བོན་གྱི་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁ།

རྩོམ་ཡིག་འདི་ཐེངས། 387712 བཀླགས་འདུག

Screen Shot 2020-08-25 at 1.31.35 PM

བོན་གྱི་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁ

        འདས་སོང་བའི་ལོ་རྒྱུས་ལ་ཕྱིར་མིག་ཐེངས་གཅིག་བལྟས་ཚེ། བོད་ནི་བོན་པོ་དང་བན་དྷེ། གསར་མ་དང་རྙིང་མ། འབྲོག་པ་དང་རོང་བ།གསེར་བ་དང་གཡུ་བ་སོགས་ཀྱི་རྩོད་རྙོག་ཁྲོད་ནས། རང་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་མང་པོ་ཞིག་མེད་བརླགས་སུ་བཏང་བ་ཤེས་ཐུབ། འོན་ཀྱང་། ཉེ་ཆར་གོ་ལ་ཧྲིལ་པོར་རིག་གནས་དང་ལོ་རྒྱུས་དོགས་སློང་དང་ཞིབ་འཇུག་བྱེད་པའི་འགོ་ཚུགས་པ་དང་། བོན་གྱི་དགོན་སྡེ་དང་ཡིག་ཆ། དེར་འབྲེལ་གྱི་དམངས་སྲོལ་རིག་གནས་རྣམས་ཀྱང་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་པའི་གོ་སྐབས་རེ་ཟུང་ཐོབ་པ་དང་བསྟུན། ཕྲན་གྱིས་ཀྱང་བོད་ཀྱི་ལོ་རྒྱུས་རིག་གནས་ལ་ཁ་སྐོང་ཙམ་ཞིག་ཡོང་བའི་ཆེད་དུ། དུས་རབས་བཅུ་གཅིག་པ་ནས་བཅུ་བཞིའི་བར་དུ་བྱུང་བའི་བོན་གྱི་གདན་ས་གཡས་རུ་དབེན་ས་ཁ་ཞེས་པ་དེ་ངོ་སྤྲོད་མདོར་ཙམ་ཞུས་པ་འདིར་ལགས།

དང་པོ། གཡས་རུ་དབེན་ས་ཁ་སྤྱིའི་གནས་ཚུལ།

        སྤྱི་ལོ༩༡༣ནས་ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་བོད་དུ་གསེར་ཉོ་རུ་ཡོང་ནས། བསམ་ཡས་ནས་བོན་དཔེ་མང་པོ་བརྐུས་ཏེ་དམངས་ཁྲོད་དུ་ཁྱབ།[①] དེ་ནས་བོན་གཏེར་དར་བའི་དབུ་བརྙེས། སྤྱི་ལོ༡༠༡༧གཤེན་ཆེན་ཀླུ་དགས་འབྲི་མཚམས་མཐའ་དཀར་ནས་བོན་གཏེར་བཏོན་པའི་བར་གཏེར་སྟོན་བཅོ་ལྔ་ཙམ་བྱོན་པར་བཤད།[②]གཤེན་ཆེན་ཀླུ་དགས་བོན་གཏེར་བཞེས་པ་ནས་སློབ་མ་བྲུ་ཞུ་སྤ་རྨེའུ་བཅས་མཁས་པ་དུ་མ་བྱོན་པ་ལས། མཛོད་མཚན་ཉིད་ཀྱི་བཀའ་འབབ་ས་བྲུ་ནམ་མཁའ་གཡུང་དྲུང་དང་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ཡིན། དེ་གཉིས་ལ་བྲུ་རྗེ་ཡབ་སྲས་ཟེར། གཡས་རུ་དབེན་ས་ཁ་དང་པོ་ཕྱག་བཏབ་གནང་མཁན་ཡིན། བཀའ་བབ་གཙང་སྟོན་བཅོ་བརྒྱད་ཀྱི་ནང་ནས་དང་པོ་དང་གཉིས་པ་ནི་བྲུ་རྗེ་ཡབ་སྲས་གཉིས་ཏེ་ཡབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་སྤྱི་ལོ༩༩༤སྐུ་འཁྲུངས།སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན་གྱི་འཁྲུངས་ལོ་མི་གསལ། [③]

        སྤྱིར་དེ་དུས་དབུས་གཙང་དང་ཁམས་ཕྱོགས་སུ་བྲུ་ཞུ་སྤ་རྨེའུ་གཤེན་ཁྱུང་སོགས་ཁྱིམ་རྒྱུད་དག་གིས་བཙུགས་པའི་བོན་གྱི་དགོན་སྡེ་དུ་མ་ཡོད་ཀྱང་། ནུས་པ་ཆེ་ཤོས་གཡས་རུ་དབེན་ས་ཁ་དང་། ཞུ་རི་ཞིང་དགོན། གཏོ་ལུང་འབྲི་ལུང་དགོན་སོགས་ཡིན། སྤྱིར་ན་བྲུ་ཚང་གིས་ཕྱག་བཏབ་བྱས་པའི་དགོན་པ་མང་པོ་ཡོད་ཀྱང་། དེ་དག་ལས་དབེན་ས་ཁ་ནི་བོན་གྱི་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པ་ལ་སློབ་གཉེར་བྱེད་སའི་ལྟེ་གནས་གཙོ་བོར་ཆགས་ཡོད་པས་ལོ་རྒྱུས་ཁྲོད་གལ་ཆེ་བར་སེམས། [④]དེའང་བོན་གྱི་གདན་ས་གཡས་རུ་དབེན་ས་ཁ་ཞེས་པ་ནི་དེང་དུས་བོད་ལྗོངས་གཞིས་ཀ་རྩེ་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་གི་ཉེ་འགྲམ་ན་ཡོད། ཡིན་ཡང་། ད་ལྟ་དགོན་ཤུལ་ཙམ་ལས་ལྷག་མེད། སྤྱི་ལོ༡༠༣༦བྲུ་རྗེ་ཡབ་སྲས་ཀྱིས་འདུ་གནས་གཡས་རུ་དབེན་ས་ཁར་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་སོགས་མཚན་ཉིད་རྩོད་སྤོང་གི་སྲོལ་བཏོད། [⑤]《མཁན་པོ་ཉི་མའི་བསྟན་རྩིས》ལྟར་ན། སྤྱི་ལོ༡༠༧༢གཡས་རུ་དབེན་སར་དགོན་སྡེ་བཏབ་པ་བཤད་ནའང་། ཞང་བོད་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་ལས།གཡུང་དྲུང་བླ་མ་སྤྱི་ལོ༡༠༤༠སྐུར་འཁྲུངས། ཁོང་དགུང་ལོ་སོ་གསུམ་པ་སྟེ་སྤྱི་ལོ༡༠༧༣དགོན་པའི་མཚན་ལ་དབེན་དགོན་བདེ་ཆེན་གླིང་ཞེས་བཏགས། འདུལ་ཁྲིམས་དང་མཐུན་པའི་གཙང་དགོན་དུ་བསྒྱུར། གྲྭ་བ་སྟོང་ཕྲག་ཁ་ཤས་འདུ་བར་བཤད། [⑥]སྦ་སེར་པཎྜྀཏའི་རྣམ་ཐར་ལས་གྲྭ་བ་སུམ་སྟོང་བརྒྱད་བརྒྱ་ཡོད་པར་བཤད། དགོན་པ་འཇིག་ཁར་གྲྭ་བ་ཁྲི་གྲྭ་ཡོད་པར་བཤད་པ་ནི་སྔ་ཕྱིའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཡིན་པར་ཤེས་ཐུབ།འདི་ནི་བསྟན་པ་ཕྱི་དར་སྐབས་ཀྱི་འདུལ་དགོན་སྔ་ཤོས་དང་ཆེ་ཤོས་ཡིན་པ་ཤེས་ཐུབ། བསྟན་འབྱུང་བསྐལ་བཟང་མགྲིན་རྒྱན་ལས། གྲྭ་ཚང་གླིང་བཞིར་གྱེས་ཤིང་མཚན་ཉིད་དང་གསང་སྔགས་ཟུང་འབྲེལ་གྱི་གཙང་གྲྭ་སུམ་སྟོང་ཉེ་བའི་གདན་ས་ཆེན་པོར་གྱུར[⑦]ཞེས་སོ། །

གདན་ས་འདི་ཉིད་ཐོག་མར་འདེབས་མཁན་ནི་བྲུ་ཞེས་པའི་ཁྱིམ་རྒྱུད་ཆེན་པོ་དེ་ཡིན། བྲུ་ཞེས་པ་ནི་བྲུ་ཤ་ནས་འོངས་བའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ཏེ། བོན་གྱི་བསྟན་འབྱུང་ལོ་རྒྱུས་རྣམས་སུ། བྲུ་ཤ་གནམ་གསས་སྤྱི་བརྟོལ་བྱ་བས་བདུད་ངམ་ལེན་ནག་པོ་བསྒྲལ་བས། ཐོད་ཀར་གྱི་རྒྱལ་པོ་སད་ཝེར་རྒྱལ་བྱ་བས་རང་གི་རྒྱལ་སྲིད་བྲུ་ཤ་གནམ་གསས་སྤྱི་བརྟོལ་ལ་ཕུལ།དེའི་སྲས་ལྷ་བུ་གསས་ཁྱུང་། དེའི་སྲས་ལོ་ཙཱ་ཆེན་པོ་འཚོ་མཛད་སྐྱེས། དེ་ལ་སྲས་དགུ་འཁྲུངས་བ་ལས་གཅེན་པོ་ལྔ་བྲུ་ཤའི་ཡུལ་དུ་བཞུགས། གཅུང་བཞི་མངའ་རིས་སུ་སྤྱན་དྲངས་ནས་མཆོད་གནས་བྱས། མངའ་རིས་སྐོར་གསུམ་མན་ཆད་དང་བོད་ཡུལ་རུ་བཞི་ཡན་ཆད་དབང་དུ་བསྒྱུར། གཅུང་བཞིའི་ནང་ནས་གཡུང་དྲུང་རྒྱལ་མཚན་གཙང་དུ་བྱོན། དེར་སྲས་གཉིས་འཁྲུངས་བའི་གཅེན་ཁྱུང་ནག་འཛིན། དེའི་སྲས་གཡུང་དྲུང་སེངྒེ། དེར་སྲས་གསུམ་ཡོད་པའི་ཆེ་བ་ནམ་མཁའ་གཡུང་དྲུང་ཡིན།བྲུ་ཤ་ནམ་མཁའ་གཡུང་དྲུང་ཡང་ཟེར། སྤྱི་ལོ༩༩༤སྐུ་འཁྲུངས། [⑧]

སྤྱིར་གདན་ས་འདི་ཉིད་བྲུ་ཡིས་བཙུགས་པ་ཡིན་ནའང་། འགྲོ་མགོན་ཁུ་དབོན་དང་མེ་གཉོས་རྣམ་གཉིས་སོགས་བླ་རབས་ཁ་ཤས་བྲུ་མ་ཡིན་པར་མ་ཟད། བྲུ་རྗེ་གཡུང་དྲུང་བླ་མ་ནས་གདན་ས་འདིའང་འདུལ་དགོན་ཏུ་བསྒྱུར་ཡོད་པས།གདུང་རྒྱུད་ཁོ་ནས་འཛིན་པའི་དགོན་པ་ཞིག་མ་ཡིན་པའང་ཤེས་ཐུབ།  དེའང་དགའ་ལྡན་ཁྲིད་པ་ལྟར་མདོ་སྔགས་གཞུང་ལུགས་རིག་གནས་དང་བཅས་པ་ལ་སྦྱང་བ་དཔྱིས་སུ་ཕྱིན་ནས་ད་གཟོད་སྟོན་པ་ཞེས་པའི་གོ་གནས་ཐོབ་དགོས་པ་ཤེས་དགོས། [⑨]

Screen Shot 2020-08-25 at 1.31.48 PM

གཉིས་པ། གཡས་རུའི་སྟོན་པ་བཅོ་བརྒྱད།

      གཡས་རུའི་སྟོན་པ་བཅོ་བརྒྱད་ནི། བྲུ་ཆེན་ཡབ་སྲས་བྲུ་རྗེ་ཁུ་དབོན་དང་། མེ་གཉོས་རྣམ་གཉིས་འགྲོ་མགོན་ཁུ་དབོན་དང་། འདུལ་བ་རྒྱལ་བ་ནམ་འོད་བསོད་རྒྱལ་དང་།། མཚུངས་མེད་བསོད་བློ་མཁས་གྲུབ་ནམ་བསོད་དང་།། སྤྲུལ་སྐུ་ཚེ་དབང་མཁས་བཙུན་ནམ་རིན་དང་། །རྣམ་རྒྱལ་ཀ་ར་མཁས་གྲུབ་རིན་བློ་དང་། །ཞེས་སྡོམ་ཚིག་དེ་མདོ་དབུས་ཁམས་གསུམ་གྱི་བོན་པོ་ཕལ་ཆེ་བས་བློ་ནས་འདོན་ཐུབ་ཀྱི་ཡོད།

Screen Shot 2020-08-25 at 1.32.27 PM

དོན་ཚན་དང་པོ། བྲུ་ནམ་མཁའ་གཡུང་དྲུང་།

      གཤེན་ཆེན་ཀླུ་དགའ་ལ་སློབ་མ་བཀའ་བབས་ཀྱི་སྲས་བཞི་ཡོད་པ་ལས་མཛོད་མཚན་ཉིད་ཀྱི་བཀའ་བབས་བ་བྲུ་ནམ་མཁའ་གཡུང་དྲུང་ཡིན་ཏེ། གཡས་རུའི་སྟོན་པ་བཅོ་བརྒྱད་ནང་དུ་བྲུ་ཆེན་ཡས་སྲས་ཞེས་པ་ལས་ཡབ་བྲུ་ཤ་ནམ་མཁའ་གཡུང་དྲུང་། སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན་ལ་ཟེར། བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ལས།བྲུ་ཤ་ནམ་མཁའ་གཡུང་དྲུང་དང་། སྲས་ཁྱུང་གི་རྒྱལ་མཚན་ལ་སྣང་མཛོད་ཕུགས་ཀྱི་བཀའ་བབ། དེང་སང་རྒྱལ་རོང་བྲུ་ཚང་དུ་གྲགས་པ་ལགས་སོ།། [⑩]མཁན་ཉི་མའི་བསྟན་རྩིས་ནོར་བུའི་ཕྲེང་བ་དང་རྣམ་ཐར་སོགས་ལྟར་ན།ནམ་མཁའ་གཡུང་དྲུང་སྤྱི་ལོ༩༩༤སྐུ་འཁྲུངས་བར་བཤད་པས། [11]གཤེན་ཆེན་ཀླུ་དགའ་ལས་ལོ་གཉིས་ཀྱིས་རྒན་པར་ཤེས་ཐུབ། སྤྱི་ལོ༡༠༣༦ལ་གཡས་རུ་དབེན་ས་ཁའི་དགོན་པ་གསར་འདེབས་མཛད།  ཞང་བོད་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་ལས། ས་བྱི་ལོ་ལ་སྐུ་གཤེགས་པར་བསྟན་པ་ལྟར་ན། སྤྱི་ལོ༡༠༤༨ལ་འཁེལ་བས།བྲུ་ཤ་ནམ་མཁའ་གཡུང་དྲུང་དགུང་ལོ༥༤ལ་སྐུ་གཤེགས་དགོས། སྒ་སྟོན་གཏེར་གྱི་ཁ་བྱང་ལས་བྲུ་ཤ་གནམ་གསས་ཞེས་འབོད་པའང་བྲུ་ནམ་མཁའ་གཡུང་དྲུང་ལ་གོ།  བྲུ་ནམ་མཁའ་གཡུང་དྲུང་ལ་སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན་དང་རིན་ཆེན་རྒྱལ་མཚན། ཤེས་རབ་རྒྱལ་མཚན། པདྨ་རྒྱལ་མཚན་བཅས་བཞི་ཡོད་པར་བཤད། [12]

དོན་ཚན་གཉིས་པ། བྲུ་ཤ་ཁྱུང་གི་རྒྱལ་མཚན།

      བྲུ་ཤ་ཁྱུང་གི་རྒྱལ་མཚན་ནི་བྲུ་ནམ་མཁའ་གཡུང་དྲུང་ལ་སྲས་བཞི་ཡོད་པ་ལས་ཆེ་བ་ཡིན་པར་བཤད།མ་ཡུམ་མི་གསལ། བྲུ་རྗེ་ཡབ་སྲས་གཉིས་ལས་སྲས་ནི་ཁོང་ཡིན། ཁོང་གཤེན་ཆེན་ཀླུ་དགའ་ལ་གཏུགས་ནས་སྣང་སྲིད་མཛོད་ཕུགས་སོགས་སྦྱང་བ་དཔྱིས་སུ་ཕྱིན་ནས་མཁས་པ་ཆེན་པོར་གྱུར། ལུང་མཚན་སྲིད་པའི་མཛོད་ཕུགས་ལ་འགྲེལ་བཏབ་ནས་འཆད་ཉན་གྱི་སྲོལ་འཛུགས་ཚུལ་དར་རྒྱས་གསལ་སྒྲོན་ལས། བྲུ་ཤ་ཁྱུང་གི་རྒྱལ་མཚན་གྱིས་མཛོད་ལ་ཏི་ཀ་བཏབ་ནས་མཚན་ཉིད་ཀྱི་སྲོལ་བཏོད། ཞུ་གཡས་ལེགས་པོའི་སྲས་སྐྱིད་པོས། བྱང་སེམས་གབ་པ་ལ་ཏི་ཀ་བཏབ་ཏེ་སེམས་ཕྱོགས་ཀྱི་བཤད་སྲོལ་བཏོད། [13]དེ་ལས་ཏི་ཀ་ཞེས་པ་ནི་འགྲེལ་ལ་གོ།སེམས་ཕྱོགས་ནི་རྫོགས་ཆེན་ལ་གོ། སྒ་སྟོན་གཏེར་གྱི་ཁ་བྱང་ལས།གཤེན་ཆེན་ཀླུ་དགའི་སློབ་མ་རྒྱལ་མཚན་ཐོབ་པ་ནི། ཇོ་སྒོམ་གཡུང་དྲུང་རྒྱལ།མར་བ་ཤེས་རབ་རྒྱལ་མཚན། འཛི་བོན་དབང་གི་རྒྱལ་མཚན། བྲུ་ཤ་ཁྱུང་གི་རྒྱལ་མཚན་དང་བཞིའོ[14]ཞེས་རྒྱལ་མཚན་ཐོབ་པ་བཞིའི་ནང་ཚན་ཡིན་པར་ཤེས་ཐུབ། འཁྲུངས་ལོ་མི་གསལ་ཡང་སྤྱི་ལོ༡༠༡༧ཡས་མས་ཡིན་ངེས་ཏེ། གཤེན་ཀླུ་དགའི་སློབ་མ་ཡིན་པས་སོ། སྤྱི་ལོ༡༠༣༦ཡབ་ནམ་མཁའ་གཡུང་དྲུང་དང་མཉམ་དུ་བོད་ལྗོངས་གཞིས་ཀ་རྩེ་རྣམ་གླིང་རྫོང་དབེན་ས་ཁར་གཡས་རུ་དབེན་ས་འདུས་སྡེ་བཙུགས།

དོན་ཚན་གསུམ་པ། བྲུ་རྗེ་གཡུང་དྲུང་བླ་མ།

      བྲུ་རྗེ་གཡུང་དྲུང་བླ་མ་ནི་བྲུ་ཤ་ནམ་མཁའ་གཡུང་དྲུང་གི་སྲས་བཞི་ལས་ཆུང་བ་པདྨ་རྒྱལ་གྱི་སྲས་སུ་སྤྱི་ལོ༡༠༤༠རབ་བྱུང་དང་པོའི་ལྕགས་འབྲུག་ལོར་སྐུ་འཁྲུངས་བར་བཤད། [15]དེའང་པདྨ་རྒྱལ་མཚན་ལ་བྲུ་རྗེ་གཡུང་དྲུང་བླ་མ་དང་ཡེ་ཤེས་གྲུབ། ཇོ་གཟུངས་བཅས་སྲས་གསུམ་ཡོད་པ་ལས་ཆེ་བ་ཡིན།དེ་དང་བྲུ་ཤ་ཁྱུང་རྒྱལ་ནི་ཁུ་དབོན་གྱི་འབྲེལ་བ་ཡོད་པར་ཤེས་དགོས། བྲུ་རྗེ་གཡུང་དྲུང་བླ་མ་དགུང་ལོ་སོ་གསུམ་པ་སྟེ་སྤྱི་ལོ༡༠༧༣༼ཆུ་བྱ་ལོ༽དབེན་ས་ཁ་ན།དབེན་དགོན་བདེ་ཆེན་གླིང་ཞེས་མཚན་གསོལ་ཞིང་འདུལ་དགོན་དུ་བསྒྱུར་ཏེ་གྲྭ་བ་སྟོང་ཕྲག་ཁ་ཤས་འདུས། བོན་གྱི་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་སློབ་སྦྱང་བྱེད་སའི་ལྟེ་གནས་སུ་གྱུར། ཕྱི་མདོ་འབུམ་རྒྱུད་མཛོད་ལ་རྩོད་སྤང་། ནང་ཨ་སྙན་རྫོགས་ལ་ཉམས་ལེན་མཛད་པར་གྲགས། [16]བོན་བསྟན་དཀར་ཆག་རྨད་བྱུང་ནོར་བུའི་མགུལ་རྒྱན་ལས། པདྨ་རྒྱལ་མཚན་ལ་སྲས་བྲུ་རྗེ་གཡུང་དྲུང་བླ་མ་དང་ཡེ་ཤེས་གྲུབ་གཉིས་འཁྲུངས། བྲུ་རྗེ་གཡུང་དྲུ་བླ་མ་བྲུ་ཤ་ཁྱུང་རྒྱལ་དང་སུམ་སྟོན་ཚུལ་ཁྲིམས་མདུན་ནས་རབ་ཏུ་བྱུང་ནས། བྲུ་ཤ་རྗེ་བཙུན་བྱ་བ་གྲགས། [17]ཞེས་བྲུ་ཤ་ཁྱུང་རྒྱལ་རབ་བྱུང་ཡིན་པ་དང་བྲུ་རྗེ་གཡུང་དྲུང་ཡང་ཁྱུང་རྒྱལ་མདུན་ནས་རབ་ཏུ་བྱུང་བས་མཚན་བྲུ་ཤ་རྗེ་བཙུན་དང་བྲུ་རྗེ་བཙུན་བདག་ཉིད་ཆེན་པོ་སོགས་གྲགས་པར་མ་ཟད། པདྨ་རྒྱལ་མཚན་ལ་སྲས་གཉིས་ལས་མེད་པར་བཤད་ཡོད།

དོན་ཚན་བཞི་པ། བྲུ་སྟོན་ཉི་མ་རྒྱལ་མཚན།

       བྲུ་ཉི་མ་རྒྱལ་མཚན་ལ་བྲུ་སྟོན་ཉི་རྒྱལ་ཡང་ཟེར། བྲུ་ཡེ་ཤེས་གྲུབ་པ་ལ་སྲས་ཉི་ཟླ་གཉིས་འཁྲུངས་པ་ལས། ཉི་མ་རྒྱལ་མཚན་རབ་ཏུ་བྱུང་ནས། རྨ་སྟོན་སྲོལ་འཛིན་མདུན་ནས་སྔགས་རྫོགས་ཀྱི་དབང་ལུང་མན་ངག་མང་པོ་ཞུས་ཤིང་གཏེར་གྱི་བདག་པོར་གྱུར། གྲུབ་ཆེན་ཁྱུང་སྒོམ་ཇོ་གཡུང་སོགས་ཀྱི་མདུན་ནས་རྫོགས་པ་ཆེན་པོའི་བོན་མང་པོ་ཞུས། བྲུ་རྗེ་གཡུང་དྲུང་བླ་མ་དང་བྲུ་སྟོན་ཉི་མ་རྒྱལ་མཚན་གཉིས་ལ་བྲུ་རྗེ་ཁུ་དབོན་ཟེར། ཁུ་བོ་གཡུང་དྲུང་བླ་མ། དབོན་བྲུ་སྟོན་ཉི་རྒྱལ། བྲུ་སྟོན་ཉི་རྒྱལ་སྐུ་ཚེ་སྟོད་ལ་རབ་ཏུ་བྱུང་ནའང་། གཅེན་ཟླ་རྒྱལ་ལ་སྲས་མེད་པས་བླ་མའི་བཀའ་བཞིན་སྡོམ་པ་ཕུལ་དགོས་བྱུང་། ཁྲོ་ཚང་འབྲུག་ལྷའི་སྡོམ་བརྒྱུད་ཀྱང་དེ་ནས་ཆད་པར་བཤད།[18]ཞེས་དང་། བོན་བསྟན་དཀར་ཆག་རྨད་བྱུང་ནོར་བུའི་མགུལ་རྒྱན་ལས། བྲུ་ཡེ་ཤེས་ལ་སྲས་བྲུ་སྟོན་ཉི་མ་རྒྱལ་མཚན་དང་ཟླ་བ་རྒྱལ་མཚན་གཉིས་འཁྲུངས། ཉི་མ་རྒྱལ་མཚན་ཆུང་དུས་ནས་བྲུ་རྗེ་མདུན་ནས་རབ་ཏུ་བྱུང་། ཟླ་བ་རྒྱལ་མཚན་ལ་སྲས་མེད་པ་ན། བྲུའི་གདུང་རྒྱུད་ཆད་པར་དོག་ནས་ཉི་མ་རྒྱལ་མཚན་གྱིས་ལྕམ་བཞེས་དགོས་བྱུང་། སྲས་ནམ་མཁའ་རྒྱལ་མཚན་འཁྲུངས། [19]ཞེས་སོ། །

དོན་ཚན་ལྔ་པ། སུམ་ལྡན་གཡོལ་པོ་མེ་དཔལ།

       མཁན་ཉི་མའི་བསྟན་རྩིས་ནོར་བུའི་ཕྲེང་བ་ལྟར་ན། སུམ་ལྡན་གཡོལ་པོ་མེ་དཔལ་ནི་སྤྱི་ལོ༡༡༣༤ཤིང་ཡོས་ལོར་སྐུ་འཁྲུངས་བར་བཤད། [20]གཡས་རུའི་སྟོན་པ་བཅོ་བརྒྱད་ནང་ནས་གཡོལ་པོ་མེ་དཔལ་དང་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་ལ་མེ་གཉོས་རྣམ་གཉིས་ཞེས་བརྗོད། བྲུ་ཨ་ཁྲིད་ལས། ཡུལ་ནི་གཡོལ་པོ་དོལ་ཡིན། གདུང་རུས་ནི་མེ་ཡིན། ཆུང་ནས་བཟུང་ཡིག་རྩིས་སོགས་ལ་སྦྱང་བ་དཔྱིས་སུ་ཕྱིན། ཆེར་སྐྱེས་ནས་གཡས་རུ་དབེན་ས་ཁར་བྱོན་ནས་བྲུ་སྟོན་ཉི་རྒྱལ་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བླངས། བཀའ་ལུང་རྒྱུད་སྡེ་མཐའ་དག་ལ་ཐོས་བསམ་མཛད།དེ་ནས་གཤེན་སྟོན་ནམ་མཁའི་མདུན་ནས་དག་པ་དྲང་སྲོང་གི་སྡོམ་པ་ཞུས། ཞང་དམ་པ་ཚུལ་ཤེས་དང་རྨ་སྟོན་སྲོལ་འཛིན་སོགས་ལ་གཏུགས་ནས་མདོ་སྔགས་རྫོགས་གསུམ་ཀུན་ལ་སྒྲོ་འདོགས་ལེགས་པར་བཅད།དབུ་རུ་ནག་པོ་དང་ཡར་ལྷ་ཤམ་པོ་སོགས་སུ་སྒྲུབ་མཚན་བཞུགས། དེ་ནས་བྲུ་སྟོན་ཉི་རྒྱལ་གྱི་གདན་ས་གཡས་རུ་དབེན་ས་ཁར་ལོ་འགའ་བཞུགས་ཏེ་བསྟན་པ་སྐྱོང་། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་དུ་གྱུར། དགུང་ལོ་སུམ་ཅུ་སོ་ལྔའི་སྟེང་གཉོས་སྟོན་ཚུལ་རྒྱལ་ཚབ་ཏུ་སྐོས་ཤིང་སྐུའི་དགོངས་པ་དབྱིངས་སུ་གཤེགས། [21]ཁོང་གི་གདུང་མེ་ཡིན་པས་མེ་སྟོན་དང་གདུང་རུས་གཅིག་གམ་དཔྱད་པར་བྱའོ།། དེའང་གཡོལ་པོ་ཞེས་པ་ནི་ད་ལྟ་བོད་ལྗོངས་གཞིས་ཀ་རྩེའི་ལྷོ་ཁ་སྣ་དཀར་རྩེ་རྫོང་མངར་བྲག་ཤང་གི་ཁོངས་སུ་གཏོགས།

དོན་ཚན་དྲུག་པ། གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན།

        བྲུ་ཨ་ཁྲིད་ལས་གཉོས་སྟོན་ཚུལ་རྒྱལ་རྒྱལ་ཐེབས་སུ་མཛད་པ་ཙམ་ལས་མི་གསལ། ཁོང་གི་གསུང་རྣམས་སུ་གཡར་མོ་ཐང་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་ཞེས་འབོད་པས། ཁམས་གཡར་མོ་ཐང་ནས་ཡིན་པ་གསལ་ལོ།། གཉོས་ཚུལ་ཁྲིམས་རྒྱལ་མཚན་དང་གཉོས་སྟོན་ཚུལ་རྒྱལ་སོགས་འབྲི་སྟང་ཁ་ཤས་འདུག མཁན་ཉི་མའི་བསྟན་རྩིས་ནོར་བུའི་ཕྲེང་བ་ལས། སྤྱི་ལོ༡༡༤༤ལ་འཁྲུངས་འདོད། [22]སུམ་ལྡན་གཡོལ་པོ་མེ་དཔལ་གྱི་སློབ་མ་དང་འ་ཞ་བདུད་རྩི་རྒྱལ་མཚན་གྱི་བླ་མ་ཡིན། དེའང་ཁམས་གཡར་མོ་ཐང་ཞེས་པ་ནི་ད་ལྟ་ཀན་སུའུ་ཀ་ཆུ་གཡར་མོ་ཐང་ཞེས་རྒྱའི་མཆོད་རྟེན་ཀ་རུའི་ཉེ་ཆ་ལ་ཡོད་པའི་ཀ་ཅུ(甘肃临夏市)ཟེར་བ་སྣང་བས་མཁས་པ་རྣམས་ཀྱིས་དཔྱད་པར་འཚལ།གཡར་མོ་ཐང་ལ་ཡིག་རྙིང་དུ་གཡེར་མོ་ཐང་བྲིས་པའང་སྣང་།

དོན་ཚན་བདུན་པ། འ་ཞ་བདུད་རྩི་རྒྱལ་མཚན།

       བྲུ་ཨ་ཁྲིད་ལས། ཞ་འ་བདུད་རྩི་རྒྱལ་མཚན་ལ་འགྲོ་མགོན་བདུད་རྩི་རྒྱལ་མཚན་ཟེར། ཡུལ་ནི་གཡོར་པོ་ས་ཆ་ནས་ཡིན། [23]གདུང་རུས་འ་ཞ་ཡིན་ཞིང་།ཡབ་འ་སྟོན་གཡུང་དྲུང་སེངྒེ་ཡིན། འཁྲུངས་ལོ་མི་གསལ། ༡༡༦༧ཡས་མས་ཡིན་ནམ་སྙམ། ཁོང་གི་སློབ་མ་འགྲོ་མགོན་བློ་གྲོས་སྤྱི་ལོ༡༡༩༨ལ་འཁྲུངས་བས་སོ།། ཆུང་དུས་ཡབ་ཀྱི་མདུན་ནས་བྲིས་ཀློག་ལ་སོགས་སྦྱང་། ཆེར་སྐྱེས་ནས་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ལ་སྦྱང་། མེ་གཉོས་རྣམ་གཉིས་སོགས་ཀྱི་མདུན་ནས་བྱང་སེམས་གབ་པ་དང་སྲིད་པའི་མཛོད་ཕུགས་སོགས་ཞུས་ཏེ་སྦྱང་བ་དཔྱིས་སུ་ཕྱིན།ཁྲོ་ཕུར་ཞང་གསུམ་ལ་གཞུང་འགྲེལ་དང་མཆན་འགྲེལ། ཕྱག་བཞེས་སོགས་ལྗགས་རྩོམ་མང་པོ་མཛད། འགྲོ་མགོན་གཡོལ་པོ་མེ་དཔལ་མདུན་ནས་དག་པ་དྲང་སྲོང་གི་སྡོམ་པ་བཞེས། ཚུལ་མིང་བདུད་རྩི་རྒྱལ་མཚན་བཏགས། ཁྱད་པར་དུ་ཨ་ཁྲིད་དང་ཞང་ཞུང་སྙན་རྒྱུད་སོགས་ཉམས་ལེན་ཆགས་མེད་མཛད། ཞུའི་གདན་ས་སྐྱིད་ཤོད་སོགས་སུ་ཕེབས་ནས་ཉམས་ལེན་མཛད། དེ་ནས་མེ་གཉོས་རྣམ་གཉིས་ཀྱི་གདན་ས་གཡས་རུ་དབེན་ས་ཁར་བཞུགས་ཏེ་གདན་ས་སྐྱོང་། དེ་ནི་བྲུ་སྟོན་ཉི་རྒྱལ་གྱི་སྲས་བྲུ་ནམ་མཁའ་རྒྱལ་མཚན་བཞུགས་པའི་དུས་ཡིན། བརྒྱུད་འཛིན་བུ་སློབ་གྲངས་མང་ཡང་ཐུགས་ཀྱི་སྲས་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་ཡིན།[24]

དོན་ཚན་བརྒྱད་པ། འ་ཞ་བློ་གྲོས་རྒྱལ་མཚན།

       འ་ཞ་བློ་གྲོས་རྒྱལ་མཚན་ལ་འགྲོ་མགོན་བློ་གྲོས་རྒྱལ་མཚན་ཡང་ཟེར། འཁྲུངས་ཡུལ་གཡོར་པོ་དོལ་ནས་ཡིན། གདུང་རུས་འ་ཞ་ཡིན། ཡབ་ལ་ཤེས་རབ་སེངྒེ་ཟེར། ཡུམ་མི་གསལ། འགྲོ་མགོན་བདུད་རྩི་རྒྱལ་མཚན་དང་བློ་གྲོས་རྒྱལ་མཚན་གཉིས་ལ་འགྲོ་མགོན་ཁུ་དབོན་ཞེས་འབོད། འགྲོ་མགོན་ཞེས་པ་ཕལ་ཆེར་ས་ཆ་ཞིག་གི་མཚན་ཡིན་ནམ་སྙམ།དཔེར་ན་ཁམས་ལི་ཐང་ཡུལ་དུ་འགྲོ་མགོན་དགོན་ཞེས་པ་ཞིག་ཡོད་པ་ལྟ་བུའོ། མཁན་ཉི་མའི་བསྟན་རྩིས་དང་རྣམ་ཐར་སོགས་ལྟར་ན།འགྲོ་མགོན་བློ་གྲོས་ཀྱང་སྤྱི་ལོ༡༡༩༨ལ་སྐུ་འཁྲུངས་བར་བཤད། [25]ཁོང་ཆུང་དུས་ནས་ཡི་གེ་འབྲི་ཀློག་ལ་སོགས་སྦྱང་ནས་མ་རྨོངས་པར་མཁྱེན། ཆེར་སྐྱེས་ནས་གཡས་རུ་དབེན་ས་ཁར་ཕེབས་ནས་ཁུ་བོ་བདུད་རྩི་རྒྱལ་མཚན་མདུན་དུ་སློབ་གཉེར་དང་རབ་བྱུང་མཛད། ཚུལ་མིང་བློ་གྲོས་རྒྱལ་མཚན་ཞེས་འབོད། ཞུའི་གདན་ས་སྐྱི་མཁར་སྔོ་ཕུགས་སུ་བྱོན་ནས་དབལ་ཕུར་ནག་པོའི་དབང་ལུང་སོགས་ཞུས། གཏེར་སྟོན་གཤེན་གྱེར་རྨ་དབྱིལ་ལས་དབྱིལ་སྟོན་ཁྱུང་རྒོད་དང་མཇལ་ནས་དཔོན་གསས་ཁྱུང་རྒོད་རྩལ་གྱི་གཏེར་བོན་ཀུན་གྱི་དབང་ལུང་མ་ལུས་བུམ་པ་གང་བྱོས་སུ་ཞུས། རྨ་ལྕམ་མེ་དང་རྨ་ཤེས་རབ་སེངྒེ་གཉིས་མདུན་ནས་སྔགས་རྫོགས་ཀྱི་དབང་ལུང་ཁྲིད་ཁ་མང་པོ་ཞུས། དེ་ནས་གཡས་རུ་དབེན་ས་ཁའི་གདན་ས་སྐྱོང་ནས་ལོ་མང་བཞུགས། དེ་དུས་བྲུ་ནམ་མཁའ་རིན་ཆེན་གྱི་སྲས་བྲུ་སྟོན་དར་མ་བཞུགས་པའི་དུས་སོ། །མཁས་པའི་སྙན་གྲགས་ཀུན་ནས་རྒྱས་ཏེ་ཤར་ལྷོ་ནུབ་བྱང་ཀུན་ནས་སློབ་མ་མང་པོ་འདུས།མཛོད་འགྲེལ་དང་རྒྱུད་འགྲེལ། ཚད་མ་ཀུན་བཏུས་དང་ཚད་བསྡུས་སོགས་ལྗགས་རྩོམ་ཤིན་ཏུ་མང་པོ་བརྩམས། དགུང་ལོ་དྲུག་ཅུ་རྩ་དྲུག་པ་སྟེ་སྤྱི་ལོ༡༢༦༤ལ་སྐུ་གཤེགས། སློབ་མ་བྲུ་སྟོན་ཚུལ་ཁྲིམས་རྒྱལ་མཚན།བྲུ་སྟོན་འདུལ་བ་རྒྱལ་མཚན་དང་ཁྲོ་ཚང་ཚུལ་ཁྲིམས་རྒྱལ་མཚན་སོགས་ཤིན་ཏུ་མང་། [26]

དོན་ཚན་དགུ་པ། བྲུ་འདུལ་བ་རྒྱལ་མཚན།

       བསྟན་རྩིས་ནོར་ཕྲེང་ལྟར་ན། བྲུ་སྟོན་འདུལ་བ་རྒྱལ་མཚན་ནི་གཡས་རུ་དབེན་ས་ཁ་བྲུའི་གདན་ས་ནས་བྲུ་ཤ་ཡོན་ཏན་རྒྱལ་མཚན་སྲས་སུ་སྤྱི་ལོ༡༢༣༩ལ་སྐུ་འཁྲུངས། ད་ལྟ་བོད་ལྗོངས་གཞིས་ཀ་རྩེ་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་གི་ཁོངས་སུ་གཏོགས།མཚན་ལྡན་འ་ཞ་བློ་གྲོས་རྒྱལ་མཚན་མདུན་ནས་ཐོས་བསམ་མང་པོ་མཛད། ཞུ་ཡི་གདན་ས་སྐྱིད་མཁར་དུ་རྒྱལ་མཚན་དར་མདུན་ནས་སྔགས་ཕྱོགས་ལ་སྦྱང་བ་མཛད། ཁོང་གིས་རབ་བྱུང་གི་སྡོམ་པ་གནང་བ་ཞུས་པས། རབ་ཏུ་བྱུང་ན་མི་འགྲིག  དགེ་བསྙེན་གྱི་སྡོམ་འབོགས་གསུངས་ནས་གནང་། མཚན་འདུལ་བ་གཡུང་དྲུང་དུ་བཏགས།འགྲོ་མགོན་བློ་གྲོས་མདུན་ནས་རབ་ཏུ་བྱུང་ནས་མཚན་འདུལ་བ་རྒྱལ་མཚན་བཏགས། ཡོངས་གྲགས་སུ་བྲུ་འདུལ་བ་རིན་པོ་ཆེ་ཟེར་བ་ཡིན། དེ་ནས་འགྲོ་མགོན་བློ་གྲོས་ཀྱིས་ད་ང་ན་སོ་རྒས་པས།བསྟན་པའི་བདག་པོ་ཡང་ཁྱེད་རང་ཡིན་པས། གདན་ས་ཟུངས་ལ་བུ་སློབ་སྐྱོང་ཞེས་གསུངས། དབང་ལུང་མན་ངག་གི་བརྒྱུད་པ་ཆ་ཚང་གནང་ནས་གདན་ས་སྐྱོང་། དེར་བུ་སློབ་གྲངས་མེད་འཕེལ།བསྟན་པའི་བྱ་བ་རྒྱ་ཆེན་པོ་འགྲུབ། གདན་ས་ལོ་འགའ་སྐྱོང་བ་དང་དགོན་པར་སྡོད་མ་འདོད་པས། བུ་སློབ་རྣམས་ཀྱིས་རེ་བ་ནན་ཞུ་བྱས་ཀྱང་མཐར་དགོན་པ་དང་བྲལ་ནས་བྱ་བྲལ་མཛད། ཁོང་གིས་ཞལ་གདམས་ལས། ཕྱི་བདག་འཁྲུལ་བའི་ཡུལ་མཁར་སྤང་།། ནང་ཞེན་འཛིན་འཁྲུལ་བའི་གཉེན་འདུན་སྤང་། །བར་འདུ་འཛི་གཡེང་བའི་ཡོ་ལང་སྤང་།། ཞེས་པ་ལྟར་རོ།། སྔར་གྱི་མཁས་པ་དགོངས་མཛོད་རི་ཁྲོད་པའི་མཛད་སྲོལ་ཅི་ལྟ་བ་བཞིན་སྐྱོང་། དེ་ནས་ཡར་འབྲོག་ར་དམར་ན་བཞུགས་དུས་དགོན་པའི་ལས་སྣེ་བ་རྣམས་ཀྱིས་གདན་འདྲེན་ཞུས་ཀྱང་མ་ཕེབས། དགུང་ལོ་ལྔ་བཅུ་རྩ་ལྔ་པ་སྟེ་སྤྱི་ལོ༡༢༩༤ལ་འབུམ་ཐང་དུ་སྐུ་གཤེགས། [27]ཞང་བོད་ཀྱི་བསྟན་འབྱུང་ལྷ་རྒྱུད་རིན་ཆེན་ཕྲེང་བ་ལས། འགྲོ་མགོན་རྩ་བའི་བླ་མའི་སྐུ་གདུང་མདུན་དུ་པུས་བཙུགས་ཐལ་མོ་སྦྱར་ནས། རི་ཁྲོད་དུ་འགྲིམ་པར་དམ་བཅའ་མཛད། གཡས་རུ་མཁར་སྣ་སོགས་རི་ཁྲོད་དུ་མར་འགྲིམ་པར་བཤད། [28]Screen Shot 2020-08-25 at 1.32.14 PM

དོན་ཚན་བཅུ་པ། བྲུ་རྒྱལ་བ་གཡུང་དྲུང་།

       ཞང་བོད་ཀྱི་བསྟན་འབྱུང་ལྷ་རྒྱུད་རིན་ཆེན་ཕྲེང་བ་ལས། དེ་ནས་དབོན་ཆུང་མཁས་བཙུན་རྒྱལ་བ་གཡུང་དྲུང་ནི་ཡབ་བྲུ་ཤ་བསོད་ནམས་རྒྱལ་མཚན་གྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་ནས་འདུལ་བ་རིན་པོ་ཆེའི་མདུན་དུ་ཡི་གེའི་འབྲི་ཀློག་སོགས་སྦྱང་། དེ་ནས་བྲུ་འདུལ་བ་རིན་པོ་ཆེ་དང་འགྲོ་མགོན་ཁུ་དབོན། རྨ་སྟོན་སོགས་ཀྱི་མདུན་ནས་དབུ་མཛོད་འདུལ་ཕལ་ཕྱིན་སོགས་སྦྱང་བ་དཔྱིས་སུ་ཕྱིན། ཡི་དམ་ཕྱི་ནང་གསང་གསུམ་དང་སྔགས་རྫོགས་ཀྱི་དབང་ལུང་ཁྲིད་ཁ་རྩ་རླུང་སོགས་མང་པོ་གསན་བསམ་མཛད། [29]ཁོང་གི་འཁྲུངས་ལོ་ནི་སྤྱི་ལོ༡༢༤ཡིན་ཚུལ་མཁན་པོ་ཉི་མ་བསྟན་འཛིན་གྱི་རྣམ་ཐར་དང་བསྟན་རྩིས་སོགས་སུ་གསལ། [30]ཡང་ཨ་ཁྲིད་ཐུན་མཚམས་བརྒྱད་ཅུ་པ་དང་སུམ་བཅུ་རྣམས་ཀྱི་དགོངས་པ་བསྡུས་ཏེ་ཐུན་མཚམས་བཅོ་ལྔ་པ་མཛད། ཉམས་བརྒྱུད་རྒྱལ་བའི་ཕྱག་ཁྲིད་དང་བྲུ་ཨ་ཁྲིད་སོགས་རྫོགས་ཆེན་ཕྱོགས་ནས་ཕྱག་རྩོམ་མང་པོ་གནང་། བྲུ་འདུལ་བ་རིན་པོ་ཆེའི་རྒྱུད་འཛིན་ཞིང་གཡས་རུ་དབེན་ས་ཁའི་གདན་ས་སྐྱོང་། བརྒྱུད་འཛིན་བུ་སློབ་ཀྱང་གྲངས་མེད་པར་འཕེལ། རྒྱ་གར་བོན་སྐོར་དང་ཞང་ཞུང་བོན་སྐོར་སོགས་ཀུན་ལ་ཐུགས་དམ་ནན་མོ་བྱས། གཡས་རུ་དབེན་ས་ཁའི་རི་ཁྲོད་གཡས་རུ་མཁར་སྣར་བཞུགས་ནས་དབྱར་ཁྲིད་དང་དགུན་ཁྲིད་ཆགས་མེད་མཛད། མཐར་དགུང་ལོ་ལྔ་བཅུ་རྩ་དགུ་པ་སྟེ་སྤྱི་ལོ༡༣༠༡ལ་སྐུ་གཤེགས་ཚུལ་བཤད།

དོན་ཚན་བཅུ་གཅིག་པ། ནམ་མཁའ་འོད་ཟེར།

      ནམ་མཁའ་འོད་ཟེར་ནི་གཡས་རུ་དབེན་ས་ཁར་ཡབ་བྲུ་ཤ་བསོད་ནམས་རྒྱལ་མཚན་དང་ཡུམ་མ་ཅིག་ཨུག་ཡོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྲུ་རྒྱལ་བ་གཡུང་དྲུང་གི་སློབ་མ་དང་གཅུང་པོའང་ཡིན་པས་དེ་དང་དུས་མཉམ་ཡིན་པར་ཤེས་ཐུབ།སྐུ་མཆེད་བཞིའི་ཆུང་བ་ཡིན། ཆུང་དུས་ནས་ཡི་གེའི་འབྲི་ཀློག་སོགས་སྦྱང་། ཆེར་སྐྱེས་ནས་བྲུ་རྒྱལ་བ་གཡུང་དྲུང་མདུན་ནས་རབ་ཏུ་བྱུང་།མཚན་ལ་ནམ་མཁའ་འོད་ཟེར་ཞེས་བཏགས། ཕྱི་ནང་གསང་བའི་བོན་ལ་སྒྲོ་འདོགས་ལེགས་པར་བཅད། ཁྱད་པར་ཞང་ཞུང་སྙན་རྒྱུད་དང་ཨ་ཁྲིད་རྫོགས་པ་ཆེན་པོ་མན་ངག་དམར་ཁྲིད་རྣམས་རྫོགས་པར་ཞུས། གཡས་རུ་མཁར་སྣ་གསང་ཕུགས་སོགས་སྒྲུབ་པ་མཛད་པས། སྙན་རྒྱུད་ཞི་བ་ཨ་གསལ་ལས།གསང་ཕུག་གནས་སུ་ཐེག་ཆེན་བསྟན་པ་སྤེལ། །ནམ་མཁའ་འོད་ཟེར་སྐུ་ལ་གསོལ་བ་འདེབས། ཞེས་པས་སོ། །[31]ཁོང་གི་ལྕགས་རྩོམ་ལའང་མགུར་འབུམ་དང་ཐུགས་གྲོལ་གྱི་གདམས་པ་སོགས་ཤིན་ཏུ་མང་།[32]

དོན་ཚན་བཅུ་གཉིས་པ། བསོད་ནམས་རྒྱལ་མཚན།

       མཐའ་བྲལ་བསོད་ནམས་རྒྱལ་མཚན་གྱི་འཁྲུངས་ཡུལ་གཡས་རུ་དབེན་ས་ཁ་ཡིན། གདུང་རུས་བྲུ། ཡབ་བྲུ་ཤ་འདུལ་བ་གཡུང་དྲུང་དང་ཡུམ་སྣ་ལུང་ཟ་བསོད་རྒྱན་གཉིས་ཀྱི་སྲས་སུ་སྤྱི་ལོ༡༢༦༨ལ་སྐུ་འཁྲུངས། [33]སྐུ་མཆེད་གཉིས་ལས་གཅེན་པོ་ཡིན། སྐུ་འཁྲུངས་བ་ནས་རྟོགས་ལྡན་ནམ་མཁའ་འོད་ཟེར་སྐུ་མདུན་ནས་ཕྱི་ནང་གསང་བའི་དབང་ལུང་ཁྲིད་ཁ་མང་པོ་ཞུས། དགུང་ལོ་བཅོ་ལྔ་ནས་མཉམ་མེད་རྒྱལ་བ་གཡུང་དྲུང་མདུན་ནས་དྲང་སྲོང་གི་སྡོམ་པ་ཞུས་ཏེ་མཚན་བསོད་ནམས་རྒྱལ་མཚན་ཞེས་བཏགས། གཏེར་སྟོན་རྡོ་རྗེ་གླིང་པའམ་གཡུང་དྲུང་གླིང་པའི་མདུན་ནས་ཁོང་གི་གཏེར་བོན་ཁ་ཚང་གི་ཁྲི་ལུང་ཐོབ། རྒྱ་གར་བོན་སྐོར་ལའང་སྦྱང་བ་དཔྱིས་སུ་ཕྱིན། གཡས་རུ་མཁར་སྣ་དགོན་དུ་བཞུགས་ནས་དབྱར་ཁྲིད་དང་དགུན་ཁྲིད་ཆགས་མེད་མཛད། དགུང་ལོལྔ་བཅུ་རྩ་བཞི་པ་སྤྱི་ལོ༡༣༢༢ལ་སྐུ་གཤེགས། [34]

དོན་ཚན་བཅུ་གསུམ་པ། བསོད་ནམ་ས་བློ་གྲོས།

       བསོད་ནམས་བློ་གྲོས་ལ་བྲུ་མཚུངས་མེད་བསོད་ནམས་བློ་གྲོས་ཀྱང་ཟེར། སྐུ་འཁྲུངས་ཡུལ་གཡས་རུ་དབེན་ས་ཁ་ཡིན། ཡབ་བྲུ་ཤ་ནམ་མཁའ་གཡུང་དྲུང་དང་ཡུམ་ས་སྐྱ་ཟ་མཁའ་འགྲོ་རྒྱན་གཉིས་ཀྱི་སྲས་སུ་སྤྱི་ལོ༡༢༧༧ལ་སྐུ་འཁྲུངས། སྐུ་མཆེད་གསུམ་ཡོད་པ་ལས་བར་མ་ཡིན།དགུང་ལོ་དགུའི་སྐབས་སུ་བྲུ་འདུལ་བ་རིན་པོ་ཆེ་དང་ནམ་མཁའ་འོད་ཟེར་ཟུང་གི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་བླངས་བས་མཚན་ལ་བསོད་ནམས་བློ་གྲོས་ཞེས་གསོལ། ཕྱི་ནང་གསང་བའི་བོན་ལ་ཐོས་བསམ་མང་པོ་མཛད། དགུང་ལོ་བཅུ་དྲུག་ནས་ཕལ་ཕྱིན་མངོན་པ་དབུ་ཚད་སོགས་ལ་ཐོས་བསམ་མཛད། ཉི་ཤུ་པ་ལ་མདོ་ཁམས་སྨད་རྨ་རྒྱལ་སྤོམ་རའི་ཕྱོགས་སུ་ཕེབས་ཏེ་བསྟན་པའི་འགྲོ་དོན་རྒྱ་ཆེན་པོ་མཛད།དེ་ནས་མངའ་རིས་སུ་བྱོན་ནས་གཅུང་པོ་དད་པ་ཤེས་རབ་དང་མཇལ། ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་ཁ་མང་པོ་ཞུས། གངས་རི་མཚོ་གསུམ་སོགས་ཀྱི་གནས་རི་རྣམས་ལ་མཇལ་སྐོར་མཛད། མཚན་ཡང་མངའ་རིས་བསོད་ནམས་རྒྱལ་མཚན་ཞེས་གྲགས། སླར་ཡང་གདན་ས་དབེན་ས་ཁར་ཕེབས་ཏེ་སྙན་རྒྱུད་དང་ཨ་ཁྲིད་སོགས་ཀྱི་དབྱར་ཁྲིད་དང་དགུན་ཁྲིད་ཆགས་མེད་མཛད། བྱ་རི་གཙུག་ལྡན་མན་ཆད་ནས་རྒྱ་ནག་ཁྲི་སྒོ་ཡན་ཆོད་དུ་བོན་གྱི་བསྟན་པ་སྤེལ། རྩ་རྒྱུ་གསང་བསེན་ཐུབ་ཀྱི་འགྲེལ་དང་མཛོད་བོན་གྱི་གླད་དོན། རྣམ་དག་གི་འགྲེལ།གཏམ་རྒྱུད་ནོར་བུའི་ཕྲེང་བ། རྣམ་དག་འགྱུར་མེད་ཀྱི་འགྲེལ།བླ་མའི་སྒྲུབ་པ་བསམ་འཕེལ་ནོར་བུ་སོགས་ལྕགས་རྩོམ་ཤིན་ཏུ་མང་། མཐར་དགུང་ལོ་དྲུག་ཅུ་ར་ལྔ་པ་སྤྱི་ལོ༡༣༤༢ལ་སྐུ་གཤེགས། ཞིབ་ཆ་བྲུ་ཨ་ཁྲིད་དང་ལྷ་རྒྱུད་རིན་ཆེན་ཕྲེང་བ་སོགས་སུ་གསལ།

དོན་ཚན་བཅུ་བཞི་པ། ནམ་མཁའ་བསོད་ནམས།

      ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས། བྲུ་རྒྱལ་བ་གཡུང་དྲུང་། ནམ་མཁའ་འོད་ཟེར། བསོད་ནམས་རྒྱལ་མཚན། བསོད་ནམས་བློ་གྲོས།ནམ་མཁའ་བསོད་ནམས། ཚེ་དབང་རྒྱལ་མཚན་ཞེས་པ་ཙམ་ལས་ལོ་རྒྱུས་ཁ་གསལ་མི་འདུག [35]ལོ་རྒྱུས་ལ་ལར་མཁས་གྲུབ་ནམ་མཁའ་བསོད་ནམས་ཞེས་འབོད། འཁྲུངས་ལོ་དང་འཁྲུངས་གནས་ཡབ་ཡུམ་སོགས་མི་གསལ།  བསོད་ནམས་བློ་གྲོས་ཀྱི་སློབ་མ་ཡིན་པས།དེ་དང་དུས་མཉམ་ཡིན་པ་སྨོས་མ་དགོས།

དོན་ཚན་བཅོ་ལྔ་པ། སྤྲུལ་སྐུ་ཚེ་དབང་རྒྱལ་མཚན།

       ཚེ་དབང་རྒྱལ་མཚན་ལ་སྤྲུལ་སྐུ་ཚེ་དབང་ཡང་ཟེར། འཁྲུང་ཡུལ་གཡས་རུ་དབེན་ས་ཁ།གདུང་རུས་བྲུ་ཡིན།ཡབ་ནམ་མཁའ་རྒྱལ་མཚན་སྲས་སུ་དུས་རབས་བཅུ་བཞི་པའི་དུས་འགོ་ཙམ་ལ་སྐུ་འཁྲུངས། སྐུ་མཆེད་གཉིས་ལས་རྒན་པ་དེ་ཡིན། གཅུང་ནམ་མཁའ་རིན་ཆེན་ཟེར། བྲུ་མཚུངས་མེད་བསོད་ནམ་བློ་གྲོས་སོགས་ཀྱི་མདུན་ནས་གབ་མཛོད་ས་གསུམ། འདུལ་ཕལ་དབུ་ཚད་གསན་བསམ་བཞེས། སོ་བྱང་སྔགས་གསུམ་མ་ལུས་རིམ་གྱིས་བཞེས། རིམ་བཞིན་དབེན་ས་ཁའི་གདན་ས་སྐྱོང་ནས་དབྱར་ཁྲིད་དང་དགུན་ཁྲིད་སོགས་ཆགས་མེད་མཛད་པས། གཡས་རུ་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་ཏུ་གྱུར།

དོན་ཚན་བཅུ་དྲུག་པ། རྣམ་སྤྲུལ་ནམ་མཁའ་རིན་ཆེན།

      རྣམ་སྤྲུལ་ནམ་མཁའ་རིན་ཆེན་ནམ་མཁའ་རིན་ཆེན་ལ་བསྡུས་མིང་མཁས་བཙུན་ནམ་རིན་ཟེར། འཁྲུངས་ཡུལ་གཡས་རུ་དབེན་ས་ཁ་ཡིན། གདུང་རུས་བྲུ། སྤྲུལ་སྐུ་ཚེ་དབང་ངམ་ཚེ་དབང་རྒྱལ་མཚན་གྱི་སྐུ་མཆེད་ཆུང་བ་ཡིན།ཆུང་ནས་བྲུ་མཚུངས་བསོད་བློ་དང་མཁས་གྲུབ་ནམ་བསོད་སོགས་ཀྱི་མདུན་ནས་གབ་མཛོད་ས་གསུམ། སོ་བྱང་སྔགས་གསུམ།འདུལ་ཕལ་དབུ་ཚད་ལ་ཐོས་བསམ་མང་པོ་མཛད། ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་ལུང་དང་ཁྲིད་ཁ་མང་པོ་ཞུས་ཏེ།དབེན་ས་ཁིའ་གདན་ས་སྐྱོང་། འདས་ལོ་མི་གསལ།

དོན་ཚན་བཅུ་བདུན་པ། བྲུ་རྣམ་རྒྱལ་ཀ་ར།

       སྤྲུལ་སྐུ་རྣམ་རྒྱལ་ཀ་རའི་འཁྲུངས་ཡུལ་ནི་གཡས་རུ་དབེན་ས་ཁ་དང་། གདུང་རུས་བྲུ་ཡིན། ཡབ་བྲུ་ཤ་རྒྱལ་མཚན་འོད་ཟེར་དང་ཡུམ་བོ་དོ་ཟ་རྒྱལ་མོ་གཉིས་ཡིན། དགུང་ལོ་བཅུའི་ཐོག་ཏུ་ཁུ་བོ་བསོད་ནམས་རྒྱལ་མཚན་མདུན་ནས་ཐོས་བསམ་སློབ་གཉེར་མང་པོ་མཛད། ཁྱད་པར་མཚུངས་མེད་བསོད་ནམས་བློ་གྲོས་མདུན་ནས་གནས་ལུགས་ཐེག་པ་ཆེན་པོའི་ངོ་སྤྲོད་ཞུས། ཨ་ཁྲིད་དང་ཞང་ཞུང་སྙན་རྒྱུད་རྒྱ་གར་བོན་སྐོར་སོགས་རྒྱུད་ལུང་མན་ངག་མ་ལུས་བུམ་གང་བྱོས་སུ་ཞུས། གཡས་རུ་མཁར་སྣ་དང་བཀྲ་ཤིས་རྩེ་བྲག་སོགས་སུ་བཞུགས་ནས་ཉམས་ལེན་མཛད། གདན་ས་དབན་ས་ཁ་ལོ་བདུན་ལ་བཟུང་ནས་བུ་སློབ་སྐྱོང་། བླ་མ་གོང་མའི་ཐུགས་བཀོད་བཞིན་དབུ་རྩེ་དཀར་པོ་དང་དམར་པོར་གསེར་ཁང་ཡིད་བཞིན་ནོར་བུ་དང་མཆོད་རྟེན་གཡུང་དྲུང་བཀོད་ལེགས་བཞེངས། དགུང་ལོ་ལྔ་བཅུ་རྩ་དྲུག་སྟེང་དུ་སྐུ་གཤེགས། འཁྲུངས་ལོ་མི་གསལ།  [36]

དོན་ཚན་བཅོ་བརྒྱད་པ། མཁས་གྲུབ་རིན་ཆེན་བློ་གྲོས།

        མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་འཁྲུངས་ཡུལ་དབེན་ས་ཁ་ཡིན། གདུང་རུས་བྲུ་ཡིན། ཡབ་དཔོན་ཚང་ཀུན་དགའ་དང་ཡུམ་བྲུ་ཤ་ཟ་རྒྱན་མོ་གཉིས་ཀྱི་སྲས་སུ་དུས་རབས་བཅུ་བཞི་པའི་ལོ་རབས་སུམ་ཅུ་ཡས་མས་སུ་སྐུ་འཁྲུངས།ཆུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བླངས་བས་མཚན་རིན་ཆེན་བློ་གྲོས་ཞེས་གསོལ། དགུང་ལོ་བཅུ་དྲུག་ཐོག་ཏུ་སློབ་དཔོན་གསལ་བ་ཡེ་ཤེས་ཀྱི་དྲུང་དུ་ཐོས་བསམ་མང་པོ་མཛད། སྤྲུལ་སྐུ་རྣམ་རྒྱལ་ཀ་རའི་མདུན་ནས་ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་ཁ་དང་། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་ལག་ལེན་དམར་ཁྲིད་རྫོགས་པར་ཞུས། རྣམ་རྒྱལ་ཀ་རས་བཀའ་གསུང་ལྟར་དབུས་ཀྱི་ན་ལེནྟྲ་རུ་རོང་སྟོན་ཤེས་བྱ་ཀུན་རིག་མདུན་ཏུ་ཕར་ཕྱིན་མངོན་པ་ཚད་མ་ལ་སོགས་གཞན་སྡེའི་གཞུང་ལུགས་མང་པོ་ཐོས་བསམ་མཛད། གཡས་རུ་དབེན་ས་ཁར་ཕེབས་ནས་དྲིན་ཆེན་གཡུང་དྲུང་ཡེ་ཤེས་མདུན་ནས་ཞང་ཞུང་སྙན་རྒྱུད་ཞི་གཅོད་ལྷན་སྐྱེས་དམར་བྱང་ལ་སོགས།ལག་ལེན་དམར་ཁྲིད་རྫོགས་པར་ཞུས། དེ་ནས་དབུས་གཙང་དང་མངའ་རིས་མདོ་ཁམས་ཡུལ་གྲུ་ཀུན་ཏུ་བཞུད་ནས་གནས་ཆེན་ཁག་ལ་མཇལ་སྐོར་མཛད།བོན་གྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཁོང་ལ་ལམ་རིམ་སུམ་བརྒྱ་བའི་འགྲེལ།དབུ་མ་བདེན་གཉིས་ཀྱི་འགྲེལ། འདུལ་བ་སྣོད་བཅུད་རྣམས་ཀྱི་འགྲེལ་སོགས་ཤིན་ཏུ་མང་བ་བཤད། དགུང་ལོ་དྲུག་ཅུ་རྩ་བཞིའི་སྟེང་སྐུ་གཤེགས། སློབ་མ་དྲང་སྲོང་རིན་ཆེན་རྒྱལ་མཚན་དང་མཉམ་མེད་ཤེས་རབ་རྒྱལ་མཚན་སོགས་མང་།ཁོང་གི་སྐུ་ཚེའི་སྨད་ལ་དབེན་ས་ཁ་ཤ་བོའི་ནང་དུ་འཇིག་པ་ཐེབས་ནས།དབེན་ས་ཁའང་ལོ་རྒྱུས་ཙམ་ཏུ་གྱུར། [37]རིན་ཆེན་རྒྱལ་མཚན་གྱི་སློབ་མ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་སྨན་རིའི་དགོན་བཙུགས་ནས་མཁན་རབས་སུམ་ཅུ་སོ་བཞི་རིམ་གྱིས་བྱོན།

/

དཔྱད་གཞིའི་དཔེ་ཁུངས།

[]མཁན་པོ་ཉི་མ་བསྟན་འཛིན་གྱིས་བརྩམས། <<གཡུང་དྲུང་བོན་གྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ>>དཔེ་ཁུངས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ།ཤོག་ལྡེབ༡༠༥༢པ། སྤྱི་ལོ༢༠༡༦ཟླ༡༡་པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[]ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། <<ལེགས་བཤད་རིན་པོ་ཆེའི་གཏེར་མཛོད>>ཤོག་ལྡེབ༢༣༩པ། སྤྱི་ལོ༡༩༨༥ཟླ༩པ་ལ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[]ཉི་མ་བསྟན་འཛིན་གྱིས་བརྩམས།<<མཁན་ཉི་མ་བསྟན་འཛིན་གྱི་རྣམ་ཐར>>ཤོག་ལྡེབ༦༢པ་ན་གསལ། སྤྱི་ལོ༢༠༡༢ཟླ༩པ་ལ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

[]ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། <<ལེགས་བཤད་རིན་པོ་ཆེའི་གཏེར་མཛོད>>ཤོག་ལྡེབ༢༤༠པ། སྤྱི་ལོ༡༩༨༥ཟླ༩པ་ལ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[]སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྨད་ཆ། <<ཞང་བོད་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ>>ཤོག་ལྡེབ༧༤༢པ། སྤྱི་ལོ༢༠༡༦ཟླ༡༡པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

[]སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ། <<ཞང་བོད་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ>>ཤོག་ལྡེབ༧༤༢པ། སྤྱི་ལོ༢༠༡༦ཟླ༡༡པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

[]ཁྲི་བསོད་བསྟན་གྱིས་བསྒྲིགས།བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོདེབ་བཅུ་པ། ཤོག་ལྡེབ༥༢༦པ། སྤྱི་ལོ༢༠༡༨ཟླ༡༡པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

[]ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། <<ལེགས་བཤད་རིན་པོ་ཆེའི་གཏེར་མཛོད>>ཤོག་ལྡེབ༡༤༤པ། སྤྱི་ལོ༡༩༨༥ཟླ༩པ་ལ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[]ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། <<ལེགས་བཤད་རིན་པོ་ཆེའི་གཏེར་མཛོད>>ཤོག་ལྡེབ༢༦༣པ། སྤྱི་ལོ༡༩༨༥ཟླ༩པ་ལ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[]སྤ་བསྟན་རྒྱལ་བཟང་པོས་བརྩམས། <<བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན>>ཤོག་ལྡེབ༢༡༢པ། སྤྱི་ལོ༡༩༩༡ཟླ༡༡པ་ཀྲུང་གོ་བོད་རིག་དཔེ་སྐྲུན་ཁང་གིས་བསྐྲུན།

[11]མཁན་པོ་ཉི་མ་བསྟན་འཛིན་གྱིས་བརྩམས། <<གཡུང་དྲུང་བོན་གྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ>>དཔེ་ཁུངས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ།ཤོག་ལྡེབ༡༠༥༢པ། སྤྱི་ལོ༢༠༡༦ཟླ༡༡་པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[12]སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ། <<ཞང་བོད་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ>>ཤོག་ལྡེབ༧༤༢པ། སྤྱི་ལོ༢༠༡༦ཟླ༡༡པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

[13]སྤ་བསྟན་རྒྱལ་བཟང་པོས་བརྩམས། <<བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན>>ཤོག་ལྡེབ༢༡༣པ། སྤྱི་ལོ༡༩༩༡ཟླ༡༡པ་ཀྲུང་གོ་བོད་རིག་དཔེ་སྐྲུན་ཁང་གིས་བསྐྲུན།

[14]སྒ་སྟོ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས།གཏེར་གྱི་ཁ་བྱངདཔེ་ཁུངསབོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོཤོག་ལྡེབ༣༠༦པ། སྤྱི་ལོ༢༠༡༨ཟླ༧པ་ལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

[15]མཁན་པོ་ཉི་མ་བསྟན་འཛིན་གྱིས་བརྩམས། <<གཡུང་དྲུང་བོན་གྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ>>དཔེ་ཁུངས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ།ཤོག་ལྡེབ༡༠༥༢པ། སྤྱི་ལོ༢༠༡༦ཟླ༡༡་པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[16]སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས།<<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ།<<ཞང་བོད་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ>>ཤོག་ལྡེབ༧༤༢པ།སྤྱི་ལོ༢༠༡༦ཟླ༡༡པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

[17]ཁྲི་བསོད་བསྟན་གྱིས་བསྒྲིགས།བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོདེབ་དགུ་པ། ཤོག་ལྡེབ༢༧༧པ། སྤྱི་ལོ༢༠༡༨ཟླ༧པ་ལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་བསྐྲུན།

[18]མཁན་པོ་ཉི་མ་བསྟན་འཛིན་གྱིས་བརྩམས། <<གཡུང་དྲུང་བོན་གྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ>>དཔེ་ཁུངས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ།ཤོག་ལྡེབ༡༠༥༢པ། སྤྱི་ལོ༢༠༡༦ཟླ༡༡་པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[19]ཁྲི་བསོད་བསྟན་གྱིས་བསྒྲིགས།བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོདེབ་དགུ་པ། ཤོག་ལྡེབ༢༧༧པ། སྤྱི་ལོ༢༠༡༨ཟླ༧པ་ལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་བསྐྲུན།

[20]མཁན་པོ་ཉི་མ་བསྟན་འཛིན་གྱིས་བརྩམས། <<གཡུང་དྲུང་བོན་གྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ>>དཔེ་ཁུངས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ།ཤོག་ལྡེབ༡༠༥༢པ། སྤྱི་ལོ༢༠༡༦ཟླ༡༡་པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[21]ཡོན་ཏན་ཕུན་ཚོགས་ཀྱིས་བསྒྲིགས།སྒོ་བཞི་མཛོད་ལྔའི་ཡང་བཅུདདེབ༢༠པ། བྲུ་ཡི་ཨ་ཁྲིདཤོག་ལྡེབ༢༥པ། སྤྱི་ལོ༢༠༡༣ཟླ༡༢པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་བསྐྲུན།

[22]མཁན་པོ་ཉི་མ་བསྟན་འཛིན་གྱིས་བརྩམས། <<གཡུང་དྲུང་བོན་གྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ>>དཔེ་ཁུངས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ།ཤོག་ལྡེབ༡༠༥༢པ། སྤྱི་ལོ༢༠༡༦ཟླ༡༡་པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[23]གཡོར་པོ་ནི་ད་ལྟ་བོད་ལྗོངས་གཞི་ཀ་རྩེ་ལྷོ་ཁ་སྣེ་དཀར་རྩེ་རྫོང་མངར་བྲག་ཤང་གིས་ཁོངས་སུ་གཏོགས་པར་བཤད།

[24]ཡོན་ཏན་ཕུན་ཚོགས་ཀྱིས་བསྒྲིགས།སྒོ་བཞི་མཛོད་ལྔའི་ཡང་བཅུདདེབ༢༠པ། བྲུ་ཡི་ཨ་ཁྲིདཤོག་ལྡེབ༢༧པ། སྤྱི་ལོ༢༠༡༣ཟླ༡༢པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་བསྐྲུན།

[25]མཁན་པོ་ཉི་མ་བསྟན་འཛིན་གྱིས་བརྩམས། <<གཡུང་དྲུང་བོན་གྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ>>དཔེ་ཁུངས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ།ཤོག་ལྡེབ༡༠༥༢པ། སྤྱི་ལོ༢༠༡༦ཟླ༡༡་པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[26]ཡོན་ཏན་ཕུན་ཚོགས་ཀྱིས་བསྒྲིགས།སྒོ་བཞི་མཛོད་ལྔའི་ཡང་བཅུདདེབ༢༠པ། བྲུ་ཡི་ཨ་ཁྲིདཤོག་ལྡེབ༣༠པ། སྤྱི་ལོ༢༠༡༣ཟླ༡༢པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་བསྐྲུན།

[27]ཡོན་ཏན་ཕུན་ཚོགས་ཀྱིས་བསྒྲིགས།སྒོ་བཞི་མཛོད་ལྔའི་ཡང་བཅུདདེབ༢༠པ། བྲུ་ཡི་ཨ་ཁྲིདཤོག་ལྡེབ༣༥པ། སྤྱི་ལོ༢༠༡༣ཟླ༡༢པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་བསྐྲུན།

[28]སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ། <<ཞང་བོད་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ>>ཤོག་ལྡེབ༧༤༢པ། སྤྱི་ལོ༢༠༡༦ཟླ༡༡པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

[29]སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ། <<ཞང་བོད་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ>>ཤོག་ལྡེབ༧༤༢པ། སྤྱི་ལོ༢༠༡༦ཟླ༡༡པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

[30]མཁན་པོ་ཉི་མ་བསྟན་འཛིན་གྱིས་བརྩམས། <<གཡུང་དྲུང་བོན་གྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ>>དཔེ་ཁུངས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ།ཤོག་ལྡེབ༡༠༥༢པ། སྤྱི་ལོ༢༠༡༦ཟླ༡༡་པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[31]གྱེར་མི་ཉི་འོད་ཀྱི་སྙན་རྒྱུད།སྙན་རྒྱུད་ཞི་བ་ཨ་གསལཤོག་ལྡེབ༥པ། ལག་བྲིས་མ། ལྡེབ་རིང་། ད་ལྟ་བྲག་འགོ་རྫོང་གཞི་རིང་དགོན་སྐལ་བཟང་ཉི་མའི་ཕྱག་ཏུ་ཡོད།

[32]ཡོན་ཏན་ཕུན་ཚོགས་ཀྱིས་བསྒྲིགས།སྒོ་བཞི་མཛོད་ལྔའི་ཡང་བཅུདདེབ༢༠པ། བྲུ་ཡི་ཨ་ཁྲིདཤོག་ལྡེབ༤༢པ། སྤྱི་ལོ༢༠༡༣ཟླ༡༢པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་བསྐྲུན།

[33]མཁན་པོ་ཉི་མ་བསྟན་འཛིན་གྱིས་བརྩམས། <<གཡུང་དྲུང་བོན་གྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ>>དཔེ་ཁུངས། <<ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས>>སྟོད་ཆ།ཤོག་ལྡེབ༡༠༥༢པ། སྤྱི་ལོ༢༠༡༦ཟླ༡༡་པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན།

[34]ཡོན་ཏན་ཕུན་ཚོགས་ཀྱིས་བསྒྲིགས།སྒོ་བཞི་མཛོད་ལྔའི་ཡང་བཅུདདེབ༢༠པ། བྲུ་ཡི་ཨ་ཁྲིདཤོག་ལྡེབ༤༦པ། སྤྱི་ལོ༢༠༡༣ཟླ༡༢པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་བསྐྲུན།

[35]ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས།ལེགས་བཤད་རིན་པོ་ཆེའི་གཏེར་མཛོདཤོག་ལྡེབ༢༦༣པ། སྤྱི་ལོ༡༩༨༥ཟླ༩པ་ལ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་བསྐྲུན།

[36]ཡོན་ཏན་ཕུན་ཚོགས་ཀྱིས་བསྒྲིགས།སྒོ་བཞི་མཛོད་ལྔའི་ཡང་བཅུདདེབ༢༠པ། བྲུ་ཡི་ཨ་ཁྲིདཤོག་ལྡེབ༤༨པ། སྤྱི་ལོ༢༠༡༣ཟླ༡༢པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་བསྐྲུན།

[37]ཡོན་ཏན་ཕུན་ཚོགས་ཀྱིས་བསྒྲིགས།སྒོ་བཞི་མཛོད་ལྔའི་ཡང་བཅུདདེབ༢༠པ། བྲུ་ཡི་ཨ་ཁྲིདཤོག་ལྡེབ༤༩པ། སྤྱི་ལོ༢༠༡༣ཟླ༡༢པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་བསྐྲུན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *