པས། འདིར་ཡུལ་མིས་ད་ལྟ་སྤྱོད་བཞིན་པའི་བརྡ་རྙིང་དང་ཡུལ་སྐད་ཀྱི་སྐོར་དཔེ་མཚོན་ཙམ་དུ་རེ་འགའ་དྲངས་ན། དཔེར་ན་གྲོང་ཆོག་འགྲོ་བ་ལ་གདུ་དཔྱ་འདའ་བ། རྐང་བ་འདྲེད་དེ་སར་འགྱེལ་བར་བརྡེག་འཆོས་པ། གནོད་བྱེད་པའམ་བར་ཆད་གཏོང་བ་ལ་གཅོམ་བཅག་པ། ཕྲག་ཏུ་གོན་པར་སེ་རལ་གར་ཁུར་བ། དངོས་རྫས་སོགས་རྗེས་སུ་ལུས་པ་ལ་ལུས་ལྡས་སྣང་། སྙིམ་གང་ལ་འཁྱོར་གང་། རྩམ་པ་སོགས་བརྫུས་ཏེ་ལོག་ལོག་སྒོ་ང་ལྟར་བཅང་བ་ལ་ལོག་སྒོང་། དེ་མིན་བརྡ་རྙིང་དང་ཡུལ་སྐད་འདྲེས་མར་ང་རྒྱལ་ཅན་ལ་དྲང་སྤུ། འགྱིང་རོ་ལ་འགེ་རོ། མདོ་མེད་ལ་རྩ་མྱེད། སེ་སྣ་ལ་བསེ་རག  ངོ་དགའ་ལ་པྲ་ལི། གཡུང་མོ་ལ་སྲི་ནི། གཤིས་རྩུབ་མོ་ཅན་ལ་ཙར་ངན། མཉམ་ཟ་མཉམ་འཐུང་མཉམ་འགྲོ་མཉམ་འདུག་ལ་དགང་ཟ་དགང་འཐུང་དགང་འགྲོ་དགང་འདུག   ཤ་མེད་སྐམ་པོ་ལ་ཤི་གྱམ། གྱོང་པོ་ལ་གྱམ་པོ། ཡར་ཁྱིམ་ལ་པ་ཀ  མར་ཁྱིམ་ལ་ཕུག་དོ། བྱིས་པར་མྱག་མྱོག་གམ་ཉག་ཉོག  སྐྱེས་པར་པུ་ཙ། གནམ་གཤིས་ངན་པར་ཡུས་ངན། ཧ་ཅང་ལ་ཨ་འག    ཟླ་བར་རྫ་བ། བུད་མེད་ལ་ནག་མི། སྐྱེས་མ་ལ་པོ་མི། ཁུ་ཚུར་ལ་འབུ་རྫོང་། རྡོག་རྡོག་གམ་ལྕི་མོའི་རིགས་ལ་ལོ་རྡོ། སྙི་མོའམ་གཤེར་ཁུར་ལྕུག་མི། ཡོད་ཚད་ལ་ཧེ་ནས། རེ་འགའ་ལ་ཆ་ཙིག རེ་ཞིག་ལ་ཝ་ར། ཤིན་ཏུ་ལ་དམེ་མི། དགོད་འཛུམ་སྟོན་པར་སྒོ་དཀར་ཤོར། མཛེས་པ་ལ་འཕྱོར་མི། དཀའ་འདྲིའམ་འཚམ་འདྲི་བར་བཟང་ཟི། བཤད་པ་ལ་རྫོ། ཡོད་པ་ལ་སྣང་། རྫ་མ་ལ་དམར་བུམ། སྐྲ་ལ་སྲ། ཁུར་བོ་ལ་ཤ་ཙ། རྐེད་གྲི་ལ་གྲི་གེ  ཆན་གྲི་ལ་ཁར་གྱི།  འཇོར་ལ་ཀག  ཟྭ་ལ་བཟེ་མ། ཆང་ལ་ཨ་རག ལྕགས་ལ་ལྕད། སྐམ་པོ་ལ་སྐ་པོ། གཉེན་ཉེ་ལ་ཤ་རྩ། མགར་བ་ལ་མགའ་ར།  ཨ་ཕ་ལ་ཨ་ཅ། ཨ་མ་ལ་ཨ་བོ། ཨ་ཁུ་ལ་ཨ་ཕ། གཞན་མིག་ལ་མྱིག ཨ་མེས་ལ་ཨ་མྱེས། མེད་ལ་མྱེད། མེ་ལ་མྱེ། མི་ལ་མྱི། མིང་ལ་མྱིང་། མིད་པ་ལ་མྱིད་པ། སོགས་འདི་དག་སྐད་གསར་བཅད་གོང་གི་སྐད་བརྡ་ཇི་བཞིན་སྒྲ་ཐོན་གྱིན་ཡོད།

/

    གྱོན་ཆས་སྐོར་ལ། རྩག་པར་ཨོ་ཀོ ཁུལ་ལྭར་ཕེ་སློ། རྟོལ་པགས་ཀྱི་རྩག་པར་རྟོལ་གྱམ། དོར་མ་ལ་རྐང་སྣམ། སྟོད་ལྭ་ལ་སྟོ་སློ། ལྷམ་ལ་ཧམ། ལྷམ་སྒྲོག་ལ་ཧ་སྒྲོག 

/

    སྲོག་ཆགས་ཀྱི་སྐོར། ཕག་ལ་ཧག ནོར་ལ་ཟོག ནགས་འཇོལ་ལ་གཞའ་ལི། ཁྲག་འཇོལ་ལ་ཝག་དྲེག ཁུ་བྱུག་ལ་ཀི་གུག ཟེར་མོ་ལ་ཟེ་ར། རི་དེ་ལ་དེ་སྟག སྲེག་པ་ལ་འདྲེ་སྲེག བྱ་འོལ་ལ་འེ་རོ་མ། པུ་ཤུད་ལ་རྒན་མི་ཕུར་རྡུ། གོང་མོ་ལ་གོང་ཀླད་དཀར། ནེ་ལེ་ལ་ནིས་ལེ་མོ་འདེབས། སྐྱ་ཀ་ལ་སྐ་འ་ཁྲ་མོ། རྨུགས་པ་ལ་རྟིས་ཅུང་། ཕ་ཝང་ལ་ཁང་ཨ་ཅག་སྐ་པོ། སྡོམ་ལ་པ་ཤོར། ཞོར་སྐྱེས་ལ་ཟེ་གེ་ལེ། ཞོར་ལེབ་ལ་སྤེ་དེ་མ། མེ་ལྕེབ་ལ་མྱེ་ལན། འབུ་རག་དུག་ལ་ལྕད་འབུ་ར། ལྕགས་མཆུ་ལ་མཆུ་ཙུ་མ། འབུ་རློན་བླུག་ལ་རྨུགས་ཙ་ར། ཕག་བྱེའུ་ལ་བྱེའུ་ཧག་ལུད། 

/

     གཞན་མིང་གང་ཞིག་ཚིག་མགོ་འདྲེན་བྱེད་དམ་རང་རྐྱང་བ་ཙམ་ཡིན་དུས་སྒྲ་ཟུར་མ་ཉམས་པར་རང་སོར་ཐོན་པ་དང་མིང་ཚིག་གང་གི་རྗེས་སུ་ཞུགས་པའང་ཚིག་གྲོགས་སུ་སོང་ཚེ་སྒྲ་ཟུར་ཉམས་པ་བབ་བཟོའི་ཡུལ་སྐད་འགའ་དྲངས་ན་འདི་ལྟ་སྟེ། ཆང་མཆོད་དང་ཆང་ཁང་ཆང་རྫ་ཆང་འཐུང་ལྟ་བུར་ཆང་སྒྲ་རང་སོར་ཐོན་པ་དང་ལོ་ཅང་བག་ཅང་མགྲོན་ཅང་ཁང་ཅང་འབྲས་ཅང་ལྟ་བུར་མིང་གཞི་ཆ་ཡི་སྒྲ་གདངས་ཉམས་ཏེ་ཅ་ཡི་སྒྲ་ཐོན་པ། དེ་བཞིན་དྲི་མ་དང་དྲི་ཞིམ་དྲི་ངན་སོགས་ལ་སྒྲ་གདངས་རང་བཞིན་དུ་ཡོང་བ་དང་སྤོས་རི་ཚིག་རི་སྒོག་རི་ཕྱེན་རི་ལྟ་བུར་མིང་གཞིའི་སྒྲ་ཟུར་ཙམ་མེད་པར་འདོགས་ཅན་ར་ལ་དབྱིངས་ཡིག་གི་གུའི་སྒྲ་ཐོན་པ་དང་། དེ་མིན་ཁང་ཁྱིམ་དང་ཁང་ས་ཁང་རྙིང་ཁང་སྟོང་སོགས་ལ་རང་གདངས་ཡོང་བ་དང་ལྷ་འང་དང་ཟ་འང་ཤིང་འང་སྐྱག་འང་ལྟ་བུར་མིང་གཞིའི་སྒྲ་གདངས་འང་ལྟར་འདོན་པ། གཞན་ས་ཆ་ས་རྡོ་ས་གཤིས་ས་རྩོག་ལྟ་བུའི་ས་སྒྲ་རང་སོར་ཐོན་པ་དང་ཁང་ཟ་འགྲོ་ཟ་འདུག་ཟ་བཟང་ཟ་དགའ་ཟ་ལྟ་བུར་སྒྲ་གདངས་འགྱུར་ཏེ་ཟ་ཡི་སྒྲ་ཙམ་ཐོན་པ། ཆུ་མིག་ཆུ་མགོ་ཆུ་ཆེན་ལྟ་བུར་སྒྲ་རང་སོར་ཡོང་བ་དང་ལུང་ཅུ་རོང་ཅུ་ཝ་ཅུ་སོགས་ཀྱི་མིང་གཞིའི་སྒྲ་གདངས་ཉམས་པ། ཤིང་སྒོམ་ཤིང་རྟ་ཤིང་བཟོ་ཤིང་ཆས་སོགས་མིང་གཞིའི་སྒྲ་དེ་བཞིན་ཐོན་པ་འབུད་ཞིང་ཁང་ཞིང་ཟམ་ཞིང་ཆུ་ཤིང་སོགས་ལ་མིང་གཞི་ཤ་ལ་ཞ་ཡི་སྒྲ་ཟུར་ཆགས་པ་སོགས་འདི་རིགས་འགྱུར་བ་ཅན་གྱི་སྒྲ་གདངས་ཤིན་ཏུ་མང་ངོ་།།

/

    བདག་སྒྲའི་ཚིག་ཕྲད་མོ་ལྟ་བུ་ཞིག་ལ་མཚོན་ན། ཡུལ་སྐད་རང་ལ་ཚིག་ཁྱིམ་ཕྱི་མའི་ཚིག་གྲོགས་སུ་འཇུག་ཚེ་མིང་གཞི་མ་ཡི་དབྱངས་ཡིག་བཞི་བར་དབྱངས་དང་པོའི་སྒྲ་གདངས་ཇི་བཞིན་ཐོན་ཡོང་། དཔེར་ན་བདག་སྒྲའམ་ཁྱད་གཞི་བརྗོད་པའི་མིང་ལ་བུ་མོར་བོ་མི། ལྷ་མོ་ལ་ལྷ་མི། རྒན་མོ་ལ་རྒན་མི། དེ་བཞིན་འདྲེ་མི། ཀླུ་མི། རྟོལ་མི། ཁྱི་མི། ཕག་མི་ལྟ་བུ་དང་དེ་མིན་རི་མི་འབྲི། རྩེད་མི་རྩེ། ནག་མི་ལེན། མཛོ་མི་ནུ་བཞི། སྤྱང་མི་དགུ་ཟུག་ལྟ་བུ་བྱ་ཚིག་དང་གྲངས་ཚིག་གིས་མཐར་སྦྲན་ན་གོ་བདེ། དེ་ལྟར་ཁྱད་ཆོས་བརྗོད་པར་བདེ་མོ་ལ་བདེ་མི། སྙི་མོ་ལ་སྙི་མི། ཡང་མོ་ལ་ཡང་མི། དེ་བཞིན་ལྕི་མི། འཕྱོར་མི། དྲང་མི། རྩ་མི། དཀའ་མི། ལྕུག་མི། སྲ་མི། འགོར་མི། དལ་མི། དྭངས་མི། དམའ་མི། ཡངས་མི། རྩུབ་མི་ལྟར་རོ།།

/

    ཡང་སྲ་མོ་ལ་སྲ་དྷེ། ཚ་མོ་ལ་ཚ་དྷེ། སྐ་མོ་ལ་སྐ་དྷེ། སོགས་འདི་རིགས་ཀྱི་ཚིག་གྲོགས་མོའི་ཚབ་ཏུ་དྷེ་ཡང་འཇུག་པ་མང་། དེ་བཞིན་ཁ་ཡིག་གི་ཚིག་གྲོགས་དག་ལ་ག་ཡི་སྒྲ་ཟུར་ཆགས་པ་མཚོ་ཁ་ལ་མཚོ་ག གྲུ་ཁར་གྲུ་ག གོ་ཁ་ལ་གོ་ག རུ་ཁ་ལ་རུ་ག དེ་བཞིན་སྒོ་ག མདོ་ག ཁིས་ག ཆུ་ག བ་ག ཤི་ག རྒས་ག ཟ་ག འཐུང་ག འགྲོ་ག འདུག་ག་སོགས་ཀུན་ལ་རིགས་བསྒྲེའོ།།

/

    སྤྱི་བབ་བཟོའི་སྐད་ལ་ཚིག་རྒྱན་ཤིན་ཏུ་མང་མོད། འདིར་དཔེ་མཚོན་ཙམ་དུ་འགའ་ཞིག་བཀོད་ན། ཧ་ཅང་འདྲེན་པའི་བརྡ་ཚབ་ཏུ་ཨ་འག་ཨ་ནེ། ཉུང་ཙམ་ལ་ཧ་ལམ་ཧ་ནེ། ཧ་ལམ་ཧ་གུ། ཉུང་ཉུང་ཉུང་གོ ཚད་ལས་བརྒལ་བ་ལ་དམེ་མི་དམེ་ནག ཉ་ཉོའི་རིགས་ལ་ཉ་འི་ཉོ་འེ། རྐྱ་གཏོང་རྐྱོ་གཏོང་། ཧ་ཅང་ཚ་བ་ལ་ཚ་དྷེ་དམར་སྲེག ངན་པ་ལ་འགོང་པོ་འགོང་འདྲེ། ངན་པ་ངན་ནག ཁྱི་ངན་ཁྱི་གླུད། མྱི་ངན་མྱི་གོ།  ཆེན་པོ་ལ་ཆོ་པོ་ཆོ་གོ།   ཆུང་ངུ་ལ་ཆུང་ཅུང་ཆུང་གོ།  ཡོད་ཚད་ལ་ཧེ་ནས་མི་ནས། ཨ་འག་ཨ་ནེ། དུས་ཐུང་ཐུང་ལ་ཝ་ར་ཝ་གོ། གཞན་མགྱོགས་པོ་མགྱོགས་གོ སྙི་མི་སྙི་སྒོ། བདེ་མི་བདེ་གོ།   སྐྱིད་པོ་སྐྱིད་གོ་སོགས་ཧ་ཅང་མགྱོགས་པ་དང་སྙི་བ། བདེ་བ་དང་སྐྱིད་པ་ལ་གོ་དགོས། གོང་གི་དེ་དག་འཇུག་ཡུལ་ཁྱབ་ཆེ་ཆུང་དང་བཟང་ངན་སོགས་གོ་རིམ་སྟོན་པའི་ཚད་ལ་འཇུག་པ་འདི་ལྟར། སྙི་མི་སྙི་གོ།  སྙི་མི་སྙི་འཕྱག སྙི་མི་སྙི་ནག སྙི་མི་སྙི་གླུད། དེ་བཞིན་བདེ་མི་བདེ་གོ།  བདེ་མི་བདེ་འཕྱག བདེ་མི་བདེ་འཇམ། བདེ་མི་བདེ་གླུད། དམེ་མི་དམེ་གོ། དམེ་མི་དམེ་འཕྱག  དམེ་མི་དམེ་ནག  དམེ་མི་དམེ་གླུད། དེ་མིན་ཧ་ལམ་ཧ་གུ། ཧ་ལམ་ཧ་ནེ། ཧ་ལམ་ཧ་འཕྱག ཧ་ལམ་ཧ་གོ།  གོང་གི་ཚིག་རྒྱན་གོ་དང་འཕྱག ནག་དང་འཇམ། གླུད་དང་ནེ། གུ་སོགས་འཇུག་ཡུལ་དང་འཇུག་སྟངས་ཕྱོགས་ནས་ཁྱད་པར་ཅུང་ཙམ་འདུག་པས། དེ་ཡང་ཡུལ་སྐད་རང་ལ་ཧ་ཅང་ཆ་རྒྱུས་དང་ཞིབ་ཆ་ཐོན་ན་ད་གཟོད་འདི་རིགས་རྟོགས་ངེས་སོ།།

/

    ཡང་ཡུལ་སྐད་དུ་རྗེས་འཇུག་ལ་ལྟོས་དགོས་མིན་གང་རུང་གི་སྒོ་ནས་དབྱངས་ཡིག་གསུམ་པའི་སྒྲ་ཟུར་རྒྱན་དུ་སྦྲན་པའི་རྒྱན་ཚིག་ལ་འཇུག་ཚུལ། དེ་ཡང་འཇུག་པའི་ཡུལ་དེ་དག་ཁྱད་ཆོས་བརྗོད་པའི་མིང་ཡིན་ལ་དཔེར་ན། མགོ་ཅེར་བ་ལ་ཟེར་འབུས་སེ། ཞོ་དང་ཕྱེ་མར་བརྡར་བ་ལ་དཀར་སྤུངས་སེ། ཁ་ཆེན་པོར་སྒྲེ་ཁ་ཟེ། མགོ་ཆེན་པོར་སྒྲེ་མགོ་ཟེ།མགོ་རིལ་ལ་མགོ་རྡོ་ཟེ། བཞིན་རས་སོགས་ནག་ཤས་ཅན་ལ་ནག་སྒོ་ཟེ། སྐྱེ་གཟུགས་ཐུང་ཐུང་ལ་བརྫེ་གེ་ཟེ། ལུས་གདོང་ལ་སྐྱ་ཤས་ཆགས་པར་སྐྱ་ནིས་སེ། ཤ་མེད་གཟུགས་རིང་ལ་ཤི་ཆ་རེ། གཞན་མཆུ་ཕྱལ་ལེ། སྔོ་འཚུབས་སེ། སྟོང་ཕྱལ་ལེ། དགའ་ལྷང་ངེ་། སྡུག་མེ་ཟེ། འགེ་རོ་ཟེ། ལྟག་རྒྱེ་ཟེ། ནག་ཚི་འེ། འབུམ་རྡོ་ཟེ། སེར་ཤི་རེ་ལྟརོ།།

/

     མྱེ་སྒོ་རོ་རོ་འབར་གྱིན་འདུག དུ་བ་སྔོ་ལོག་ལོག་འཕྱུར། ཆུ་སྒྲ་ཤག་ཤག་ཤག་བཞུར། རླུང་བུ་འུ་རུ་རུ་གྲང་། བྱ་བྱེའུ་སྐག་སྐག་སྐག་གྲག འབྲུག་སྒྲ་ལྡི་རུ་རུ་བྱེད་སོགས་ཚིག་རྒྱན་གྱི་རིགས་འདི་དག་ཁ་སྐད་ལ་ཤིན་ཏུ་མོད་དོ།།

/

     ཡུལ་སྐད་འདིར་འ་ཡིག་གི་སྒྲ་གདགས་དེང་གི་འབོད་སྟངས་ལྟར་ན་ཝ་ཡིག་གི་སྒྲ་གདངས་ཇི་བཞིན་ཐོན་གྱིན་ཡོད། འ་ཡིག་ནི་མེད་དུ་མི་རུང་བའི་ཕྲད་དང་རྣམ་དབྱེ་དག་གི་ཚབ་ཏུ་འགྲོ་བ་མང་སྟེ། དཔེར་ན། འབྲེལ་སྒྲའི་རྐྱེན་ཚབ་ཏུ་འ་ལ་དབྱངས་དང་བོ་སྦྱར་ཏེ་འཇུག་པ་ནི། སྐྱིད་འི་ཉི་མ་ཤར། གསེར་འི་ཉི་མ། དུང་འི་ཟླ་བ། གནས་འི་བྱིན་རླབས། དོན་འུ་རྩ་བ། ལག་འི་སེན་མོ། རྐང་འི་ཕྱི་རྟིང་། མགོ་འི་ཞྭ་མོ་ལྟ་བུ་གཞན་ལ་རིགས་འགྲེ། འོན་ཀྱང་པ་དང་པོ། མ་དང་མོ་ཡིག་ཚིག་མཐའ་ལ་ཡོད་དུས་བརྡ་སྤྲོད་གཞུང་ལྟར་གྱི་འབྲེལ་སྒྲའི་སྒྲ་ཅི་བཞིན་ངག་དུ་ཐོན་ནོ།།

/

    བྱེད་ཚིག་ད་ལྟ་བ་སྟོན་པའི་ཚིག་གྲོགས་སུ་འི་སྒྲ་འཇུག་པ། དེ་ཡང་ད་ལྟ་བ་སྟོན་པའི་ཚིག་གྲོགས་གིན་དང་གྱིན་བཞིན་སོགས་དོན་དང་འདྲ་བ་སྟེ། དཔེར་ན་ཟ་མ་ཟ་བཞིན་འདུག་ལ་ཟ་མ་ཟ་འི་འདུག ཡུལ་ལ་འགྲོ་བཞིན་ཡོད་འགྲོ་འི་ཡོད། བྱ་བ་ལས་གྱིན་འདུག་ལས་འི་སྣང་། ཚིག་བརྫོ་བཞིན་ཡོད་པ་ལ་བརྫོ་འི་ཡོད་སོགས་ཡིན།

རྣམ་དབྱེ་གཉིས་པ་དག་གི་ཚབ་ཏུ་འ་སྒྲ་འཇུག་པ་ལ།

ཤར་ཁོག་འ་འགྲོ། ཡུལ་འ་ལྟ། ཕ་མ་འ་དགའ་ལྟ་བུའོ།།

རྣམ་དབྱེ་བཞི་པ་དགོས་ཆེད་དག་གི་ཚབ་དུ་འ་སྒྲ་འཇུག་པ་དཔེར་ན། ཤིང་གཅོད་འ་འགྲོ། བོར་སྟོར་བསྡུ་འ་འགྲོ ནད་དྲགས་འ་སྨན་མཐུང། ཟས་ཉོ་འ་སོང་ལྟ་བུ་རེད།

བདུན་པ་གནས་གཞིར་ཁང་ཐོག་འ་སྣང་། ནམ་མཁའ་འ་འཕུར། ས་གཞི་འ་འཁྲུངས། ཆུ་ནང་འ་འཁྱིལ་ལྟ་བུའོ།།

ཚེ་སྐབས་ལ་སང་ཉིན་འ་ལས་བྱ་ཡོད། ཁ་རྩང་ཕ་ཡུལ་འ་སོང་། དེ་རིང་སློབ་ཐུན་འ་ཚོགས་ལྟ་བུ་རེད།

དེ་ཉིད་ལ་རྡོ་གསེར་འ་གྱུར། ཁོ་ཇེ་དགའ་འ་ཡོང་། བུ་ལག་འ་ཆགས་ལྟ་བུ་འ་ཡིག་ནི་བབ་བཟོའི་ཡུལ་སྐད་ལ་མེད་དུ་མི་རུང་བའི་ཚིག་ཕྲད་དང་རྣམ་དབྱེ་ཀུན་གྱི་རྐྱེན་དུ་འཇུག་པ་ཤིན་ཏུ་ཁྱབ་ཆེའོ།།

/

     ཡུལ་སྐད་ཀྱི་ལྡོ་དང་ལྡས་ལྟ་བུར་མཚོན་ན་ལྡོ་ནི་བྱ་ཚི་ད་ལྟ་བའི་ཚིག་ཕྲད་བཞིན་དང་ཀྱིན་སོགས་ཀྱི་ཚབ་ཏུ་འཇུག་པ། དཔེར་ན། ཟ་མ་ཟ་བཞིན་ཡོད་དམ་ལྟ་བུར་ཟ་མ་ཟ་ལྡོ་ལེ། ལས་ཀ་ལས་ཀྱིན་འདུག་གམ་ལ་ལས་ཀ་ལས་ལྡོ་ལེ། རི་མོ་འབྲི་བཞིན་ཡོད་དམ་ལ་རི་མོ་འབྲི་ལྡོ་ལེ། བརྙན་འཕྲིན་ལྟ་བཞིན་ཡོད་དམ་ལ་བརྙན་འཕྲིན་ལྟ་ལྡོ་ལེ། ཁ་པར་རྩེ་བཞིན་འདུག་གམ་ལ་ཁ་པར་རྩེ་ལྡོ་ལེ་ལྟ་བུ་འདི་རིགས་ཀྱི་ལེ་ནི་འདྲི་བའི་རྐྱེན་དུ་གྱུར་བའི་ཀམ་སོགས་ཀྱི་ཚབ་ཏུ་འཇུག་གོ།

/

    ལྡས་༼    སྡོད་དང་བསྡད་  ༽ ལྟ་བུ་ནི་བྱ་ཚིག་ད་ལྟ་བ་དང་འདས་པ་སྟོན་པའི་ཚིག་ཕྲད་ཀྱི་ཚབ་ཏུ་འགྲོ་བ། དཔེ་མཚོན་ཙམ་ཞིག་བཀོད་ན་ཤིང་གཅོད་བཞིན་ཡོད་དང་ཤིང་བཅད་ཟིན་ལྟ་བུར་ཤིང་གཅོད་སྡོད་སྣང་དང་ཤིང་བཅད་ལྡས་སྣང་། དེ་བཞིན་ཆུ་འཁུར་ལྡས་སྣང་དང་ཆུ་ཁུར་ལྡས་སྣང་། མེ་འབུད་ལྡས་སྣང་དང་བུས་ལྡས་སྣང་། ས་རྐོ་ལྡས་སྣང་དང་བརྐོས་ལྡས་སྣང་ལྟ་བུ་རེད།

   /

    དེ་མིན་རྗེས་འཇུག་གི་སྒྲ་གདངས་ཚིག་གྲོགས་ཀྱི་ཟུར་དུ་འབོད་པ་ཡང་རེ་འགའ་ཡོད། དེ་ཡང་རྗེས་འཇུག་ར་ཡིག་གང་ཉིད་ཚིག་གྲོགས་བ་ཡིག་གི་ཚབ་ཏུ་འཇུག་པ་ཁྱབ་ཆེ། དཔེར་ན། ཆུར་བ་ལྟ་བུར་ཆུ་ར། མགར་བ་ལ་མགའ་ར། དར་བ་ལ་ད་ར། སྐོར་བ་ལ་སྐོ་ར། འཁོར་བ་ལ་འཁོ་ར། ཆར་བ་ལ་ཆ་ར་ལྟ་བུའོ།།

/

    གཞན་ཡུལ་ལུང་རང་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཁེད་དང་ལ་གཞས། ཤག་དང་གླུ། སྒྲུང་དང་གཏམ་རྒྱུད། གཏམ་དཔེ་སོགས་རེ་ཤས་མཆིས་ཀྱང་འདིར་སྐབས་སུ་མ་བབས་པས་གླེང་བར་མ་བྱས་སོ།།

/

     སྤྱི་ཡུལ་ལུང་རེ་ལ་སྐད་གདངས་མི་འདྲ་བ་ཟུར་རེ་ཡོད་པ་ནི་ཕྱི་དངོས་པོ་འབྱུང་འཕེལ་དང་ནང་བསམ་བློའི་གོ་རྟོགས་སོགས་ལ་བརྟེན། སྲིད་པ་མིའི་སྐད་གདངས་འཕེལ་འགྲོས་ཀྱི་དུས་རིམ་ནས་མཆེད་པའི་ཆོས་ཉིད་ཙམ་དུ་ཟད་མོད། དེར་དེ་འདྲ་ཡ་མཚན་དང་རྒྱུ་མཚན་འཚོལ་དགོས་དོན་ཆེར་མེད་ཀྱང་། འདིར་བབ་བཟོའི་ལུང་སྐད་ནི་གོང་སྨྲས་ལྟར་ཡུལ་སྐད་གཞན་དང་ཅུང་མི་འདྲ་བའི་ཁྱད་པར་གྱི་ཆོས་འགའ་ཞིག་འདུག་པས། དགེན་གྱིས་བཀའ་གནང་དང་གྲོགས་ཀྱིས་རེ་སྐུལ་སོགས་གང་ཡང་མེད་ཀྱང་རང་གིས་ཐུས་ཚད་ཀྱིས་ཡི་གེར་མདོ་ཙམ་བཀོད་པ་ལགས་ན། མི་འགྲིག་པའི་ཆ་དང་མི་འདང་ས་ཤིན་ཏུ་ནས་མང་སྲིད་པས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡུལ་འདིའི་རྒན་རབས་པ་དང་དཔྱོད་ལྡན་པ་དག་གིས་ཡོ་བཅོས་དང་བཀའ་སློབ་རེ་བསྩལ་བར་སྙིང་ནས་ཐུགས་རྗེ་ཆེ་ཞུའོ།། །།

/

   ཟུར་བལྟས་ཡིག་ཆ།  

སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་ཡེ་སྲིད་འཕྲུལ་གྱི་ཇི་ཐིག

ཉག་སྒོམ་རིན་ཆེན་ལྷུན་གྲུབ་ཀྱིས་མཛད་པའི་མཆོག་གཟིགས་བླ་མའི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང་

སྐྱང་སྤྲུལ་ལུང་རྟོགས་རྒྱ་མཚོས་མཛད་པའི་དག་ཡིག་ལྷ་ཆབ་འཁྱིལ་བ།

མཁན་བཟོད་པ་རྒྱ་མཚོས་མཛད་པའི་ལོ་རྒྱུས་རིག་པའི་ལྡེ་མིག

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *