རྫོགས་པ་ཆེན་པོའི་རྒྱུད་སྡེ་ཆེན་པོ་བཞིའི་ནང་ཚན་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་མ་བུ་ཆ་ལག་བཅས་ཀྱི་བྱུང་ཚུལ་སྐོར་རོབ་ཙམ་བརྗོད་པ།

རྩོམ་ཡིག་འདི་ཐེངས། 220594 བཀླགས་འདུག

 

unnamed

/

……….རྫོགས་པ་ཆེན་པོའི་རྒྱུད་སྡེ་ཆེན་པོ་བཞི་ལས་གསུམ་པ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་ནི། ཕྱི་ལྟ་བ་སྤྱི་གཅོད། ནང་མན་ངག་དམར་ཁྲིད། གསང་བ་རིག་པ་གཅེར་མཐོང༌། ཡང་གསང་གནས་ལུགས་ཕུགས་ཆོད་དང་བཞིའོ། །སྐོར་བཞི་བྱུང་བའི་རྒྱུ་མཚན་ནམ་འདི་བཞིའི་ཁྱད་པར་ནི། སྤྱིར་དེ་བཞི་ཀས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་བསྟན་པ་ལ་ཁྱད་པར་མེད་ནའང་བསྟན་ཚུལ་ལ་ཁྱད་པར་ཡོད་དེ། ཕྱི་ལྟ་བ་སྤྱི་གཅོད་ཀྱིས་གཞི་གཙོ་བོར་བསྟན་པ་དང་། ནང་མན་ངག་དམར་ཁྲིད་དང་གསང་བ་རིག་པ་གཅེར་མཐོང་གཉིས་གྱིས་ལམ་གཙོ་བོར་བསྟན། ཡང་གསང་གནས་ལུགས་ཕུགས་ཆོད་ཀྱིས་འབྲས་བུ་གཙོ་བོར་བསྟན་པ་ཡིན་ནོ། །དེ་ཡང་ཕྱི་ལྟ་བ་སྤྱི་གཅོད་ཀྱིས་རྫོགས་པ་ཆེན་པོའི་སྤྱི་གཞི་དང་། དེ་ལས་འཁོར་འདས་གྱེས་ཚུལ་སོགས་ཀྱིས་ཁོག་དབུབས་ནས་རང་འབྱུང་ཡེ་ཤེས་ཀྱི་ཡིན་ལུགས་རྒྱས་པར་བསྟན། ནང་མན་ངག་དམར་ཁྲིད་ཀྱིས་ཕུང་པོའི་ཁམས་ལ་བརྟེན་ནས་རིག་པའི་གནས་དང་། རྒྱུ་ལམ། མཐོང་སྒོ་སོགས་དང་། དེ་དག་ཉམས་སུ་ལེན་ཚུལ་ལག་ལེན་ཞིབ་ཕྲར་བསྟན།  གསང་བ་རིག་པ་གཅེར་མཐོང་གིས་རིག་གདངས་འོད་གསལ་འཆར་བའི་གནད་ཡོངས་རྫོགས་བསྟན་པ་མ་ཟད། ལྷག་ཏུ་མིག་རྩ་ལ་བརྟེན་ནས་རིག་པ་མངོན་སུམ་རྗེན་ཅེར་དུ་ངོ་སྤྲད་ནས་ངོ་བོ་ཉིད་ཀྱི་སངས་རྒྱས་དེ། མིག་གི་དཀྱིལ་ནས་མཐོང་བ་མ་འགགས་པར་ཉམས་སུ་ལེན་ཚུལ་ལག་ལེན་དམར་ཁྲིད་དང་བཅས་པ་བསྟན། ཡང་གསང་གནས་ལུགས་ཕུགས་ཆོད་ཀྱིས་རིག་པ་རང་འབྱུང་གི་ཡེ་ཤེས་ཆེན་པོ་དེ་རྐྱང་འདེད་གཅིག་སྒྲིལ་དུ་ཉམས་སུ་བླངས་ན་གཞི་ལས་གཞི་སྣང་འཆར་ཚུལ་དང་། མཐར་སྣང་བ་ཟད་སར་བསྐྱལ་ནས་མཐར་ཐུག་འབྲས་བུའི་སར་ཇི་ལྟར་ཕྱིན་ཚུལ་བསྟན་པ་ཡིན་ནོ།

/

………..ཡང་ན་ཕྱི་ལྟ་བ་སྤྱི་གཅོད་ཀྱིས་གཙོ་བོར་གཞི་ལས་འཁོར་འདས་བྱུང་ཚུལ་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག། ཀ་དག་དང་ལྷུན་གྲུབ་ཀྱི་ཡིན་ཚུལ། དཔེ་དོན་རྟགས་གསུམ་གྱི་གནས་སྟངས། ཐེག་པ་རིམ་དགུའི་ལྟ་བའི་ཡིན་ལུགས་དང་། རྫོགས་པ་ཆེན་པོ་ཐེག་པ་ཀུན་ལས་ཁྱད་པར་འཕགས་ཚུལ། གང་ཟག་གི་དབང་པོའི་ཁྱད་པར་སོགས་བསྟན། ནང་མན་ངག་དམར་ཁྲིད་ཀྱིས་གནས་ལུགས་རང་འབྱུང་ཡེ་ཤེས་ལ་བརྟེན་ནས་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་དང་། ནང་བཅུད་སེམས་ཅན་གྲོལ་ཚུལ། ཕུང་ཁམས་སྐྱེ་མཆེད་ལ་རྩ་ཁམས་ཀྱི་གནས་སྟངས། འོད་གསལ་གྱི་འཆར་སྒོ། ངོ་བོ་ཉིད་ཀྱི་རིག་པ་དང་ལྷག་མཐོང་གི་རིག་པ་གཉིས་ཉམས་སུ་ཇི་ལྟར་ལེན་ཚུལ། ནང་གི་ཉམས་རྟོགས་དང་ཕྱི་ཡི་སྣང་བ་རྒྱས་ཚུལ། བར་དོའི་སྐབས་སུ་ཉམས་ལེན་སོགས་ཞིབ་པར་བསྟན། གསང་བ་རིག་པ་གཅེར་མཐོང་གིས་རང་ལུས་ལྷ་ཚོགས་ཀྱི་ཞིང་ཁམས་དང་། ཡེ་ཤེས་ཀྱི་ལྷ་རང་ཆས་སུ་གནས་པར་ངོ་སྤྲད། ལྷག་པར་རིག་གདངས་འཆར་བའི་གནད་མིག་རྩ་ལ་བརྟེན་ནས་རང་རིག་ཡེ་ཤེས་མངོན་སུམ་རྗེན་གཅེར་དུ་མཐོང་བའི་ཚུལ། གདོས་བཅས་ཀྱི་ཕུང་པོ་ལྷག་མེད་དུ་སངས་རྒྱས་ནས་འོད་ཀྱི་ཕུང་པོ་འགྲུབ་པའི་གསང་གནད་བསྟན། ཡང་གསང་གནས་ལུགས་ཕུགས་ཆོད་ཀྱིས་གཞི་ཡི་གནས་ཚུལ་དང་། ལམ་གྱི་འཆར་ཚུལ། འབྲས་བུ་མཐར་ཕྱིན་ནས་ནང་ཉམས་རྟོགས་དང་། ཕྱི་འོད་གསལ་གྱི་སྣང་བ་ཐམས་ཅད་ཟད་སར་བསྐྱལ་ནས་མཐར་ཐུག་གི་གྲོལ་ས་བསྟན་པ་ཡིན་ནོ། །མདོར་ན་ཕྱི་ལྟ་བ་སྤྱི་གཅོད་ཀྱིས་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པ་འབྲས་བུ་བཅས་ཀྱི་ཡིན་ཚུལ་རྒྱས་པར་བསྟན་པ་ཙམ་ལས་དེ་ཉིད་ཉམས་སུ་ལེན་ཚུལ་ཞིབ་ཕྲར་མ་བསྟན། ནང་མན་ངག་དམར་ཁྲིད་ཀྱིས་ཉམས་སུ་ལེན་ཚུལ་དང་འོད་གསལ་གྱི་འཆར་སྒོ་ཡོངས་རྫོགས་བསྟན་ནའང་རིག་པའི་གསང་གནད་གང་ལ་ཐུག་པ་ཟུར་ཙམ་ལས་རྒྱས་པར་མ་བསྟན། གསང་བ་རིག་པ་གཅེར་མཐོང་གིས་རིག་གདངས་འོད་གསལ་འཆར་བའི་གསང་གནད་ཡོངས་རྫོགས་དང་། འོད་གསལ་གྱི་སྣང་བ་མངོན་སུམ་རྗེན་ཅེར་དུ་མཐོང་བར་བསྟན་ནའང་མཐར་འོད་གསལ་གྱི་སྣང་བ་འཐར་ཕྱིན་ནས་ཟད་པའི་སར་སྐྱེལ་ཚུལ་མ་བསྟན། ཡང་གསང་གནས་ལུགས་ཕུགས་ཆོད་ཀྱིས་ནང་ཉམས་རྟོགས་དང་ཕྱི་སྣང་བ་མཐར་ཕྱིན་ནས་ཐ་མ་གྲོལ་གཞིའི་སར་ཇི་ལྟར་ཐིམ་ཚུལ་སོགས་རྒྱས་པར་བསྟན་པ་ཡིན་ནོ། །

/

………..འོ་ན་ཞང་ཞུང་སྙན་རྒྱུད་ལས་ཐོད་རྒལ་དང་ཁྲེགས་ཆོད་གཉིས་མ་བསྟན་པ་ཡིན་ནམ་སྙམ་ན། དེ་ཉིད་ལས་ཐོག་རྒལ་དང་ཁྲེགས་ཆོད་གཉིས་ཀྱི་ཐ་སྙད་དངོས་སུ་སྨོས་མེད་ནའང་དོན་དུ་དེ་གཉིས་བསྟན་པ་ཡིན་ཏེ། ཁྲེགས་ཆོད་ཀྱི་དོད་དུ་ངོ་བོ་ཉིད་ཀྱི་རིག་པ་དང་། ཐོད་རྒལ་གྱི་དོད་དུ་ལྷག་མཐོང་གི་རིག་པ་ཞེས་མཚན་གསོལ་ནས་བསྟན་པ་ཡིན་ནོ། །དེའི་རྒྱུ་མཚན་ནི། ཁྲེགས་ཆོད་དང་ཐོད་རྒལ་གཉིས་ཀྱི་ཐ་སྙད་དེ་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་ལས་བྱུང་བ་ཡིན། ཞང་ཞུང་སྙན་རྒྱུད་ལྟར་ངོ་བོ་ཉིད་ཀྱི་རིག་པ་བསྟན་པའི་སྐབས་སུ་རང་རིག་པའི་ཡེ་ཤེས་ཀྱི་ངོ་སྤྲོད་དང་དེ་ཉམས་སུ་ལེན་ཚུལ་གསུང་ལ། དེ་བཞིན་ཡེ་ཁྲི་མཐའ་སེལ་ལྟར་ན་ཁྲེགས་ཆོད་འཆད་པའི་སྐབས་སུ་རིག་པའི་ངོ་སྤྲོད་རྒྱས་པར་བཤད་ནས་དེ་ཉམས་སུ་ཇི་ལྟར་ལེན་ཚུལ་བསྟན་པས་དོན་དུ་དེ་གཉིས་དོན་གཅིག་ཏུ་འབབས་པ་དང་། སྙན་རྒྱུད་ལྟར་ན་ལྷག་མཐོང་གི་རིག་པ་འཆད་པའི་སྐབས་སུ་ཉི་མའི་ཟེར་སོགས་ཡུལ་གནད་དང་ལྟ་སྟངས་དབང་པོའི་གནད་ལ་བརྟེན་ནས་སྣང་བ་ལྔ་འཆར་ཚུལ་བཤད་ལ། ཡེ་ཁྲི་ལྟར་ན་སྒྲོན་བཞིའི་ཉམས་ལེན་ལ་བརྟེན་ནས་སྣང་གཞི་འཆར་ཚུལ་བསྟན་པས་དེ་གཉིས་ཕན་ཚུན་གོ་བསྡུར་བྱས་ན་དོན་གཅིག་ཏུ་འབབས་པ་ཡིན་ནོ།  །དེ་ལྟར་བཀའ་རྒྱུད་སྐོར་བཞི་ལ་སྡེ་ཚན་ཆེན་པོ་བཞི་ཡོད་པར་མཐུན་ནའང་སྡེ་ཚན་ངོས་བཟུང་ཚུལ་ལ་མི་འདྲ་འགའ་འདུག་ཀྱང་ད་ལན་འདིར་སྨན་རིའི་ཡོངས་འཛིན་ཐུ་བོ་སངས་རྒྱས་བསྟན་འཛིན་གྱི་དགོངས་པ་གཞིར་བཟུང་ཐོག། སྨན་རིའི་ཡོངས་འཛིན་ཆེན་མོ། མདོ་སྔགས་རྫོགས་གསུམ་གྱི་བརྒྱུད་པའི་མདོ་འཛིན། སྐྱབས་རྗེ་དཔོན་གསས་བླ་མ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་ཕྱག་ལེན་བསྟར་བ་སྨན་རིའི་ཤིང་པར་ལྟར་འགོད་པར་བྱའོ། །

/

………..དེ་ཡང་ཕྱི་ལྟ་བ་སྤྱི་གཅོད་ཀྱི་སྐོར་ནི། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་རིགས་དྲུག་རང་སྦྱོང་གི་གདམས་པ་དང་། སྐུ་ལྔ་རང་ཁྲིད། ཕྱི་ལྟ་བ་སྤྱི་གཅོད་ཀྱི་མན་ངག་ལེའུ་བཅུ་གཉིས་པ། རྒྱུད་བུ་ཆུང་བཅུ་གཉིས། རྒྱུད་བུ་ཆུང་བཅུ་གཉིས་ཀྱི་དོན་བསྟན་པ། འཕྲུལ་འཁོར་ལྡེ་མིག།མདོ་འགྲེལ་གསལ་བའི་སྒྲོན་མེ། སྤྱི་གཅོད་ཀྱི་མཉམ་བཞག་སྒོམ་པའི་ལག་ལེན། དགོངས་རྒྱུད་དགུའི་ཡིག་ཆུང་། རྗེ་ཏ་པི་ཧྲི་ཙའི་ལུང་བསྟན། ཞེ་ས་དགུ་ཕྲུག མཇལ་ཐེབས་བར་མ་བཅས་སོ། །གཉིས་པ་ནང་མན་ངག་དམར་ཁྲིད་ཀྱི་སྐོར་ནི། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་སྒྲོན་མ་དྲུག་གི་གདམས་པ་དང་། ཀུན་གཞིའི་ཞལ་ཤེས་གསལ་བའི་སྒྲོན་མ། བྱང་ཆུབ་སེམས་ཀྱི་གནད་དྲུག་ཅེས་བྱ་བའི་ལག་ལེན། ངོ་སྤྲོད་ཐིག་ལེ་དྲུག་པ། འཁོར་ལོ་བཞི་སྦྲག བྱ་བྲལ་རྗེས་མེད། སྤྲོས་བྲལ་རིག་པའི་རྩལ་དབང་བཅས་སོ། །གསང་བ་རིག་པ་གཅེར་མཐོང་ནི། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་མན་ངག་ལེའུ་བརྒྱད་པའོ། །ཡང་གསང་གནས་ལུགས་ཕུགས་ཆོད་ཀྱི་སྐོར་ནི། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་གཟེར་བུ་ཉི་ཤུ་རྩ་གཅིག་གི་གཞུང་དང་། འོད་གསལ་སེམས་ཀྱི་མེ་ལོང་། རྟགས་ཚད་གསལ་སྒྲོན། རྟགས་ཚད་གསལ་སྒྲོན་ཆུང་བ། རྩ་རླུང་གི་མན་ངག་བཅས་སོ། །འདི་རྣམས་བཀའ་དང་བཀའ་བརྟེན་གཉིས་ཀྱི་ནང་ནས་བཀའ་ཡི་སྐོར་ཡིན། ཡིན་ནའང་ཀུན་མཁྱེན་ཉི་མའི་བཀའ་བརྟེན་འགྱུར་དཀར་ཆག་ལྟར་ན། རིགས་དྲུག་རང་སྦྱོང་གི་གདམས་པ་དང་། ཏ་པི་ཧྲི་ཙའི་ལུང་བསྟན། ཞེ་ས་དགུ་ཕྲུག ཀུན་གཞིའི་ཞལ་ཤེས་གསལ་བའི་སྒྲོན་མ། སྤྲོས་བྲལ་རིག་པའི་རྩལ་དབང་། འོད་གསལ་སེམས་ཀྱི་མེ་ལོང་། རྩ་རླུང་གི་མན་ངག་རྣམས་བཀའ་རུ་རྩིས་མེད། འོན་ཀྱང་ཡབ་སྲས་མཇལ་ཚུལ་དང་། མཇལ་ཐེབ་བར་མ། བྱ་བྲལ་རྗེས་མེད་བཅས་བཀའ་རུ་རྩིས་འདུག འདི་རྣམས་བཀའ་ཡིན་ན་གོང་སྨོས་ཏ་པི་ཧྲི་ཙའི་ལུང་བསྟན་སོགས་བཀའ་རུ་རྩིས་ན་ཆོག་ཏེ། ཡབ་སྲས་མཇལ་ཚུལ་དང་ཏ་པི་ཧྲི་ཙའི་ལུང་བསྟན་གཉིས་རྒྱས་བསྡུས་ཙམ་མ་གཏོགས་ཏ་པི་ཧྲི་ཙ་དང་སྣང་བཞེར་ལོད་པོ་གཉིས་མཇལ་ཚུལ་ཡིན་ལ། དེ་བཞིན་བྱ་བྲལ་རྗེས་མེད་དང་འོད་གསལ་སེམས་ཀྱི་མེ་ལོང་གཉིས་ལ་དཔྱད་ན་ཁོང་བླ་སློབ་རྣམ་གཉིས་བར་དྲི་བ་དང་དྲིས་ལན་ལྟ་བུ་ཡིན་པས་དེ་དག་བཀའ་ཡིན་མིན་ལ་ཁྱད་པར་གང་ཡང་མི་འདུག་སྙམ།

/

………..ད་དུང་སྨན་རིའི་ཤིང་པར་ནང་ལ་སྤྲོས་བྲལ་རིག་པའི་རྩལ་དབང་དང་ངོ་སྤྲོད་ཐིག་ལེ་དྲུག་པ་གཉིས་ཡོད་ཚོད་མི་འདུག རྗེས་སུ་སྤྱི་ལོ་ཉིས་སྟོང་གཉིས་ལོར་རྨ་རྩ་རིན་ཆེན་རྒྱལ་མཚན་གྱིས་སྦྱིན་བདག་གནང་ནས་བཀའ་རྒྱུད་སྐོར་བཞི་དང་ཉམས་རྒྱུད་རྒྱས་འབྲིང་རྣམས་འཕྲུལ་དཔར་སྤུས་ལེགས་བགྱིས་སྐབས་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་དེར་བཙུད་གནང་ཡོད། གང་ལྟར་ཡང་ཡབ་སྲས་མཇལ་ཚུལ་དང་། མཇལ་ཐེབ་བར་མ། བྱ་བྲལ་རྗེས་མེད་བཅས་ཀུན་མཁྱེན་ཉི་མས་བཀའ་རུ་རྩིས་འདུག་པས་དེའི་རྒྱུ་མཚན་བྱས་ནས་དེ་དང་ཆ་མཐུན་ཡོད་པ་རྣམས་འདིར་གནས་སྐབས་བཀའ་རུ་རྩིས་ཡོད་ཀྱང་ད་དུང་དཔྱད་དགོས་པ་མང་ངོ་། །དེ་དག་གི་དགོངས་འགྲེལ་བཀའ་བརྟེན་གྱི་སྐོར་སྨན་རིའི་ཤིང་པར་དུ་བཀོད་པ་ནི། སྤ་བསྟན་རྒྱལ་བཟང་པོས་མཛད་པའི་རྗོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར་དང་། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས། འདིའི་མཛད་པོ་སུ་ཡིན་གཞུང་དུ་མ་གསལ་ཡང་ཆོས་རྒྱལ་ནམ་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས། དེའི་མཛད་པ་པོ་ནི་གྱེར་སྤུངས་སྣང་བཞེར་ལོད་པོ་(དུས་རབས་7)ཡིན་ལ་ཞེས་གསུངས་འདུག ཨུ་རི་བསོད་རྒྱལ་གྱིས་མཛད་པའི་སྒྲོན་མའི་འགྲེལ་བ་ཉི་འོད་རྒྱན་དང་། བྲུ་རྒྱལ་བས་མཛད་པའི་སྒྲོན་མ་དྲུག་གི་དགོངས་དོན་འགྲེལ་པ། ཞང་ཞུང་སྣང་བཞེར་ལོད་པོས་མཛད་པའི་གཟེར་བུ་ཉེར་གཅིག་གི་འགྲེལ་པ། དཔོན་རྒྱལ་བཙན་པོ་ནས་བླ་མ་རྣམས་ཀྱི་རིམ་པས་མཛད་པའི་འཕྲུལ་འཁོར་ཞལ་ཤེས་མན་ངག་བཅས་སོ། །ཉམས་རྒྱུད་ཀྱི་སྐོར་ནི། རྒྱས་པ་སྐྱ་རུ་དང་སྨུག་རུ། འབྲིང་པོ་སོར་བཞག བསྡུས་པ་འཐོར་བུའི་སྐོར་བཅས་སོ། །ད་དུང་བྲུ་རྒྱལ་བས་མཛད་པའི་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་ཀྱི་སྐོར་ནི། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་ལོ་རྒྱུས་རྣམ་ཐར་དང་བཅས་པ་དང་། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་སྔོན་འགྲོའི་གསོལ་འདེབས་ཚིག་བཤད། སྔོན་འགྲོ་བོན་སྤྱོད་དགུ་རིམ། ཟབ་མོ་གནད་ཀྱི་གདམས་པ་དངོས་གཞི། གཞི་རང་ངོ་སྤྲོད་པ་གཅེར་མཐོང་ལྟ་བའི་ཁྲིད། ལམ་ཉམས་སུ་བླང་པ་འོད་གསལ་སྒོམ་པའི་ཁྲིད། རྐྱེན་ལམ་དུ་སློང་པ་རྩལ་སྦྱོང་སྤྱོད་པའི་ཁྲིད། འབྲས་བུ་རང་ས་བཟུང་བ་སྐུ་གསུམ་དམར་ཐག་གཅད་པའི་ཁྲིད་བཅས་སོ། ད་དུང་དེའི་མཉམ་དུ་མཛད་པ་པོ་མ་གསལ་ཡང་འོད་གསལ་གྱི་དམིགས་པ་དང་གག་སེལ་གྱི་སྐོར་དང་། སྙན་རྒྱུད་གགས་སེལ་འཁྲུལ་འཁོར་གྱི་རིམ་པ། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་གཅིག་རྒྱུད་འོད་གསལ་བདུན་སྐོར། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་རྩ་རླུང་འཕྲུལ་འཁོར་འོད་གསལ་བཅས་སོ། །དེ་ལྟར་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང་ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་སོགས་ཇི་རྙེད་ཅིག་བཞུགས་པ་རྣམས་ཀྱི་ལོ་རྒྱུས་དང་བརྒྱུད་རིམ་བླ་མ་ཇི་ལྟར་བྱུང་ཚུལ་སོགས་འོག་ནས་འཆད་པར་འགྱུར་ལ།

/

…………འདིར་གསང་གསུམ་བོན་གྱི་མཛོད་འཛིན། མདོ་སྔགས་རྫོགས་གསུམ་གྱི་བརྒྱུད་པའི་མདོ་འཛིན། སྙིགས་དུས་ཀྱི་བསྟན་པའི་སྒྲོན་མེ། ངེས་པ་དོན་གྱི་རྟོགས་ལྡན། རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཆེན་མོ་སྐྱབས་རྗེ་རྩ་བའི་བླ་མ། དོན་གྱི་སླད་དུ་གསང་བའི་མཚན་ནས་སྨོས་ན་ཀུན་འགྲུབ་རྒྱལ་སྲས་རིན་པོ་ཆེའི་ཕྱག་ལེན་ཁྲིད་རྒྱུན་དང་ལུང་རྒྱུན་ཇི་ལྟར་སྤེལ་ཚུལ་མདོར་བསྡུས་ཤིག་ཞུས་ན། སྤྱི་ལོ་༡༩༩༤ལོར་དཔྱིད་ཀར་རིན་པོ་ཆེ་ནས་ང་ཚོ་ལ་ཕྱི་དྲོའི་ཆུ་ཚོད་བཞི་ནས་ལྔ་བར་ཉིན་རྟག་པར་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་གོང་བཤད་ལྟར་རྣམ་ཐར་ནས་བཟུང་སྔོན་འགྲོ་དང་དངོས་གཞི་ཆ་ཚང་མ་ཞལ་ཁྲིད་རྒྱས་པར་མཛད། ཉིན་གུང་བཞེས་ལག་མཆོད་ཚར་ནས་ཆུ་ཚོད་ཕྱེད་ཙམ་རིང་རིན་པོ་ཆེས་ལུང་གསུང་གི་འདུག དེ་དུས་ཉམས་རྒྱུད་སྐྱ་སྨུག་གཉིས་དང་འབྲིང་པོ་སོར་བཞག་བཅས་ལུང་གསུང་སོང་། སྐབས་དེ་དུས་ཁྲི་བརྟན་ནོར་བུ་རྩེར་བླ་གྲྭ་ཉི་ཤུ་ལྷག་ཙམ་འདུག ནང་དགོང་གཉིས་ལ་ཆུ་ཚོད་རེར་མཁན་པོ་ཉི་མ་དབང་རྒྱལ་རིན་པོ་ཆེས་ཐུན་དཔོན་གནང་ནས་སྒོམ་རྒྱག་དགོས་འདུག དེའི་སྟོན་ཁར་མཚན་ཉིད་དང་སྒོམ་གྲྭ་གསར་དུ་བཙུགས། སྤྱི་ལོ་༡༩༩༦ལོར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་། དགེན་བསམ་དགའ། ང་ཚོའི་འཛིན་གྲྭ། དགེ་བཤེས་རྣམ་པ་བཅས་ལྷན་དུ་སྨན་རིའི་ཤིང་པར་ལྟར་རྗོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་དཔེ་ཁྲིད་དབུ་འཛུགས་གནང་། དེ་ཡང་བརྒྱུད་པའི་བླ་མའི་རྣམ་ཐར་དང་། རིགས་དྲུག་རང་སྦྱོང་། ཕྱི་ལྟ་བ་སྤྱི་གཅོད་མན་ངག་ལེའུ་བཅུ་གཉིས་པ། རྒྱུད་བུ་ཆུང་བཅུ་་གཉིས། རྒྱུད་བུ་ཆུང་བཅུ་གཉིས་ཀྱི་དོན་བསྟན། འཕྲུལ་འཁོར་ལྡེ་མིག མདོ་འགྲེལ་གསལ་བའི་སྒྲོན་མེ། མཉམ་བཞག་སྒོམ་པའི་ལག་ལེན། དགོངས་རྒྱུད་དགུའི་ཡིག་ཆུང་། ཏ་པི་ཧྲི་ཙའི་ལུང་བསྟན། ཞེ་ས་དགུ་ཕྲུག མཇལ་ཐེབས་བར་མ། བོན་མ་ནུབ་པའི་གཏན་ཚིགས་བཅས་ཞལ་ཁྲིད་རྒྱས་པར་གནང་། འདི་ཡན་ཕྱི་ལྟ་བ་སྤྱི་གཅོད་ཆ་ཚང་གྲུབ་ཟིན། མཚམས་དེར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དབུ་བཞུགས་ཐོག་རྒན་བསམ་དགའ་དང་། ང་ཚོའི་འཛིན་གྲྭ་དང་། དགེ་བཤེན་རྣམ་པ་བཅས་ལྷན་དུ་ཉིན་གཅིག་རིང་གཏོང་རག་གི་ཚུལ་དུ་བླ་མ་མགོན་པོ་དབྱེར་མེད་ཀྱི་ཚོགས་མཆོད་ཕུལ། ཚོགས་མཆོད་འབུལ་བྱེད་ཀྱི་འགྲོ་གྲོན་ང་ཚོ་ཐུན་མོང་ནས་བསྡུས། རིན་པོ་ཆེ་ནས་ཀྱང་གསོལ་རས་ཞལ་འདེབས་གྱ་ནོམ་པ་གནང་བྱུང་། ང་ཚོའི་འཛིན་གྲྭའི་ནང་ནས་བཤད་སྒྲུབ་རྒྱ་མཚོ་གཉེར་པ་དང་། ཁོ་བོ་དབུ་མཛད། འཕགས་མཆོག་སེམས་དཔའ་མཆོད་དཔོན་བྱེད་ཀྱིན་ཡོད། སྐབས་དེ་དུས་ཞོགས་པ་སྔ་མོར་རྟག་པར་ཆུ་ཚོད་གཅིག་དང་ཕྱེད་ཀར་སྒོམ་ལ་བརྩོན། ནམ་རྒྱུན་དཔེ་ཁྲིད་ཀྱི་དུས་ཚོད་སྔ་དྲོ་ཆུ་ཚོད་བརྒྱད་ནས་དགུ་བར་རེད། དབྱར་ཀ་ཟླ་བ་ཉིས་གསུམ་ཙམ་རིན་པོ་ཆེ་ཕྱི་རྒྱལ་ལ་ཕེབས་ཀྱི་རེད། དེའི་རིང་ང་ཚོས་ཞོགས་པ་དང་དཔེ་ཁྲིད་ཀྱི་དུས་ཚོད་གཉིས་ཀར་སྒོམ་རྒྱག་གི་ཡོད། དེ་ནས་མུ་མཐུད་རིན་པོ་ཆེ་ནས་སྒྲོན་མ་དྲུག་གི་གཞུང་ལུང་དང། ཨུ་རིའི་སྒྲོན་འགྲེལ་དང་ཀུན་གཞིའི་ཞལ་ཤེས་སྦྲག་མ་དཔེ་ཁྲིད་གནང་། བྲུ་རྒྱལ་སྒྲོན་འགྲེལ་ལུང་གསུངས་སོང་། བྱང་ཆུབ་སེམས་ཀྱི་གནད་དྲུག འཁོར་ལོ་བཞི་སྦྲག བྱ་བྲལ་རྗེས་མེད་བཅས་ཁྲིད་ཀ་གནང་། འདི་ཡན་ནང་མན་ངག་དམར་ཁྲིད་ཀྱི་སྐོར་ཡིན། མཚམས་དེར་གོང་ལྟར་བླ་མ་མགོན་པོ་དབྱེར་མེད་ཀྱི་ཚོགས་མཆོད་རྒྱས་འབུལ་བྱས།  དེ་ནས་གསང་བ་རིག་པ་གཅེར་མཐོང་མན་ངག་ལེའུ་བརྒྱད་པའི་ཁྲིད་ཀ་ཚར་ནས་གོང་ལྟར་གཏོང་རག་གི་ཚོགས་འཁོར་ཕུལ། དེ་ནས་གཟེར་བུ་ཉེར་གཅིག་གི་གཞུང་ལུང་དང། དེའི་འགྲེལ་བ་དང་། འོད་གསལ་སེམས་ཀྱི་མེ་ལོང་། རྟགས་ཚད་གསལ་སྒྲོན་ཆེ་ཆུང་གཉིས། རྩ་རླུང་གི་མན་ངག འཕྲུལ་འཁོར་ཞལ་ཤེས་བཅས་ཞལ་ཁྲིད་རྒྱས་པར་གནང་། མཐར་རྒྱལ་སྨན་གཉིས་རྗེས་གནང་མཛད། གོང་ལྟར་བླ་མ་མགོན་པོ་དབྱེར་མེད་ཀྱི་ཚོགས་འཁོར་རྒྱས་པར་ཕུལ། དེ་རྗེས་སུ་སྒྲུབ་གྲྭ་བ་ལ་རིན་པོ་ཆེས་འབྲིང་པོ་སོར་བཞག་གི་དཔེ་ཁྲིད་རྒྱས་གནང་མཛད། སྐབས་དེ་དུས་ཀྱང་ང་ཚོའི་འཛིན་གྲྭ་ཁོང་རྣམ་པའི་མཉམ་དུ་དཔེ་ཁྲིད་ཚ་ཚང་ཉན་རྒྱུའི་སྐལ་བཟང་ཐོབ། །

/

………..རྗེས་སུ་༢༠༠༤ལོར་རིན་པོ་ཆེ་ལ་རྨ་རྩ་རིན་ཆེན་རྒྱལ་མཚན་གྱིས་བཀའ་རྒྱུད་སྐོར་བཞིའི་དཔེ་ཁྲིད་གནང་བར་གསོལ་བ་བཏབ་པར་རིན་པོ་ཆེས་ཞལ་བཞེས་བསྩལ། སྐབས་དེར་རྒྱ་གར་བོན་གཞིས་ཌོ་ལན་ཇིའི་ནས་མི་དམངས་རྒན་གྲལ་མང་པོ་ཕེབས་པ་མ་ཟད། དེ་བཞིན་བལ་ཡུལ་རྒྱལ་སར་བཞུགས་པའི་བོན་པོའི་མི་དམངས་རྒན་གྲལ་དང་། གློ་དོལ་པོ་ནས་ཕེབས་པའི་བླ་མ་དང་། དགེ་བཤེས། སྔགས་པ་བཅས་མང་པོ་ཕེབས་སོང་། ད་དུང་ཁྲི་བརྟན་ནོར་བུ་རྩེའི་བླ་མ་དང་། དགེ་བཤེས། སྒྲུབ་གྲྭ་བ། མཚན་ཉིད་པ་ཕར་ཕྱིན་འཛིན་གྲྭ་ཡན་ཚང་མ་མཉམ་དུ་ཤིན་ཏུ་དཀོན་པའི་དཔེ་ཁྲིད་ཀྱི་གོ་སྐབས་བཟང་པོ་ཞིག་ཐོབ། སྐབས་དེར་ཞང་ཞུང་སྙན་རྒྱུད་ཕྱི་ལྟ་བ་སྤྱི་གཅོད་ལེའུ་བཅུ་གཉིས་པ་དང་། རྒྱུད་བུ་ཆུང་བཅུ་གཉིས། མཉམ་བཞག་སྒོམ་པའི་ལག་ལེན། སྒྲོན་མ་དྲུག་གི་གཞུང་། མན་ངག་ལེའུ་བརྒྱད་པ། གཟེར་བུ་ཉེར་གཅིག་གི་འགྲེལ་བ་བཅས་དཔེ་ཁྲིད་གནང་སོང་། དཔེ་ཁྲིད་ཚར་ནས་སློབ་མ་ཚང་མ་མཉམ་དུ་གཏོང་རག་གི་ཚུལ་དུ་ཞང་ཞུང་མེ་རི་དབའ་བོ་གྱེད་ཕུར་གྱི་ཚོགས་མཆོད་རྒྱས་པར་ཕུལ། རྗེས་སུ་༢༠༡༣ལོར་རིན་པོ་ཆེ་ནས་ཡང་བསྐྱར་གྲྭ་ཚང་དང་། མི་སྐྱ་རྒན་གྲལ་མང་བ་ཞིག་དང་མཉམ་དུ་གོང་ལྟར་བཀའ་རྒྱུད་སྐོར་བཞི་ནས་གལ་གནད་ཆེ་བ་རྣམས་དཔེ་ཁྲིད་གནང་སོང། ༢༠༡༤ལོར་སྤྱི་ཟླ་དགུ་པའི་དཀྱིལ་ཙམ་ན་ཕ་རན་སི་གཤེན་བསྟན་དར་རྒྱས་གླིང་དུ་ཁོ་བོས་རིན་པོ་ཆེར་ཆེད་གཉེར་མཇལ་བཅར་ཞུས། རིན་པོ་ཆེ་ལ་ཉམས་རྒྱུད་འཐོར་བུའི་སྐོར་ལུང་གནང་བར་གསོལ་བ་བཏབ་པས་རིན་པོ་ཆེ་ནས་ཞལ་བཞེས་བསྩལ། ཨོ་སི་ཁྲུ་རིའི་ཡ་ཡེ་ཤེས་གསལ་གླིང་གི་མཁན་པོ་རྒན་སངས་རྒྱས་སྨོན་ལམ་དང་། རིན་པོ་ཆེའི་ཞབས་ཕྱི་བླ་མ་རྣམ་རྒྱལ་ཚུལ་ཁྲིམས། ཁོ་བོ་དང་གསུམ་ལྷན་དུ་རིན་པོ་ཆེ་ནས་བཀའ་རྒྱུད་སྐོར་བཞིའི་ནང་ཚན་ངོ་སྤྲོད་ཐིག་ལེ་དྲུག་པ་དཔེ་ཁྲིད་དང་། འཐོར་བུའི་སྐོར་ནས་དཀའ་གནད་རྣམས་འགྲེལ་བཤད་གནང་། གཞན་ཚང་མ་ལུང་བསྩལ་བས་སྐལ་བཟང་ཤིན་ཏུ་དཀོན་པ་ཞིག་ངེད་གསུམ་ལ་ཐོབ་བོ། །རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་དབང་བཞིའི་སྐོར་རིན་པོ་ཆེའི་ཕྱག་ལེན་ནི། ཡི་དམ་མེ་རི་དཔའ་བོ་གྱེར་ཕུར་གྱི་གཞུང་བསྲངས། དེའི་སྒོ་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་དབང་ཁྲིད་ཡེ་དབང་ཆེན་མོ་དང་། དེའི་ཆ་ལག་དབང་གི་ལག་ལེན་གསལ་བའི་སྒྲོན་མ་སོགས་ལེའུ་ཕྲན་དུ་མ་དང་། ཞང་ཞུང་མེ་རིའི་དབང་ཆོག་རྣམས་མཉམ་དུ་སྦྲག་ནས་གནང་སྲོག་འདུག། ཡེ་དབང་ཆེན་མོའི་ཡང་གསང་དབང་གི་ངོ་སྤྲོད་ཚར་ནས་སྤྲོས་བྲལ་རིག་པའི་རྩལ་དབང་དེ་ངོ་སྤྲོད་རྒྱས་པའི་ཚུལ་དུ་ཀློག་སྲོལ་འདུག སྐབས་འགར་ཡེ་དབང་ཆེན་མོའི་དབང་ཁྲིད་རྒྱས་པ་མ་ཅོག་ན་ཤར་རྫ་རིན་པོ་ཆེས་བསྒྲིགས་པའི་ཡེ་དབང་ཆེན་མོའི་དབང་ཁྲིད་བསྡུས་པ་ཞིག་འདུག་པ་དེ་ཡང་གནང་སྲོལ་འདུག ཁོ་བོས་ཀྱང་དེ་འདྲའི་ཞང་ཞུང་སྙན་རྒྱུད་ཀྱི་དབང་བཞི་ཆ་ཚང་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་སྔ་ཕྱི་སྔུན་རྒྱབ་ཚར་གསུམ་དང་། སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེའི་མདུན་ནས་ཚར་གཅིག་ཞུ་བའི་སྐལ་བཟང་ཐོབ་པས་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་དྲིན་ཅན་རྩ་བའི་བླ་མ་རྣམ་གཉིས་ལ་བཀའ་དྲིན་བླ་ན་མེད་པ་ཆེ་ཞེས་ཡང་ཡང་ཞུའོ།

/

………..དེ་ལྟར་རིན་པོ་ཆེ་ནས་ང་ཚོ་ལ་ལུང་རྒྱུན་དང་ཁྲིད་རྒྱུན་དབང་དང་བཅས་པ་གནང་བའི་ཞང་ཞུང་སྙན་རྒྱུད་སྐོར་གྱི་གདམས་ངག་རྣམས་ཀྱི་རྣམ་གྲངས་རག་རིམ་ཙམ་ཞུས་ཟིན། །གདམས་སྐོར་དེ་དག་གི་ལོ་རྒྱུས་བརྒྱུད་རིམ་ནི། རྒྱལ་བ་དགོངས་པའི་བརྒྱུད་པ་དང་། གྲུབ་ཐོབ་སྙན་ཁུངས་ཀྱི་བརྒྱུད་པ་གཉིས་སོ། དང་པོ་ནི། ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོས་ཐུགས་རྗེའི་སྟོན་པ་གཤེན་ལྷ་འོད་དཀར་ལ་བརྒྱུད། ཐུགས་རྗེའི་སྟོན་པས་སྤྲུལ་པའི་སྟོན་པ་གཤེན་རབ་མི་བོ་ལ་བརྒྱུད། སྤྲུལ་པའི་སྟོན་པས་ཅིར་ཡང་སྤྲུལ་པའི་སྟོན་པ་ཚད་མེད་འོད་ལྡན་ལ་བརྒྱུད། ཅིར་ཡང་སྤྲུལ་པའི་སྟོན་པས་འཕྲུལ་གཤེན་སྣང་ལྡན་ལ་བརྒྱུད། དེས་བར་སྣང་ཁུ་བྱུག་ལ་བརྒྱུད། དེས་བཟང་ཟ་རིང་བཙུན་ལ་བརྒྱུད། དེས་འཆི་མེད་གཙུག་ཕུད་ལ་བརྒྱུད། དེས་གསང་བ་འདུས་པ་ལ་བརྒྱུད། དེ་དག་དགོངས་རྒྱུད་དགུ་ཞེས་བརྗོད་དོ། །གཉིས་པ་གྲུབ་ཐོབ་སྙན་ཁུངས་ཀྱི་བརྒྱུད་པ་ལ་སྤྱིར་འདིའི་བརྒྱུད་རིམ་འཁྲུག་ཅན་དང་འཁྲུག་མེད་གཉིས་སོ། དང་པོ་འཁྲུག་ཅན་ལ་དྲོད་སྐྱེས་འཆི་མེད་གཙུག་ཕུད་ལས་བརྒྱུད་ཚུལ་དང་། སྒོང་སྐྱེས་ཡེ་གཤེན་གཙུད་ཕུད་ལས་བརྒྱུད་ཚུལ། རྫུས་སྐྱེས་གསང་བ་འདུས་པ་ལས་བརྒྱུད་ཚུལ་གསུམ་བྱུང་ངོ་། གཉིས་པ་འཁྲུག་མེད་མུ་ཆགས་སུ་བརྒྱུད་ཚུལ་ལ། མངལ་སྐྱེས་སྤྲུལ་པའི་སྟོན་པ་གཤེན་རབ་དེས། ལྷ་རབ་འོད་ཀྱི་སྲས་ཡོངས་སུ་དག་པ་ལ་བརྒྱུད། དེས་བྲམ་ཟེ་ལྷ་བྱིན་མཛེས་ཀྱི་སྲས་ཀླུ་བོན་བ་ནམ་ལ་བརྒྱུད། དེས་རྒྱལ་པོ་ཁྲི་ལྡེ་འོད་ཀྱི་སྲས་མི་བོན་ཁྲི་ལྡེ་ཟམ་བུ་ལ་བརྒྱུད། དེས་བ་ནམ་སྐྱོལ་པོ་ལ་བརྒྱུད། དེས་ཁྲི་ཤོ་རྒྱལ་བ་ལ་བརྒྱུད། དེས་ར་སངས་བསམ་འགྲུབ་ལ་བརྒྱུད། དེས་དར་མ་ཤེས་རབ་ལ་བརྒྱུད། དེས་དར་མ་འབོད་དེ་ལ་བརྒྱུད། དེས་ཞང་ཞུང་ཁྲི་འཕེན་ལ་བརྒྱུད། དེས་མུ་ཡེ་ལྷ་རྒྱུང་ལ་བརྒྱུད། དེས་རྨ་གཤེན་ལེགས་བཟང་ལ་བརྒྱུད། དེས་གྱེར་གཤེན་སྟག་ལ་ལ་བརྒྱུད། དེས་ར་སངས་གཡུང་དྲུང་གསས་ལ་བརྒྱུད། དེས་ར་སངས་གཡུང་འཕེན་ལ་བརྒྱུད། དེས་དགེ་འབར་དོན་འགྲུབ་ལ་བརྒྱུད། དེས་གྱེར་སྤུང་དགེ་འཕེན་ལ་བརྒྱུད། དེས་དེའི་སྲས་དགེ་རྒྱལ་ལ་བརྒྱུད། དེས་ཞང་ཞུང་རྣམ་རྒྱལ་ལ་བརྒྱུད། དེས་མུ་རྒྱུང་དཀར་པོ་ལ་བརྒྱུད། དེས་ཧོར་ཏི་ཆེན་པོ་ལ་བརྒྱུད། དེས་དོན་ཀུན་གྲུབ་པ་ལ་བརྒྱུད། དེས་ར་སངས་འཕེན་རྒྱལ་ལ་བརྒྱུད། དེས་གུ་རིབ་གསས་དགའ་ལ་བརྒྱུད། དེས་ཚེ་སྤུངས་ཟླ་བ་རྒྱལ་མཚན་ལ་བརྒྱུད་དོ། །དེ་ཡང་ཡོངས་སུ་དག་པ་ནས་ཟླ་བ་རྒྱལ་མཚན་ཡན་ལ་གང་ཟག་ཉི་ཤུ་རྩ་བཞི་ཞེས་བརྗོད། དེ་དག་གཅིག་རྗེས་གཉིས་མཐུད་དུ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བཞེངས་པ་ཤ་སྟག་ཡིན་ནོ། །ཚེ་སྤུངས་ཟླ་རྒྱལ་གྱི་སློབ་མ་རྗེ་ཏ་པི་ཧྲི་ཙ་ཡིན། དེའི་ལོ་རྒྱུས་ནི། གདུང་རུས་ར་སངས་ཡིན། ཡབ་ར་སངས་ཀླུ་རྒྱལ་དང་། ཡུམ་ཤེས་རིག་གསལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་ཡབ་ཀླུ་རྒྱལ་དང་། དཔོན་ཆེན་ར་སངས་གཉིས་ཀྱི་མདུན་ན་བོན་མང་དུ་ཞུས། རྗེས་སུ་ཚེ་སྤུངས་ཟླ་རྒྱལ་དང་མཇལ་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཡོངས་སུ་རྫོགས་པ་ཞུས། སྟག་ཐབས་སེང་གེའི་བྲག་ལ་དཀའ་བ་སྤྱད་ནས་སྒོམ་པས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་སོ། །དེ་ཡན་ཞང་ཞུང་སྙན་རྒྱུད་ནི་བླ་མ་གཅིག་གིས་གཅིག་ལ་སྙན་དུ་བརྒྱུད་པ་ལས་ཡིག་ཐོག་ལ་བཀོད་མེད་པར་གསུངས། རྗེ་ཏ་པི་ཧྲི་ཙས་ཡིག་ཐོག་ཏུ་ཕབས་པར་གསལ་སྟེ། སྣང་བཞེར་ལོད་པོས་མཛད་པའི་གཟེར་བུ་ཉེར་གཅིག་གི་འགྲེལ་བ་ལས། བདེར་གཤེགས་དགོངས་བརྒྱུད་དགུའི་བར་དུ་ཚིག་ཏུ་མ་གསུང༌། དགོངས་པ་ནས་དགོངས་པར་བརྒྱུད། གང་ཟག་ཉི་ཤུ་རྩ་བཞིའི་བར་ཏུ་ཡི་གེར་མ་བཏབ་པས། ཚིག་གི་སྙན་ནས་སྙན་དུ་བརྒྱུད། དུང་ཤོག་དཀར་ལ་གཡུ་རིས་སྔོན་པོར་བཏབ། ཅེས་པས། རྗེ་ཏ་པི་ཧྲི་ཙས་དུང་གི་ཤོག་གུ་ལ་གཡུའི་ཡི་གེར་བཏབ་པའོ། ཞེས་གསུངས་སོ། །དེའི་སློབ་མ་ཞང་ཞུང་སྣང་གཞེར་ལོད་པོ་ཡིན། དེའི་ལོ་རྒྱུས་ནི། གདུང་རུས་གུ་རིབ་ཡིན། ཡབ་གུ་རིབ་འབུམ་མེ་དང་། ཡུམ་འོར་བཟའ་སྒྲོན་ནེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་སྐབས་བོན་སྒོར་ཞུགས། དགུང་ལོ་ཞེ་བདུན་ལ་ཚེ་སྤུངས་ཟླ་བ་རྒྱལ་མཚན་དང་མཇལ། བླ་མ་ལ་རྒྱུ་ནོར་ལོངས་སྤྱོད་མང་པོ་ཕུལ། ངོ་སྤྲོད་ལྔའི་གདམས་པ་ཞུས། དཔོན་སློབ་གཉིས་ཡུལ་ད་རོག་གི་མཚོ་གླིང་གི་དོ་ལ་བཞུགས་ནས་ཉམས་ལེན་མཛད། རྗེས་སུ་ཏ་པི་ཧྲི་ཙ་དང་མཇལ་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང་ཉམས་རྒྱུད་དང་བཅས་པ་ཡོངས་རྫོགས་ཞུས། སྐབས་དེར་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞང་རྒྱལ་ལིག་མི་རྐྱ་སྐུ་བཀྲོངས་ནས་བོན་བསྣུབས་པས་སྣང་གཞེར་ལོད་པོས་རྒྱལ་པོ་ལ་གསེར་ཛྭ་རྒྱབ་ནས་རྒྱལ་པོ་སྙུང་གིས་ཟིན། དེ་དུས་ཁྲི་སྲོང་ལྡེའུ་བཙན་གྱིས་ཞང་ཞུང་སྙན་རྒྱུད་དང་མེ་རི་དང་གེ་ཁོད་སོགས་མི་བསྣུབ་པར་ཁས་བླངས་དམ་བཅའ་བྱས། སྣང་བཞེར་གྱིས་ཛྭ་ཕྱིར་ལྡོག་མཛད་པས་རྒྱལ་པོའི་སྙུང་གཞི་དངས། ཞང་ཞུང་སྣང་བཞེར་ལོད་པོའི་བོན་སྐོར་གཏེར་ལ་མ་སོང་བའི་གཏན་ཚིགས་དེ་ཡིན། སྣང་བཞེར་ལོད་པོས་ཕ་བ་རྒྱལ་གཟིགས་གསས་ཆུང་ལ་བསྟན། བླ་མ་འདི་ནི་བོད་རྒྱལ་ཁྲི་རལ་གྱི་སྐུ་གཤེན་ཡིན་པར་གསུང་པ་ཡོད་ཀྱང་དུས་རབས་ལ་གཞིགས་ནས་དཔྱད་པ་བྱེད་རྒྱུ། དེས་དམུ་ཙོག་གེ་ལ་བརྒྱུད། དེས་དམུ་ཙོ་སྟངས་ལ་བརྒྱུད། དེས་དམུ་ཤོ་ཁྲམ་ཆེན་པོ་ལ་བརྒྱུད། དེས་དམུ་རྒྱལ་བ་བློ་གྲོས་ལ་བརྒྱུད། དེས་དཔོན་ཆེན་བཙན་པོ་ལ་བསྟན། དེ་དུས་དུས་རབས་བཅུ་པའི་སྟོད་ཡིན། དཔོན་བཙན་པོ་ནས་བཀའ་ཉམས་གཉིས་སོ་སོར་གྱེས་ཏེ། དེ་ལ་སྟོད་བརྒྱུད་དང་སྨད་བརྒྱུད་ཅེས་ཟེར། སྨད་བརྒྱུད་ནི་ཉམས་རྒྱུད་ཁོ་ན་ཡིན། དེ་ནི་དཔོན་བཙན་པོས་ལྷུན་གྲུབ་མུ་ཐུར་ལ་བརྒྱུད། དེས་གཤེན་རྒྱལ་ལྷ་རྩེ་ལ་བརྒྱུད། དེས་ལྷ་སྒོམ་དཀར་པོ་ལ་བརྒྱུད། དེས་དངོས་གྲུབ་རྒྱལ་མཚན་ལ་བརྒྱུད། དེས་འོར་སྒོམ་ཀུན་འདུལ་ལ་བརྒྱུད། འདིའི་བར་ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་ནི། བློ་ཐོག་ནས་བརྒྱུད་པ་མ་གཏོགས་ཡིག་ཐོག་ལ་མེད་པར་བཤད། འོར་སྒོམ་གྱིས་ཞལ་ནས་བཏོན་ནས་ཡང་སྟོན་ཤེས་རབ་རྒྱལ་མཚན་དང་། ད་དུང་བྲིས་པ་གཞན་གསུམ་གྱིས་ཡི་གེ་བྲིས་པར་གསུངས་སོ། །སྟོད་རྒྱུད་ནི་བཀའ་རྒྱུད་སྐོར་བཞི་ཡིན་པས། དེ་ཡང་དཔོན་བཙན་པོས་གུ་གེ་ཤེས་རབ་བློ་ལྡན་ལ་བརྒྱུད། དེས་ཀུན་དགའ་རིང་མོ་ལ་བརྒྱུད། དེས་རྣལ་འབྱོར་གསས་མཆོག་ལ་བརྒྱུད། དེས་ཁྱུང་བྱིད་མུ་ཐུར་ལ་བརྒྱུད། དེས་རྩི་བདེ་བ་རིང་མོ་ལ་བརྒྱུད། དེས་རྟོག་མེད་ཞིག་པོ་ལ་བརྒྱུད། རྟོག་མེད་ཞིག་པོས་ཕྱི་བ་ལྟ་བ་སྤྱི་གཅོད་ལུང་སྒོམ་རྟོག་མེད་ལ་བསྟན། མན་ངག་དམར་ཁྲིད་སོགས་གཞན་གསུམ་ཡང་སྟོན་ཤེས་རབ་རྒྱལ་མཚན་ལ་བཤད། འོར་སྒོམ་ཀུན་འདུལ་གྱིས་ཉམས་རྒྱུད་ཡང་སྟོན་ལ་བརྒྱུད། འདི་ནས་བཟུང་བཀའ་ཉམས་གཉིས་བརྒྱུད་པ་གཅིག་ཏུ་འདུས་སོ། ལུང་སྒོམ་གྱིས་ཕྱི་ལྟ་བ་སྤྱི་གཅོད་ཡང་སྟོན་ལ་བཤད། ཡང་སྟོན་གྱིས་མན་ངག་དམར་ཁྲིད་སོགས་ལུང་སྒོམ་ལ་བརྒྱུད། དོན་ལ་ཕར་ཞུ་ཚུར་ཞུ་བྱས་སོ། །ཡང་སྟོན་ཤེས་རབ་རྒྱལ་མཚན་ནམ་སྤང་ལ་གནམ་གཤེན་ནས་ལྷོ་རྒྱུད་དང་བྱང་རྒྱུད་གཉིས་སུ་གྱེས་སོ། །

/

………..བྱང་བརྒྱུད་ནི། ལུང་སྒོམ་གྱིས་འཁྲུལ་མེད་ཞིག་པོ་ལ་བརྒྱུད། དེས་རི་པ་ཤེར་ཚུལ་ལ་བརྒྱུད། དེས་ཨུ་རི་བསོད་རྒྱལ་ལ་བརྒྱུད། དེས་བསོད་ནམས་ཡེ་ཤེས་ལ་བརྒྱུད། དེས་རྒྱ་སྟོན་ཡེ་ཤེས་རིན་ཆེན་ལ་བརྒྱུད། དེས་བྱ་བཏང་མཆེད་གཉིས་ལ་བརྒྱུད། གཅུང་པོ་ཚུལ་ཁྲིམས་རྒྱལ་མཚན་དང་གཅེས་པོ་ཚུལ་ཁྲིམས་བཟང་པོའོ། དེས་གླན་སྟོན་བསོད་རྒྱལ་ལ་བརྒྱུད་དོ། །ལྷོ་རྒྱུད་ནི། ཡང་སྟོན་གྱིས་དམ་པ་འབུམ་རྗེ་འོད་ལ་བརྒྱུད། དེས་བཀྲ་ཤིས་རྒྱལ་མཚན་ལ་བརྒྱུད། དེས་རྟོགས་ལྡན་དབང་པོ་ལ་བརྒྱུད། དེས་རྒྱལ་མཚན་རིན་ཆེན་ལ་བརྒྱུད། དེས་རྟོགས་ལྡན་དད་ཤེས་ལ་བརྒྱུད། དེས་བྲུ་རྒྱལ་བ་ལ་བརྒྱུད། དེས་རི་པ་ཤེར་བློ་དང་ཨ་ཐོག་ཡེ་རིན་གཉིས་ལ་བརྒྱུད། ཤེར་བློས་རང་གྲོལ་བླ་མ་རྒྱལ་མཚན་ལ་བརྒྱུད། ཨ་ཐོག་གིས་ཀར་ཙ་བསོད་ནམས་བློ་གྲོས་ལ་བརྒྱུད། དེས་སྤ་བསྟན་རྒྱལ་བཟང་པོ་དང་སློབ་དཔོན་ཁྲོ་བོ་རྒྱལ་མཚན་གཉིས་ལ་བརྒྱུད། དེ་གཉིས་ཀྱིས་ཤར་པ་དྲང་སྲོང་ཚུལ་ཁྲིམས་དཔལ་བཟང་ལ་བརྒྱུད། དེས་བྱ་བྲལ་ཤེས་རབ་འོད་ཟེར་ལ་བརྒྱུད། དེས་རྟོགས་ལྡན་ཤེས་རབ་རྒྱ་མཚོ་ལ་བརྒྱུད། དེས་སྒོ་ཛུང་བློ་གྲོས་རྒྱལ་མཚན་ལ་བརྒྱུད། དེས་སློབ་དཔོན་བསྟན་པ་འོད་ཟེར་ལ་བརྒྱུད། དེས་བྱ་དུར་ཉི་མ་འོད་ཟེར་ལ་བརྒྱུད། དེས་འཁྲུལ་ཞིག་གཡུང་དྲུང་ཚུལ་ཁྲིམས་ལ་བརྒྱུད། དེས་ལྡོང་སྒོམ་བསྟན་པ་ལྷུན་གྲུབ་ལ་བརྒྱུད་དོ། བརྒྱུད་ཚུལ་མི་འདྲ་བ་དུ་མ་འདུག་ཀྱང་འདི་ཡན་སྤ་བསྟན་རྒྱལ་བཟང་པོས་མཛད་པའི་སྙན་རྒྱུད་བླ་མ་བརྒྱུད་པའི་རྣམ་ཐར་སྨན་རིའི་ཤིང་པར་ལྟར་བསྡུས་ཏེ་བྲིས་སོ། །ལྡོང་སྒོམ་ནས་བླ་མ་གང་ལ་བརྒྱུད་པའི་ཚུལ་བཤད་པ་འགའ་འདུག་ཀྱང་ངེས་བརྟན་ཕེར་བ་མ་རྙེད་པས་རེ་ཞིག་མ་བྲིས་སོ། །བརྒྱུད་ཚུལ་གཞན་ཞིག་ནི། ཡོངས་འཛིན་སངས་རྒྱས་བསྟན་འཛིན་གྱི་རྣམ་ཐར་ལས། ཁྱད་པར་དུ་བླ་མེད་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་གཅིག་བརྒྱུད་གཡེར་པོ་ཆེ་ནི་ཨ་ཐོག་ཡེ་ཤེས་རིན་ཆེན་ནས་བྲུ་རྣམ་རྒྱལ་ཀ་ར། དེས་མཁས་གྲུབ་རིན་ཆེན་བློ་གྲོས། དེས་མཉམ་མེད་ཤེས་རབ་རྒྱལ་མཚན་ནས་རིམ་བཞིན་བརྒྱུད་དེ་སྒོ་སྟོན་སྐམ་ཞིག་མཁས་གྲུབ་ཉི་མ་བསྟན་འཛིན། དེས་ཁྱུང་ཡུལ་གྲུབ་ཆེན་མེ་སྟོན་ཉི་མ་རྒྱལ་མཚན། དེས་གྲུབ་དབང་སྨོན་ལམ་རྒྱལ་མཚན། དེས་འབྲུ་སྒོམ་ཚུལ་ཁྲིམས་ཡེ་ཤེས་དབང་གི་རྒྱལ་པོ། དེས་སྐྱབས་རྗེ་དམ་པ་༼སངས་རྒྱས་བསྟན་འཛིན་༽ལ་ནོད་པ་ཡིན་གསུངས། ཡང་བརྒྱུད་ཁ་གཅིག་ལ་མཁན་ཆེན་ཉི་མ་བསྟན་འཛིན་ནས། མཁན་ཆེན་བསོད་ནམས་ཕུན་ཚོགས། དེས་འགྲོ་མགོན་ཤེས་རབ་གཡུང་དྲུང་། དེས་ཚབ་ཤི་འགྲོ་མགོན་ཉི་མ་གྲགས་པ། དེས་མཁན་ཆེན་བསྟན་པ་བློ་གྲོས། དེས་ངོས་ཀྱི་བླ་མ་ཡོངས་འཛིན་༼སངས་རྒྱས་བསྟན་འཛིན་༽རིན་པོ་ཆེ་ལ་ནོད་པ་ཡིན་གསུངས། ཡང་བརྒྱུད་ཁག་གཅིག་ལ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་། ཉག་གཏེར་གསང་སྔགས་གླིང་པ། དེས་སྤ་སྟོན་བསྟན་པ་འབྲུག་གྲགས། དེས་ཡོངས་འཛིན་༼སངས་རྒྱས་བསྟན་འཛིན་༽རིན་པོ་ཆེ་ལ་ནོད་པ་ཡིན་གསུངས། ཞེས་གསུངས་སོ། ཡོངས་འཛིན་སློབ་དཔོན་སངས་རྒྱས་བསྟན་འཛིན་གྱིས་ངེས་པ་དོན་གྱི་མངའ་བདག །གཡུང་དྲུང་བོན་གྱི་བསྟན་པ་ཡོད་དོ་ཅོག་གི་བདག་གིར་མཛད་པ། བདག་གི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ། སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ལ་བུམ་པ་གང་བྱོའི་ཚུལ་དུ་གནང་། རིན་པོ་ཆེས་ཀྱང་ཚིག་ཐོས་ལོ་ཙམ་མ་ཡིན་པར་དང་པོར་ཐོས་པ་ཚུལ་བཞིན་སྦྱངས། བར་དུ་བསམ་པས་སྒྲོ་འདོགས་ལེགས་པར་བཅད། ཐ་མར་སྒོམ་པ་ཉམས་ལེན་ལ་བརྩོན་ནས་སྒོམ་དོན་མངོན་དུ་གྱུར་ནས་ཚིག་དོན་མ་ལུས་པ་ལ་མངའ་བརྙེས་པར་མཛད་དོ། །ལྟ་བ་མཐའ་བྲལ་སྣང་གསལ་ནམ་མཁའི་ཀློང་། སྒོམ་པ་སྤྲོས་བྲལ་འོད་གསལ་ཁྲི་གདུགས་རྒྱས། སྤྱོད་པ་ཆགས་བྲལ་པདྨའི་དྲི་བསུང་འཐུལ། འབྲས་བུ་རེ་བྲལ་དགོས་འདོད་ནོར་བུའི་མཛོད། ཀུན་འགྲུབ་རྒྱལ་སྲས་བརྒྱུད་གསུམ་མདོ་འཛིན་གཤེན། ཟབ་དོན་ཡེ་རིག་དགོངས་པའི་གཏེར། ཟབ་མོའི་རྒྱུད་སྡེ་རྒྱ་མཚོའི་མཛོད། ཟབ་གསལ་དགོངས་འགྲེལ་ཡིད་བཞིན་ནོར། ཟབ་ཅིང་རྒྱ་ཆེའི་བདག་ཉིད་པ། བཤེས་གཉེན་དཔོན་གསས་བླ་མར་བསྟོད། །ཅེས་སྨྲས་སོ། །ཞེས་པ་འདི་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་གྱིས་འཚོ་བའི་སྒོམ་གྲྭའི་མཁན་མིང་འཛིན་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་རྩ་བའི་བླ་མའི་གདན་ས་གསུམ་པ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་སྤྱི་ལོ་༢༠༢༠ཟླ་བ་༡༡ཚེས་༡༩རིན་པོ་ཆེའི་བླ་གཟའ་ཉི་མའི་རིགས་སྐྱེས་ཉིན་མཇུག་རྫོགས་པར་བྲིས།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *