རྩོམ་ཡིག་འདི་ཐེངས། 166540 བཀླགས་འདུག
།
ཀ་དག་སྐྱེ་མེད་སྟོང་པའི་རང་རྩལ་ཨེ་མ་སྣང་བའི་བོན་དབྱིངས་ལས།།
ཁ་དོག་འོད་ལྔའི་མཚན་དཔེ་ལྷུན་འགྲུབ་མ་འགག་སྣང་བ་གཟུགས་ཀྱི་སྐུ།།
ག་དར་རྒྱལ་སྲས་སེམས་དཔའི་སྒྱུ་འཕྲུལ་རྣམ་རོལ་ངེས་དོན་རྣལ་འབྱོར་ཀྱེ།།
ང་ཡི་སྤྱི་གཙུག་ནམ་མཁའི་ཁྱོན་དུ་མི་འབྲལ་རྒྱུན་དུ་བཞུགས་སུ་གསོལ།།
།
ཅ་ཅོའི་རྟོག་དཔྱོད་འབད་པ་མ་ཡིན་འཁོར་འདས་མཉམ་ཉིད་དབྱིངས་སུ་གྲོལ།།
ཆ་ཚང་ཐེག་པའི་བསླབ་གསུམ་ཨུཏྤལ་འདོད་ཁམས་ཡུལ་དུ་རབ་བཞད་ཅིང་།།
ཇ་མདངས་ངུར་སྨྲིག་ཚུལ་ཙམ་སྟོན་ཞིང་ཡེ་ནས་སངས་རྒྱས་མིའི་གཟུགས་སྤྲུལ།།
ཉ་གང་ཟླ་བའི་ཐུགས་བསྐྱེད་ཡངས་མོས་མཁའ་ཁྱབ་འགྲོ་ཀུན་བཟུང་ཞིང་བརྩེ།།
།
ཏ་ཐཱ་ག་ཏའི་བསྟན་པའི་སྙིང་པོ་ཐེག་པ་བླ་མེད་ཨ་རྫོགས་སྙན།།
ཐ་མ་ལྔ་བདོའི་དུས་ཀྱི་མཐའ་རུ་ལྟ་སྒོམ་ལྷུན་པོའི་ཡང་རྩེར་སོན།།
ད་ལྟའི་རྒྱལ་གཤེན་གསུང་གི་བསྟན་པའི་ཁང་བཟང་འདེགས་པའི་ཀ་རིང་ཉིད།།
ན་མོ་མཛད་བཟང་ཙན་དན་དྲི་བསུང་ཕྱོགས་མེད་རྒྱལ་ཁམས་ཀུན་ལ་འཐུལ།།
།
པ་ཊུའི་དབུས་ནས་འཛུམ་ཞལ་ཟླ་བའི་དཀྱིལ་འཁོར་དཔལ་བེའུ་མིག་མང་རྒྱས།།
ཕ་རོལ་ཕྱིན་བཅུས་ཐུགས་རྒྱུད་གཏམས་པས་གཞན་གྱིས་ཟླ་བྲལ་སྲིད་ན་འཕགས།།
བ་རྒྱའི་མ་རིག་དུག་ལྔའི་སྒྲིབ་ལས་ལུང་དང་རྟོགས་པས་གདོད་ནས་བརྒལ།།
མ་དག་ལམ་ཁྱེར་གདམས་ངག་ཟབ་མོ་བརྒྱུད་འཛིན་ཁྱུ་མཆོག་རྒྱལ་བའི་སྲས།།
།
ཙ་ཀ་ལི་བཞིན་མཚན་དཔེས་རབ་མཛེས་ཅ་དག་ཚུལ་ཁྲིམས་རྨད་དུ་བྱུང་།།
ཚ་ཟེར་དཀྱིལ་འཁོར་རྫོགས་པ་ལྟ་བུའི་མཁྱེན་པའི་གཟི་བྱིན་ཀུན་ལ་འབར།།
ཛ་ཡའི་བསྟན་པའི་སྲོག་ཤིང་སྙིང་པོ་མདོ་སྔགས་ལྟ་བ་མཐོ་ཞིང་བརྗིད།།
ཝ་ལེར་བསམས་ན་སྟོང་གསུམ་སྟོང་གི་འགྲོ་འདྲེན་ཡོངས་ཀྱི་ཡང་རྩེ་འོ།།
།
ཞྭ་མདོག་རྩོད་པའི་སྐྱོན་བྲལ་རིས་མེད་གསང་གསུམ་ཡོན་ཏན་རྒྱ་མཚོའི་གཏེར།།
ཟ་ཟིའི་སྒྲོ་སྐུར་མུ་སྟེགས་ལྟ་བའི་ཚིག་འཁྲི་འབུམ་པས་བསྒྲུན་མེད་གསུང་།།
འ་འུར་བསྙད་པའི་ལྔ་བརྒྱའི་དུས་འདིར་རིམ་གཉིས་ཟབ་མོའི་གཞི་མ་བརྟན།།
ཡ་མཚན་གླིང་འདིར་མཚན་དཔེ་བལྟམས་ཏེ་གསང་ཆེན་རྣལ་འབྱོར་ཞེས་སུ་གྲགས།།
།
ར་མ་ལུག་གི་ལྟ་སྤྱོད་མཐའ་བྲལ་དམིགས་མེད་ཐུགས་རྗེས་འགྲོ་ཀུན་ཁྱབ།།
ལ་ལུང་ངེས་མེད་རིགས་དྲུག་གསོ་བའི་བླ་མེད་སྦྱིན་པའི་རྒྱ་མཚོ་ལས།།
ཤ་ཚའི་ཉམ་ཐག་མཁྱེན་བརྩེའི་ནོར་བདུན་རོ་མངའི་བདུད་རྩིས་འདོད་འཇོ་བའི།།
ས་གསུམ་འཕགས་ཆེན་དྲི་མེད་སྙིང་པོའི་རྒྱལ་ཚབ་གསུམ་པ་ཨ་འཇིགས་ཞེས།།
།
ཧ་ཅང་ཚད་མེད་རྣམ་བཞིའི་ཡུ་བ་བརྟན་ཅིང་འགྲོ་དྲུག་མ་རུ་གཟིགས།།
ཨ་དོན་བོད་ཉིད་མཐའ་བྲལ་ཆེན་པོར་མཁྱེན་དཔྱོད་རིག་པས་རྩེ་གཅིག་གཞོལ།།
ཨ་ཧོ་གང་སྐུ་བདག་ཉིད་སྤྱོད་པ་མས་འཛེག་བྱང་ཆུབ་སེམས་པ་ལགས།།
ཧ་ལོ་དཀར་པོའི་མཆོད་སྤྲིན་དྭངས་མ་བདེ་ཆེན་ཞིང་ནས་བཞེས་སུ་གསོལ།།
།
ཞེས་བསྟོད་ཚིག་མེ་ཏོག་བརྒྱད་ཅུ་འདི་ཉིད་སྐྱབས་མཆོག་བླ་མའི་ཞབས་འོག་ཏུ་ཡུན་རིང་འཚོ་བ་བསྐྱལ་བའི་སུམ་ལྡན་བླ་མའི་སློབ་འབངས་སུ་གཏོགས་པའི་ཐ་ཤལ་བ་སྐར་འོད་ཀྱིས་བར་དོའི་ཁྲིད་ལུང་ཞུ་སྐབས་སུ་དད་པ་ལྷང་གིས་སྐྱེས་ཏེ་སོར་བཅུའི་པད་མོ་སྤྱི་བོར་ཟླུམ་སྟེ་སུག་བྲིས་སུ་བགྱིས་པ་དགེའོ།།
བསམ་ཚུལ་ཕྲིས།