རྗེ་རྒྱལ་རོང་བ།

རྩོམ་ཡིག་འདི་ཐེངས། 208830 བཀླགས་འདུག

Screen Shot 2017-06-03 at 8.35.58 AM

རྗེ་རྒྱལ་རོང་བ།

༡༽ མདོ་སྨད་རྒྱལ་མོ་རོང་གི་ཡུལ་སྟེགས་ཅོག་ཅེས་པར་ཕྱི་ལོ་༡༣༥༦ལོར་གཟུགས་སྐུའི་མེ་ཏོག་འོད་དུ་འབར། སྐབས་དེར་ཨ་མ་རིན་ཆེན་སྨན་དང་། ཨ་ཕ་ཀླུ་རྒྱལ་གཉིས་ཀྱི་ངོ་གདོང་དུ་འཁྱིལ་བའི་དགའ་སྤྲོ་དང་འཛུམ་མདངས་ནི་སྤྱིར་བཏང་གི་བྱིས་པ་ཆུང་ཆུང་ཞིག་འཇིག་རྟེན་དུ་སྐྱེས་པ་ཙམ་ལས་གསེར་གྱི་ཕ་བོང་ཆེན་པོ་ཞིག་ཁྱིམ་ཚང་དཀྱུས་མ་འདིའི་ཁྱིམ་དུ་འཛུལ་བ་ཁོང་གཉིས་ཀྱིས་ཏན་ཏན་ཤེས་མེད།

༢༽ གཡུང་དྲུང་རྒྱལ་ཆུང་ཆུང་སྐབས་བྱིས་པ་པྲ་ཚགས་ཤིག་ཡིན་པ་འདྲ་སྟེ་སྟབས་མ་ལེགས་པར་རྩི་ཐུར་ཕྲ་མོ་ཞིག་གིས་མིག་གཡས་ལ་སྐྱོན་ཕྲན་བུ་ཞིག་ཕོག་པས་རྗེས་སུ་”སྤྱན་གཅིག་པ་”ཞེས་བཤད་ཀྱང་ཐོས། གང་ལྟར་རིག་པ་ཡེ་ཤེས་ཀྱི་རྩལ་ཀུན་གཞིའི་གཏིང་ནས་རང་རྡོལ་གྱིས་སད་པའམ། ངེས་འབྱུང་དྲག་པོ་ཞིག་གིས་བསྐུལ་ཏེ་ཨ་ཁུ་གཡུང་དྲུང་རྒྱལ་མཚན་གྱི་མདུན་ནས་རབ་ཏུ་བྱུང་ཞིང་འགག་རིང་གྱོན་པའི་གྲྭ་བ་ཆུང་ཆུང་ཞིག་བྱས།

༣༽ སྐབས་དེ་ནི་གཡས་རུ་དབེན་ས་ཁའི་གྲགས་པ་མདོ་ཁམས་ཀུན་ཏུ་རླུང་ལྟར་གྲགས་པའི་དུས་རེད། དབུས་གཙང་དུ་ཕེབ་རྒྱུའི་ཉེར་ལྡོགས་སྔོན་སོང་ལྟར་འབྲུ་ཆུའི་ཁ་ནས་ཙོང་ཁ་བ་ཨ་ཁུ་བློ་བཟང་གྲགས་པ་དང་འཕྲད་ཅིང་ཕན་ཚུན་བསྟོད་ཚིག་རེ་བྲིས། ཡོངས་སུ་གྲགས་མིན་གང་ལྟར་བསྟོད་པ་སྐུ་གསུམ་ལྷུན་གྲུབ་ཨ་ཁུ་བློ་བཟང་གྲགས་པས་བྲིས་པ་དང་། དམིགས་བརྩེ་མ་ཨ་ཁུ་ཤེས་རབ་རྒྱལ་མཚན་གྱིས་བྲིས་པའི་ལོ་རྒྱུས་རེའང་ཡོད།

༤༽ གཡས་རུ་དབེན་ས་ཁའི་ཚོགས་སྡེ་ཆེན་པོར་འགྲིམས་སྐབས་རིགས་ལམ་དང་རྣམ་དཔྱོད་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡོད་པས་བྲུ་ཡི་དབུ་རྩེ་དཀར་དམར་གྱི་མཁན་པོར་བསྐོས་ཤིང་། མདོ་དབུས་ཁམས་གསུམ་ནས་ངང་གིས་འདུས་པའི་བོན་གྱི་སློང་མོ་བ་རྣམས་ལ་རིགས་ལམ་གསེར་གྱི་ཕྱེ་མའི་ལྗགས་ཕྱེ་སྦྱིན་པའི་འགོ་ཚུགས།

༥༽ ཡབ་ཡུམ་གཉིས་ལ་ནམ་ཞིག་རང་ཡུལ་དུ་ཐེངས་གཅིག་ལོག་པའི་ཞལ་ཆེམས་ཡོད་པ་ལྟར་ལོ་བདུན་གྱི་རྗེས་སུ་ཕྱིར་རང་ཡུལ་རྒྱལ་རོང་དུ་ཕེབ་ཤུལ། ལས་རྐྱེན་བཙན་པོས་དབེན་ས་ཁར་ཆུས་འཇིག་པ་ཆེན་པོ་ཞིག་བྱུང་ན་ཡང་། ས་རྡོ་ཉུག་ཤུལ་ནས་ཁམས་ཆེན་གསེར་བྲིས་མ་སོགས་ཨ་ཁུ་ཤེས་རབ་རྒྱལ་མཚན་གྱི་རྟེན་བསྐལ་དུ་ལུས་འདུག་པ་རྙེད་པས་སེམས་པ་ཅུང་ལྷོད་ཤིག་ཤིག་ཏུ་གྱུར།

༦༽ ལྷ་བླའི་ལུང་བསྟན་ལྟར་གཙང་ཐོབ་རྒྱལ་ལ་འགོའི་སྨན་རི་ཞེས་པའི་ས་གནས་སུ་དགོན་སྡེ་ཞིག་དབུ་བཙུགས་ཤིང་། ཟླ་བ་ཡར་ངོ་ལ་འཆད་རྩོད་རྩོམ་གསུམ་དང་། མར་ངོ་ལ་བསྙེན་སྒྲུབ་ལས་གསུམ་གྱི་གཞུང་བསྲིངས། མདོ་སྔགས་རྫོགས་གསུམ་གྱི་བསྟན་པའི་མེ་རོ་ཐལ་བའི་རྨིང་ནས་སོས་ཤིང་མེ་ལྕེ་གྱེན་དུ་མཆེད་པའི་འགོ་སླར་ཡང་ཚུགས། སྐབས་དེར་ཨ་ཁུ་ཤེས་རབ་རྒྱལ་མཚན་གྱི་སེམས་ལ་རེ་བ་ཞིག་དང་བཅས་ཅི་འདྲའི་སྤྲོ་སྣང་དུང་དུང་བ་ཞིག་སྐྱེས་ཡོདའང་།

༧༽ དགོན་སྡེ་འདི་རྗེ་བླ་མའི་༧གདན་ས་ཡིན་པས་བོན་གྱི་གདན་ས་སྨན་རི་ཞེས་པའི་མཚན་སྙན་གྱི་གྲགས་པ་གཡུ་འབྲུག་གི་སྒྲ་ལྟར་ཁྱབ་ཅིང་། མདོ་དབུས་ཁམས་གསུམ་ནས་ཕེབ་པའི་དགེ་འདུན་པའང་ཇེ་མང་ནས་ཇེ་མང་དང་དགོན་སྡེ་འདི་ཉིད་སྟོད་གངས་རི་ནས་སྨད་རྒྱལ་རོང་ཡན་གྱི་བོན་པོ་ཡོངས་རྫོགས་ཀྱི་རྩ་བའི་གྲྭ་སའམ་མ་དགོན་དུ་གྱུར། ༧རྗེ་འདི་བས་འཕྲུལ་སྒྲོན་རྣམ་ལྔས་གཙོས་གཞུང་ཆེན་ཆ་ལག་དང་བཅས་བཀའ་རྩོམ་གསེར་རིའི་ཕྲེང་བ་ལྟར་མཛད།

༨༽ ༧རྗེ་བླ་མས་བོན་པོ་ཚང་གི་བསྟན་པའི་མ་དགོན་ནམ་སྨན་རི་ཚང་གི་མ་འོངས་པའི་འོད་སྣང་ལ་ཡེ་ཤེས་རྒྱང་གཟིགས་ཀྱིས་སྨན་རིའི་མཁན་པོའམ་ཁྲི་འཛིན་རིམ་བྱོན་བསླབ་པ་སློབ་གཉེར་མཐར་ཕྱིན་པའི་ཁོངས་ནས་ལྷ་ལུང་ལ་འཕྲིན་བཅོལ་དང་བརྟག་སྒྲིལ་བྱ་རྒྱུ་ལས། ཐོབ་གོ་ས་དང་། རིགས་རུས་མཐོ་དམན། ལ་ཚན་ལུང་ཚན། རྒྱུ་འབྱོར་ཆེ་ཆུང་སོགས་ལ་གཏན་ནས་མི་བལྟ་བའི་ལུགས་སྲོལ་དམངས་གཙོའི་ལམ་བཟང་པོ་དེ་དབུ་བཙུགས།

༩༽ སྤྱིར་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གྲངས་ལས་འདས་པ་ཞིག་བྱུང་ན་ཡང་། ཁྱེད་ནི་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་ཆེས་ངོ་མཚར་བ་ཞིག་སྟེ། ཕྱི་སོ་ཐར་གྱི་བསླབ་བྱ་མིག་འབྲས་བཞིན་དུ་གཅེས་པར་བསྲུངས། ནང་གསང་སྔགས་རིམ་གཉིས་ཀྱི་དཀྱིལ་འཁོར་ཉི་ཟླ་བཞིན་དུ་གསལ་བར་སྒོམ། གསང་བ་བླ་མེད་རྫོགས་ཆེན་ཡེ་གྲོལ་གྱི་རང་གདངས་ནམ་མཁའ་བཞིན་དུ་ཁྱབ་པ་ནི་ཁྱེད་སྟེ་༧རྒྱལ་བ་སྨན་རི་བའོ། ཁྱེད་ལ་རྒྱལ་བ་གཉིས་པ་ཞེས་ཡོངས་སུ་གྲགས་པ་ནི་ཅི་འདྲའི་མཚན་དོན་དང་ལྡན་པ་ཞིག

༡༠༽ དགུང་ལོ་དྲུག་ཅུ་ཕྱི་ལོ་༡༤༡༥ཤིང་ལུག་སྟོན་ཐའི་ཚེས་༨ཉིན་གྱི་ཐོ་རེངས་སྐབས་མར་མེ་ཆུང་ཆུང་ཞིག་གི་དཀར་ངོགས་ནས་ཐུགས་སྲས་རྒྱལ་ཚབ་རིན་རྒྱལ་དང་ནམ་ཡེ་གཉིས་གཙོས་སློབ་བུ་རྣམས་ལ་བླ་མེད་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བཀའ་ཁྲིད་སྩོལ་བཞིན་པའི་ངང་ནས་དག་ཞིང་དུ་གཤེགས་པ་སྟེ་”བོན་འཆད་ངང་དུ་གཤེགས་པའི་མཉམ་མེད་པ་”ཞེས་གྲགས་སོ།། །།

ཕྱི་ལོ་༢༠༢༠ཟླ་༨ཚེས་༢༢ཉིན་གྱི་ཞོགས་ཀར་༼གསོལ་འདེབས་ཐུགས་རྗེས་མྱུར་གཟིགས་༽ཐེངས་འགའ་བཀླགས་རྗེས་༧རྗེ་བདག་ཉིད་ཆེན་པའི་སྐུ་བརྙན་ལ་མཇལ་བཞིན་མཇལ་བཞིན་འབོལ་རྩོམ་གྱི་ཚུལ་ཞིག་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་བྲིས་པའོ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *