སྣང་རྒྱལ་ཤེས་རབ་བསམ་འཕེལ་གྱི་དཔེ་དེབ་གསར་པ་གསུམ།

རྩོམ་ཡིག་འདི་ཐེངས། 353898 བཀླགས་འདུག

unnamed (4)སྣང་རྒྱལ་ཤེས་རབ་བསམ་འཕེལ་གྱི་དཔེ་དེབ་གསར་པ་གསུམ་སྟེ། དང་པོ། ༼རྟེན་འབྲེལ་དང་གང་ཟག་ཉི་ཤུ་ཚད་མ་ཀུན་བཏུས་བཅས་ཀྱི་གལ་གནད་གསལ་བྱེད་སྒྲོན་མེ་༽ དང་། གཉིས་པ་ ༼དཔྱད་གཏམ་ལུང་རིག་ཉི་ཟེར་༽ དཔེ་དེབ་གསུམ་པ་ ༼སེམས་ཀྱི་རོལ་པ་༽བཅས་རྒྱལ་གཤེན་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་ལེགས་པར་གྲུབ་པའི་གནས་ཚུལ།

/

150723434_248924203354180_7223457934748551194_n150865964_754340595475061_2593858881241140624_n/////

/

དཔེ་སྐྲུན་གསལ་བཤད།

…..

         IMG_0217འཛམ་གླིང་གོ་ལ་ཧྲིལ་པོའི་གཙུག་གི་རྒྱན་དུ་འབར་བའི་བོད་ཀྱི་ཤེས་བྱ་རིག་པའི་གནས་ཐམས་ཅད་འབྱུང་བའི་ཕ་གཞིས་དག་མའམ་ཞང་བོད་ཀྱི་ཡུལ་གྲུ་ཆེན་མོ་དེར། འདི་ནས་ཡར་བརྩིས་པའི་མྱི་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་དུ་བསམ་བཞིན་རླབས་ཆེན་ཚད་མའི་སྐྱེས་བུ་ཆེན་པོ་ཞིག་འཁྲུངས་ཤིང་ཁོང་གི་མཚན་ལ་སྟོན་པ་གཤེན་རབ་མྱི་བོ་ཆེ་ཞུ། ཚད་མའི་སྐྱེས་བུ་ཆེན་པོ་ཁོང་གིས་འོ་སྐོལ་འགྲོ་བ་མིའི་བསམ་བློས་ཐེག་ཚོད་ལ་ལྟོས་པའི་ཐེག་པ་རིམ་དགུ་དང་ཕྱི་ནང་གསང་གསུམ། སྒོ་བཞི་མཛོད་ལྔ་སོགས་བོན་སྒོ་སྣ་ཚོགས་པ་ཞིག་གསུངས་ཤིང་མཛད་འཕྲིན་རྒྱ་ཆེར་བསྐྱངས། ཕྱིས་སུ་སྟོན་པ་གཤེན་རབ་མྱི་བོ་ཆེ་སྐུ་མི་རྟག་མྱ་ངན་ལས་འདས་རྗེས་སུ་ཁོང་གི་སློབ་མ་གདུང་སོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་སོགས་བཀའ་བསྡུ་བཅུ་གསུམ་བྱོན་ནས་བཀའ་བསྡུ་ཐེངས་གཉིས་པ་མཛད། བཀའ་བསྡུ་དང་པོའི་སྐབས་སུ་སྟོན་པ་སངས་རྒྱས་ཀྱི་སྐུ་ཚེའི་སྟོད་དུ་གསུངས་པའི་བོན་སྡེ་རྣམས་བསྟན་པའི་སྦྱིན་བདག་ཆེན་མོ་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་ཡོན་སྦྱར་ནས་སྒོ་བཞི་མཛོད་༼ཆབ་དཀར་དྲག་པོ་སྔགས་ཀྱི་བོན། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན། དཔོན་གསས་མན་ངག་ལུང་གི་བོན། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན།༽ལྔ་ཡི་ཁོངས་སུ་བསྡུས་ནས་གསས་ཁང་ཆེན་པོ་དཀར་ནག་བཀྲ་གསལ་༼བོན་གྱི་དཔེ་མཛོད་ཁང་ཆེན་པོ་ཞིག་༽དུ་བསྟན་པ་རྗེས་བཞག་མཛད་ཡོད་ནའང་། ཕྱིས་སུ་གདུང་སོབ་ཆེན་པོ་སོགས་ཀྱིས་སྟོན་པ་སངས་རྒྱས་ཀྱིས་ཐོག་མཐའ་བར་གསུམ་དུ་མཛད་པའི་བོན་སྡེ་མཐའ་དག་སྡེ་ཚན་ཆེན་པོ་བཞི་ཡི་ཁོངས་སུ་བསྡུ་བར་མཛད། སྡེ་ཚན་ཆེན་པོ་བཞི་ནི། མདོ་ཡི་སྡེ་དང་། འབུམ་གྱི་སྡེ། རྒྱུད་ཀྱི་སྡེ། མཛོད་ཀྱི་སྡེ་བཅས་ཡིན། ད་ལྟའང་གཡུང་དྲུང་བོན་གྱི་ཡིག་ཚང་དུ་རྒྱལ་བའི་བཀའ་རིན་པོ་ཆེ་པོད་གྲངས་ཉིས་བརྒྱ་ལ་ཉེ་བ་ཙམ་སྡེ་ཚན་ཆེན་པོ་འདི་བཞིའི་ཁོངས་སུ་བསྡུས་ནས་བཞུགས་ཡོད། དེ་འབྲེལ་གྱི་བཀའ་བརྟེན་ཡང་རྒྱལ་བའི་གདུང་སོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་མཆོག་ལ་སྟོན་པ་སངས་རྒྱས་ཀྱི་བཀའ་ཡིས་བསྐུལ་མ་མཛད་པ་བཞིན་༼སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡིས་བརྟེན་༽གསུངས་པ་ལྟར་ཐོག་མར་སྟོན་པའི་བཀའ་ལ་གདུང་སོབ་མུ་ཆོ་ལྡེམ་དྲུག་གིས་འགྲེལ་བ་བཏབ་ཅིང་གཡུང་དྲུང་བོན་གྱི་གསུང་གི་༼B.C.6016༽བསྟན་པའི་དབུ་ཡང་དེ་ནས་བརྙེས་པ་ཡིན།

་་་་་་་་་་་་IMG_9831དེ་ནས་བཟུང་རིམ་གྱིས་བོན་གྱི་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཆེན་པོ་སྟེ་མདོ་སྔགས་སེམས་གསུམ་གཙོ་བོར་གྱུར་བའི་ཐུན་མོང་རིག་གནས་དང་བཅས་ལ་སྦྱངས་པ་མཐར་ཕྱིན་མཛད་པའི་མཁས་པའི་ནང་གི་མཁས་པ་སྟེ་བླ་ཆེན་པོ་དྲན་པ་ནམ་མཁའ་༼B.C.914༽དང་། བླ་མ་སྙ་ཆེན་པོ་༼B.C.1751༽ལི་ཤུ་སྟག་རིང་། དེ་བཞིན་མཁས་པ་མི་བཞི་ལ་སོགས་གཞན་དྲིང་མི་འཇོག་པའི་མཁས་པ་སྟག་སེང་དར་མའི་ཁྱུ་ཚོགས་ལྟ་བུ་རིམ་གྱིས་བྱོན་ནས་རྒྱལ་བའི་བཀའ་རིན་པོ་ཆེ་ལ་འགྲེལ་ཆེན་རེ་བཏབ་གནང་མཛད། ཡིན་ན་ཡང་དུས་ཀྱི་འཕོ་འགྱུར་མང་པོ་ཞིག་གི་འགག་མཚམས་ནས་བོན་དཔེ་མང་པོ་ཞིག་རྩ་བརླག་ཏུ་ཤོར་ནས་དཔེ་ཆ་མང་པོ་ཞིག་གི་མིང་ཙམ་དང་དཔེ་ཆ་གཞན་གྱི་ནང་དུ་ལུང་འདྲེན་ཙམ་རེ་མ་གཏོགས་ལྷག་མེད་པའང་མང་པོ་ཡོད། དཔེར་ན་བོན་གྱི་དཔེ་གཞུང་རྙིང་པ་འབུམ་ཏིག་ལྟ་བུ་ལ་མཚོན་ན་བོན་གྱི་དཔེ་རྙིང་མང་པོ་ཞིག་གི་ནང་ནས་འབུམ་ཏིག་གི་ལུང་དུམ་རེ་ཐོན་བཞིན་ཡོད་པ་ལས་འབུམ་ཏིག་གི་དཔེ་ཆ་དེང་སང་མཇལ་ཡུལ་དུ་ཕལ་ཆེར་གྱུར་མེད། དེ་དང་དེ་ལྟ་བུའི་བོན་གྱི་བཀའ་དང་བཀའ་བརྟེན་སོགས་དཔེ་གཞུང་མང་པོ་ཞིག་མཇལ་ཡུལ་དུ་མ་གྱུར། ཡིན་ན་ཡང་སྔོན་གྱི་མེས་པོ་གོང་མ་མང་པོ་ཞིག་གི་སྐུ་དྲིན་གྱིས་ད་ལྟ་དངོས་སུ་མཇལ་ཡུལ་དུ་ཡོད་པ་བཀའ་བརྟེན་པོད་གྲངས་སུམ་བརྒྱ་ལྷག་ཙམ་བཞུགས། དེ་དག་མྱུར་སྐྱོབ་དང་དར་སྤེལ་གྱི་ཆེད་དུ་རྒྱལ་ཕྱི་ནང་གང་ས་ནས་རིན་ཐང་བླ་ན་མཐོ་བའི་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་གཙོ་བོར་གྱུར་བའི་དེ་འགྲེལ་གྱི་བཀའ་བརྟེན་སོགས་དེབ་གཟུགས་སུ་བསྐྲུན་པ་དང་། དེ་བཞིན་གསེར་དངུལ་སོགས་ཀྱིས་འབྲི་བཞེངས། པར་དུ་རྐོ་བ། མི་རིགས་འདྲ་མིན་གྱི་སྐད་རིགས་སུ་བསྒྱུར་བ་སོགས། མདོར་ན་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཆོས་ལུགས་གྲུབ་མཐའ་གཞན་དག་དང་དཔུང་བ་མཉམ་གཤིབ་ཀྱིས་དུས་རབས་དང་འཚམས་པའི་ལམ་ཁ་ཞིག་སྙེག་བཞིན་ཡོད་པ་དངོས་མཐོང་ལག་ཟིན་དུ་གྱུར་ཡོད།

་་་་་་་་་་་་དེ་བཞིན་རྒྱལ་གཤེན་དཔེ་སྐྲུན་ཁང་གིས་ཀྱང་དུས་རབས་དང་འཚམས་པའི་བསྟན་པ་སྤེལ་སྟངས་ཤིག་སྟེ་དཔེ་དེབ་གསར་སྐྲུན་གྱི་འགོ་བཟུང་ནས་བཟུང་ད་བར་དུས་ཡུན་རིང་པོ་ཞིག་ཕྱིན་མེད་ན་ཡང་རིན་ཐང་བླ་ན་མཐོ་བའི་ཕྱག་དེབ་བཅུ་གྲངས་ཁ་ཤས་ཤིག་དེབ་གཟུགས་སུ་བསྐྲུན་ནས་རྒྱལ་ཕྱི་ནང་གང་སར་འགྲེམས་སྤེལ་བྱས་ཡོད་ལ། ལྷག་པར་དཔེ་དེབ་འགའ་རེ་འགའ་འཛམ་གླིང་གི་སྐད་རིགས་ཆེན་པོ་(དབྱིན་ཇི་ English དང་། སུ་པེ་ནི་ཤེ་ Spanish རྒྱ་སྐད་ 中文) སོགས་སུ་བསྒྱུར་ནས་འགྲེམས་སྤེལ་བྱས་ཡོད། དཔེར་ན། བོན་གྱི་སྐྱབས་འགྲོའི་རྣམ་བཤད་སྐད་ཡིག་བཞི་ཅན་སོགས་གསང་གསུམ་བོན་གྱི་མཛོད་འཛིན་༧ སྐྱབས་རྗེ་སྨྲ་བའི་དབང་པོ་ཡོངས་IMG_9830འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་པར་ཕུད་དུ་འབུལ་སྐབས། ༧སྐྱབས་རྗེ་མཆོག་གིས་བྱ་བ་འདིའི་རིགས་ཁ་ཡོད་ལག་ཡོད་ཀྱིས་བསྟན་པ་ལ་ཕན་ཐོག་པའི་ལས་གཞི་གལ་ཆེན་ཞིག་ཡིན་ཚུལ་དང་། ལྷག་པར་དུ་བོན་གྱི་གནད་ཡོད་དཔེ་དེབ་ཁག་འཛམ་གླིང་གི་སྐད་རིགས་ཆེ་ཁག་ཏུ་བསྒྱུར་བ་སོགས་ལ་ཐུགས་མཉེས་པ་ཆེ་བཞེས་ཀྱི་སྒོ་ནས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར། དེ་བཞིན་རྒྱལ་ཕྱི་ནང་གི་ཞང་བོད་ཀྱི་སྨྱུག་ཐོགས་པ་མང་པོས་ཀྱང་གདེང་འཇོག་ཚད་མཐོར་གནང་བ་ལ་ཞོར་དུ་བཀའ་དྲིན་བླ་མེད་ཞུ་བ་དང་། ཐེངས་འདིར་མི་ཚེ་ཐོས་བསམ་གྱི་འཁོར་ལོས་བསྐྱེལ་ཞིང་གཞུང་ལུགས་རྣམ་འབྱེད་ཀྱི་བློ་མིག་རབ་ཏུ་རྣོ་བའི་གདན་ས་སྨན་རིའི་གླིང་གི་བཤད་སྒྲུབ་དགེ་རྒན་དགེ་བཤེས་ཤེས་རབ་བསམ་འཕེལ་ལགས་གྱིས་དཔྱད་གསུམ་རྣམ་པར་དག་པས་འབྲི་བཞེངས་གནང་བའི་དེབ་གསུམ་སྟེ། དཔེ་དེབ་དང་པོ།རྟེན་འབྲེལ་དང་གང་ཟག་ཉི་ཤུ་ཚད་མ་ཀུན་བཏུས་བཅས་ཀྱི་གལ་གནད་གསལ་བྱེད་སྒྲོན་མེ་༽ཞེས་པ་འདི་ནི་སྤྱིར་བཏང་གི་དཔེ་དེབ་དཀྱུས་མ་ཞིག་དང་ཡེ་ནས་མི་འདྲ་བར་བཀའ་ལུང་རྒྱུད་སྡེ་དུ་མའི་སྙིང་དོན་སྲོག་ཏུ་བཟུང་ཞིང་ཚིག་གི་འབྲུ་རེ་རེ་ལ་ལུང་རིགས་གནམ་ལྕགས་ཐོག་གི་རྒྱབ་རི་བརྟན་པོ་བསླངས་ཡོད་པ་མ་ཟད་གཞུང་གི་ས་བཅད་སྒྲིག་ཚུལ་དང་ཚིག་གི་བཀོལ་སྟངས་སོགས་སྔ་རབས་མཁས་པའི་རྩོམ་གཤིས་དང་མཐུན་པར་བྱས་འདུག་པ་སོགས་ཀྱི་ཁྱད་བོན་དུ་མ་ལྡན། ལྷག་པར་གོ་དཀའ་ཞིང་གནའ་ཚིག་ཤས་ཆེ་བའི་མཁས་པ་འགྲོ་མགོན་བླ་མའི་མཛོད་འགྲེལ་སོགས་གཙོ་བོའི་ལུང་ཕུགས་སུ་བཟུང་ནས་ཞིབ་མོ་རྣམ་འཐག་གི་སྒོ་ནས་བརྩམས་པའི་རིན་ཐང་བླ་ན་མཐོ་བའི་དེབ་ངོམ་རིན་ཡོད་པ་ཞིག་རེད། དཔེ་དེབ་གཉིས་པ་དཔྱད་གཏམ་ལུང་རིག་ཉི་ཟེར་༽ཞེས་པར་སྡེ་ཚན་ཆེན་པོ་གསུམ་དང་། རྩོམ་ཡིག་མི་འདྲ་བ་བཅུ་དགུས་གྲུབ་པའི་དེབ་ཅིག་རེད། དེབ་འདིའི་ནང་གི་རྩོམ་ཡིག་རྣམས་ནི་གཙོ་བོ་དེང་དུས་ཀྱི་ཞིབ་འཇུག་པའི་ཐབས་ལམ་སྤྱད་ནས་བརྩམས་པ་ཞིག་ཡིན་པ་དང་། དེ་ཡང་ལུང་འདྲེན་རྐྱང་བས་ཤོག་ངོས་གང་ཐབས་བྱས་པ་མ་ཡིན་པར་དོན་གྱི་གནད་རྩ་དང་ཚིག་གི་འགལ་མཚམས་རྣམས་བཙིར་བཟུང་བྱས་ཏེ་དཔྱད་པ་ཕྲ་མོའི་ལམ་ནས་རྣམ་པར་འཐག་འདུག མ་ཚད་དེབ་འདི་ལ་དམིགས་བསལ་གྱི་ཁྱད་བོན་ཞིག་ཡོད་པ་ནི། ཀློག་ལ་བྱང་བའི་སྤྱིར་སྟངས་ཀྱི་གྲོང་ཆོག་པ་ཞིག་གིས་བཏོན་ན་ཡང་གོ་སླ་བའི་ཚིག་གི་འགྲོས་ཡང་པོ་བྱས་ཡོད་པ་དང་། བསྐྱར་ཟློས་དང་བཤུ་འབྲི་སོགས་ཀྱིས་དབེན་ཞིང་ཚིག་གི་སྤྲོས་པ་མང་པོ་མེད་པར་དཔྱད་འབྲས་གང་ཡིན་པ་དེ་ཚིག་རྡོག་རྡོག་གི་ལམ་ནས་གསལ་སྟོན་བྱས་ཡོད་པས་དེབ་དཔེ་མེད་ཅིག་རེད་ཅེས་བརྗོད་འདོད། དཔེ་དེབ་གསུམ་པ་སེམས་ཀྱི་རོལ་པ་༽ཞེས་པ་ནི་བཅད་རྩོམ་གྲངས་དྲུག་ཅུ་རེ་བདུན་གྱིས་གྲུབ་པའི་སྙན་དེབ་ཞིག་རེད། སྙན་དེབ་འདིའི་ནང་དུ་བོད་དང་བོན་གྱི་སྤྱི་ཚོགས་ཁྲོད་གོ་ཐང་དང་གནས་བབ་མཐོ་བའི་རླབས་ཆེན་གྱི་མི་སྣ་མང་པོ་ཞིག་གི་མཛད་འཕྲིན་རྣམས་བརྗོད་སྙིང་གཙོ་བོར་བྱས་པའི་བསྟོད་རྩོམ་སྣ་ཚོགས་དང་། དེ་བཞིན་སྐུ་ཚེ་གང་བོར་བསྟན་པ་ཞིག་དང་མི་རིགས་ཤིག་གི་ཆེད་དུ་ཕུལ་བའི་༧ཡབ་རྗེ་དམ་པ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༣ཆེན་པོ་ལྟ་བུའི་རླབས་ཆེན་གྱི་བསྟན་པ་འཛིན་པའི་སྐྱེས་བུ་དུ་མ་ཞིག་གི་མཛད་རྗེས་རྗེས་སུ་དྲན་པའི་རྗེས་དྲན་སྣ་ཚོགས། གཞན་རྩོམ་པ་པོ་རང་ཉིད་ཀྱི་ཉིན་རེའི་འཚོ་བ་དང་འབྲེལ་བའི་དགའ་སྐྱོ་ཁྲོ་ཆགས་ཀྱི་ཚོར་འདུ་སྣ་ཚོགས་ཤིག་གི་ཀླུང་ནས་བཞུར་བའི་གཟུགས་བརྙན་དང་འབྲེལ་བའི་བཅད་རྩོམ་སྣ་མང་གིས་གྲུབ་པ་ཞིག་གོ། འདི་ནི་དཔེ་སྐྲུན་གསལ་བཤད་དང་འབྲེལ་བའི་ཐོག་མའི་གཏམ་ཡིན། མཐར་དེབ་འདི་གསུམ་རྒྱལ་ཕྱི་ནང་གང་སར་བཞུགས་པའི་དཔེ་ཀློག་དང་ཤེས་རབ་དགའ་བའི་མི་བུ་དག་ལ་ཤེས་རབ་ཀྱི་གྲོགས་བླ་མེད་དུ་འགྱུར་བའི་སྨོན་འདུན་དང་བཅས། །

རྒྱལ་གཤེན་དཔེ་སྐྲུན་ཁང་ནས་ཕྱི་ལོ་༢༠༢༠ཟླ་༡༠ཚེས་༡༠ཉིན།

IMG_9259
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

་་་་་་་་་་་སྣང་རྒྱལ་ཤེས་རབ་བསམ་འཕེལ་ནི་ཕྱི་ལོ་༡༩༨༠ལོར་མདོ་སྨད་རྔ་ཡུལ་བློན་ཚང་དུ་སྐྱེས། ཅུང་ནར་སོན་རྗེས་ས་གནས་སློབ་ཆུང་དུ་འགྲིམས་ཏེ་དབྱངས་གསལ་གྱི་དབུ་འཁྱུད་བྲིས། ལོ་བཅུ་བཞིའི་ཐོག་ཏུ་སྣང་ཞིག་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་མདུན་ནས་གཙང་གཙུག་གི་སྡོམ་ཁྲིམས་བླངས་ཏེ་སྣང་ཞིག་དགོན་ཆེན་གྱི་འཚོགས་གྲལ་དུ་ཞུགས་ཤིང་། བཤེས་གཉེན་ནམ་མཁའ་ཚུལ་ཁྲིམས་ཚང་གི་སྐུ་མདུན་ནས་འདོན་ཆོག་ལ་སྦྱངས། ཕྱི་ལོ་༢༠༠༡ལོའི་ལོ་མཇུག་ཏུ་རྒྱ་གར་དུ་འབྱོར་ཏེ་གདན་ས་ཆེན་པོའི་ལུགས་སྲོལ་ལྟར་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་སྔ་རྗེས་སུ་རབ་བྱུང་དང་དྲང་སྲོང་གི་བསླབ་ཁྲིམས་ཞུས། གདན་ས་སྨན་རིའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཤིང་མི་ལོ་བཅོ་ལྔའི་རིང་དུ་མདོ་སྔགས་སེམས་གསུམ་གཙོས་ཐུན་མོང་རིག་གནས་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྦྱང་བ་ལྷོད་མེད་བྱས་ཏེ། མཐར་ཕྱི་ལོ་༢༠༡༦ལོར་བཤེས་གཉེན་གྱི་མཚན་རྟགས་ཐོབ། སྔ་རྗེས་སུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བགློ་གླེང་ཁག་མང་པོར་མཉམ་ཞུགས་བྱས་པར་མ་ཟད་བརྗོད་གཞི་ངེས་ཅན་རེའི་ཐོག་བགློ་གླེང་མང་ཙམ་བྱས། ཕྱི་ལོ་༢༠༡༩ལོར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅོ་ལྔ་པ་Franceཧྥུ་རན་སེ་རུ་འཚོགས་སྐབས་མཉམ་ཞུགས་བྱས། ད་ལྟ་སྨན་རིའི་བཤད་སྒྲུབ་འདུས་སྡེའི་གཞུང་ཁྲིད་དགེ་རྒན་གྱི་འགན་ཁུར་ཞུ་མུས། །

 

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *