སྙིགས་དུས་ཀྱི་བསྟན་པའི་སྒྲོན་མེ་ཆེན་པོ་ཡོངས་ཀྱི་སློབ་དཔོན་ ༧ རྒྱལ་ཚབ་ཤེས་རབ་ཀུན་བཟང་བློ་གྲོས་དཔལ་བཟང་པོ་རིན་པོ་ཆེ་མཆོག་ལ་རྣམ་ཐར་གྱི་སྒོ་ནས་བསྟོད་པ་དད་པའི་དགའ་སྟོན། །
རྩོམ་ཡིག་འདི་ཐེངས། 231143 བཀླགས་འདུག
།
༧ བླ་མ་དང་ཤེས་རབ་སྨྲ་བའི་སེང་གེ་དབྱེར་མ་མཆིས་པ་ལ་གུས་པས་ཕྱག་འཚལ་ལོ། །
།
རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་གཅིག་བསྡུས་ཟུར་ཕུད་ལྔ་ལྡན་སྨྲ་བའི་སེང་། །
སྙིང་རྗེ་ཆེན་པོས་མ་རུངས་འདུལ་ཕྱིར་ཁྲོ་བོའི་གར་བཞེངས་ལྷ་རྒོད་ཐོག །
འདྲེན་པ་ཆེན་པོ་ངུར་སྨྲིག་གར་རོལ་ཀུན་བཟང་བློ་གྲོས་དབང་གི་རྒྱལ། །
ཞབས་ཀྱི་པད་མོར་དུས་ཀུན་འདུད་དོ་བདག་སྙིང་ཟེའུ་འབྲུར་བརྟན་བཞུཌ་གསོལ། །
།
ལུང་རྟོགས་བྱེ་བའི་མཛོད་འཛིན་ཡེ་ཤེས་གཏེར། །
དད་གསུམ་པད་མོར་བཀོད་པའི་འོད་ཟེར་གྱིས། །
གསང་གསུམ་རྣམ་ཐར་དད་པའི་དགའ་སྟོན་ལ། །
།ཅུང་ཟད་རོལ་བའི་སྤོབས་པ་བདག་གི་ཐོབ། །
།
ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་མཁས་པའི་གཙོ། །
བཟང་སྤྱོད་ཆེ་དགུའི་གཙུག་ན་མངོན་མཐོ་བ། །
བློ་གྲོས་སྲིད་ཞིའི་ལེགས་ཚོགས་འབྱུང་གནས་རྗེར། །
།བསྟོད་དབྱངས་མཆོད་སྤྲིན་རོལ་མོ་འཁྲོལ་ལ་བྲེལ། །
།
སྐྱེ་མེད་སྤྲོས་བྲལ་ཁྱབ་བདག་ཀུན་ཏུ་བཟང༌། །
རང་བྱུང་ཡེ་ལྔའི་རྩལ་ཤར་ལོངས་སྤྱོད་རྫོགས། །
དབྱེར་མེད་སྤྲུལ་སྐུ་གཡུང་དྲུང་སྙིང་པོ་འཆང་། །
སྐུ་གསུམ་ལྷུན་རྫོགས་བླ་མས་དགེ་ལེགས་རྩོལ། །
།
ཚོགས་གཉིས་བྱེ་བས་བསྐྲུན་པའི་ཡེ་ཤེས་སྐུ། །
གསང་གསུམ་མཛོད་ཀྱིས་གཏམས་པའི་དཔག་ཡས་གསུང་། །
མཐའ་བཞི་ལས་གྲོལ་འགག་མེད་ཆེན་པོའི་ཐུགས། །
ལམ་ལྔ་ས་བཅུའི་དཔལ་མངའ་སེམས་དཔའ་ཆེ། །
།
གཞོན་ནུའི་དཔལ་འཛིན་མཁྱེན་རབ་ཡེ་ཤེས་གཏེར།
གུར་གུམ་མདོག་འཆང་ཤེས་རབ་རལ་གྲི་འཆང་། །
ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེ་ཡི། །
མཁྱེན་རབ་ཡེ་ཤེས་ཁྱེད་ལ་བཟླུམ་མིན་ནམ། །
།
བདེར་གཤེགས་རྒྱལ་བའི་ནུས་མཐུ་གཅིག་སྡོམ་པ། །
མཐིང་སྔོན་མི་འགྱུར་གཡུང་དྲུང་རྒྱལ་མཚན་ཅན། །
གསང་བའི་མཛོད་འཛིན་དྲན་པ་མུ་ལ་ཡི། །
མཐུ་སྟོབས་དཔལ་མངའ་ཁྱེད་ལས་ལོགས་ན་སུ། །
།
འཁོར་བའི་དུཿ ཁར་བྱིང་བའི་འགྲོ་རྣམས་ལ། །
བརྩེ་ཆེན་ཐུགས་རྗེའི་འོད་ཞགས་རྣོན་པོ་ཡི། །
རབ་སྦྲེལ་གཏན་བདེའི་དཔལ་ལ་འགོད་པའི་ཕྱིར། །
ངོ་མཚར་སྤྲུལ་བའི་རོལ་གར་ཞིང་འདིར་སྟོན། །
།
མི་མཇེད་གནས་ཀྱི་ཚངས་རྒྱུང་ཉེར་ལྔའི་དབུས། །
གླིང་བཞིའི་ཁྱད་འཕགས་འཛམ་བུ་གླིང་གི་དཀྱིལ། །
ཁ་བའི་ལྗོངས་ཀྱི་ཤར་ཕྱོགས་ས་ཡི་སྙིང་། །
དོ་འཕགས་ཆེན་པོའི་བསྟན་འགྲོ་སྐྱོང་བའི་ཞིང་། །
།
མདོ་སྨད་རྔ་ཁོག་གཡང་གི་ར་བ་རུ། །
གཟིཌ་དགོངས་མཛད་པ་རྨེའུ་མོ་པའི་གདུང་། །
གཅིག་དགུ་གཉིས་བརྒྱད་ས་མོ་འབྲུག་གི་ལོར། །
སྐུ་མཆོག་རྟ་ལྗང་གཞོན་ནུའི་མཚན་དཔེ་བཞད། །
།
དེའི་ཚེ་རྒྱལ་བ་གཉིས་པ་མཉམ་མེད་རྗེའི། །
རྣམ་སྤྲུལ་སྣང་སྟོན་ནམ་མཁའ་བློ་གྲོས་ཀྱིས། །
ཐུགས་བརྩེ་ཆེན་པོས་བསྟན་པའི་བདག་པོ་རུ། །
འོང་བར་འདུག་ཅེས་ཐུཌ་དགྱེས་བརྩེ་བས་བསྐྱངས། །
།
གཞོན་ནུ་ཉིད་ནས་བརྩེ་ཆེན་སྙིང་རྗེ་ཡི། །
སྤྱོད་པས་ཕྱུག་ཅིང་སྲིད་པ་འཁོར་བའི་ལས། །
ཕུན་ཚོགས་བདེ་བར་རྟག་ཏུ་སྐྱོ་ཤས་དང་། །
ངེས་འབྱུང་གཙང་མ་ནམ་ཡང་ལྷོད་པ་བྲལ། །
།
དགུང་བརྒྱད་བཞེས་དུས་རྔ་ཡུལ་བོན་གྱི་སྡེ། །
སྣང་ཞིག་བཀྲ་ཤིས་གཡུང་དྲུང་གླིང་ཆེན་དུ། །
སྣང་སྟོན་ཆེན་པོའི་མདུན་དུ་རབ་བྱུང་ནས། །
ཀུན་གསལ་བློ་གྲོས་མཚན་གྱི་ཅོད་པན་གསོལ། །
།
དེ་ནས་ཁུ་བོ་གཡུང་དྲུང་བསྟན་འཛིན་དང་། །
ཡོངས་འཛིན་བསྟན་པ་དར་རྒྱས་ལ་སོགས་པའི། །
མཁས་གྲུབ་གཉིས་ལྡན་དགེ་བའི་བཤེས་ཀྱི་མདུན། །
ཐུན་མོང་རིག་གནས་ཀུན་ལ་ཐོས་བསམ་སྦྱང་། །
།
སྣང་སྟོན་ཆེན་པོ་ནམ་མཁའ་བློ་གྲོས་དང་། །
སྣང་སྟོན་བསྟན་པའི་རྒྱལ་མཚན་ཟུང་གི་ཞབས། །
གུས་པས་བསྟེན་ཅིང་མདོ་སྔགས་རྫོགས་གསུམ་གྱི། །
དབང་ལུང་མན་ངག་གདམས་པ་མཐའ་ཡས་གསན།
།
མཚན་དཔེའི་ཉི་གཞོན་མདོ་སྨད་ཕྱོཌ་བཞད་ཀྱང་། །
འཕྲིན་ལས་ཟེར་བརྒྱ་དབུས་གཙང་གདན་ས་ནས། །
བསྟན་འགྲོ་ཀུན་ལ་རིས་མེད་འཕྲོས་དགོས་པས། །
མཁན་སློབ་གོང་མའི་མཛད་པ་འཁུར་དུ་བླངས། །
།
གདན་ས་རུ་ལག་གཡུང་དྲུང་གླིང་དགོན་དུ། །
བཞུགས་པའི་ཁུ་བོ་ཤེས་རབ་ཚུལ་ཁྲིམས་ནས། །
གདན་སར་ཕེབས་ཞུའི་བཀའ་ཡིག་འབྱོར་བ་དང་། །
མཆེད་གྲོགས་འགའ་དང་བཅས་ནས་གྲྭ་སར་འགྲིམས། །
།
རིམ་གྱིས་བྱང་གི་ཆར་བརྒྱུད་ལམ་བར་དུ། །
ཨ་སྟོད་སྣང་གསལ་དགོན་པའི་བསྟན་བདག་མཆོག །
མངོན་པར་མཁྱེན་ལྡན་ནམ་མཁའ་རྒྱལ་མཚན་གྱིས། །
བསྟན་འཛིན་སྐྱེས་བུ་ཡིན་པ་ལུང་གིས་བསྟན། །
།
དེ་བཞིན་གཤེན་སྟོན་འཛམ་གླིང་དབང་འདུས་གྱིས།
རྟེན་མཇལ་གནང་སྐབས་ཁྲི་ལོ་གནམ་གྲགས་མཆོག །
རང་སྒྲ་སྒྲོགས་པས་བསྟན་འཛིན་གཤེན་པོ་ཞིག །
ཡིན་པར་འདུག་ཞེས་གཤེན་གྱི་ཞལ་ནས་གསུང་། །
།
དེ་ནས་བཟུང་སྟེ་གདན་སའི་མཁན་སློབ་མདུན། །
སྒྲིག་ཞུཌ་གཙང་གཙུག་སྡོམ་ཁྲིམས་ཉེར་བཞེས་ནས། །
ཚུལ་མཚན་ཤེས་རབ་བློ་གྲོས་ཞེས་སུ་གསོལ། །
གཤེན་རབ་འདུལ་འཛིན་བྱེ་བའི་རྒྱན་དུ་གྱུར། །
།
གདན་ས་ཆེན་པོ་གཡུང་དྲུང་གླིང་དགོན་དུ། །
མཁན་སློབ་རབ་འབྱམས་དགེ་བའི་བཤེས་ཀྱི་མདུན།
གབ་མཛོད་ས་གསུམ་ཨ་སྙན་རྫོགས་གསུམ་སོགས། །
ལེགས་པར་གསན་པས་མཁས་པའི་གྲགས་པ་འབར། །
།
སྨན་རིའི་ཡོངས་འཛིན་ཚུལ་ཁྲིམས་དབང་ལྡན་གྱིས། །
སྙིགས་དུས་འདྲེན་མཆོག་བླ་ཆེན་དྲན་པའི་གར། །
གཤེན་བསྟན་སྲོལ་འབྱེད་རིག་བདག་སྨྲ་བའི་སེང་།
ཞེས་པའི་ཞལ་གསུངས་ལུང་གི་ཆེ་བ་མཛེས། །
།
རྒྱལ་བའི་གདན་ས་དཔལ་ལྡན་སྨན་གྱི་རིར། །
ཁྲོ་བོའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྐབས། །
སྐུ་མདུན་མཁན་ཆེན་ཉི་མ་དབང་རྒྱལ་མདུན། །
ཕྱི་ནང་གསང་གསུམ་དབང་ལུང་ཟབ་གདམས་གསན། །
།
རུ་ལག་གཤེན་བསྟན་གཡུང་དྲུང་གླིང་དགོན་དུ། །
ཕུར་པའི་སྨན་སྒྲུབ་འོད་ཟེར་འབར་བའི་སྐབས། །
གཡུང་གླིང་མཁན་ཆེན་བསྟན་པའི་རྒྱལ་མཚན་མདུན། །
ཕྱི་ནང་གསང་གསུམ་དབང་ལུང་བརྒྱུད་ཁ་ཐོབ། །
།
གཤེན་སྟོན་འཛམ་གླིང་མདུན་དུ་རྫོགས་ཆེན་དང་། །
མ་རྒྱུད་སྒྲུབ་ཆེན་དབང་ལུང་རྒྱུད་ཁ་སོགས། །
ཕྱི་ནང་གསང་གསུམ་ཟབ་གདམས་མན་ངག་ཁྲིད། །
མ་ལུས་བུམ་པ་གང་བྱོའི་ཚུལ་དུ་ཐོབ། །
།
རེ་ཞིག་གདན་ས་དཔལ་ལྡན་འབྲས་སྤུངས་སུ། །
དགེ་བའི་བཤེས་གཉེན་དུ་མའི་ལྗཌ་སྔར་འགྲིམས། །
ཐུན་མོང་ཐུན་མིན་རིས་མེད་གཞུང་ལུགས་ལ། །
ཐོས་བསམ་སྒོམ་པས་སྒྲོ་འདོགས་ལེགས་པར་བཅད། །
།
འདུས་པའི་རྩོད་གྲྭར་ཞུཌ་ནས་དམ་བཅའ་མཛད། །
དེ་ཕྱིར་སྒྲུབ་དང་སུན་འབྱིན་ལ་སོགས་པའི། །
རྒོལ་བའི་ཕྱོགས་ལས་རྣམ་པར་རབ་རྒྱལ་ནས། །
རབ་འབྱམས་མཚན་ཀྱི་སྙན་པའི་གྲགས་པ་འབར། །
།
སླར་ཡང་གདན་ས་གཡུང་དྲུང་གླིང་དགོན་ཀྱི། །
ཡོངས་འཛིན་སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་དང་། །
ཡོངས་འཛིན་གལ་ཤེལ་ཤེས་རབ་ཡེ་ཤེས་དང་། །
ཨམ་སློབ་བསྟན་པ་རབ་རྒྱས་སོགས་ལ་བསྟན། །
།
དེ་བཞིན་གདན་ས་སྨན་རིའི་ཡོངས་འཛིན་མཆོག །
སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་སོགས། །
མཁས་གྲུབ་གཉིས་ལྡན་སྐྱེས་མཆོག་དུ་མ་ལ། །
བསྟན་ཏེ་གཞུང་ལུགས་ཀུན་ལ་ཐོས་བསམ་སྦྱང་། །
།
དེ་རྗེས་གདས་ས་གཡུང་དྲུང་གླིང་དགོན་དུ། །
མཁན་དང་སློབ་དཔོན་འདུས་པ་རྒྱ་མཚོའི་དབུས། །
གཞུང་ལུཌ་རབ་འབྱམས་དགེ་བའི་བཤེས་གཉེན་ཀྱི། །
མཚན་གྱི་སྙན་པ་མཁས་མང་དབུས་ནས་གྲགས། །
།
དེ་ཕྱིར་མཁན་ཆེན་བསྟན་པའི་རྒྱལ་མཚན་གྱིས། །
བཀའ་བཞིན་གདན་སའི་རབ་འབྱམས་དགེ་བའི་བཤེས། །
མཚན་རྟཌ་བསིལ་སྐབས་དམ་པའི་མཚན་གྱི་བྱང་། །
ངོ་མཚར་རྟགས་དང་བཅས་ཏེ་དང་པོར་ཐོན། །
།
དེ་ནས་མཁན་ཆེན་བསྟན་པའི་རྒྱལ་མཚན་དང་། །
མཁན་སློབ་དཔོན་པོ་ལོ་ཙཱ་རྣམ་བཞིའི་དྲུང་། །
དག་པ་དྲང་སྲོང་ཁྲིམས་རྣམས་རྫོགས་པར་བཞེས། །
གཤེན་རབ་འདུལ་འཛིན་བྱེ་བའི་གཙུག་རྒྱན་གྱུར། །
།
ཚུལ་མཚན་བླ་མེད་གཤེན་གྱི་དྲང་སྲོང་རྗེ། །
ཤེས་རབ་ཀུན་བཟང་བློ་གྲོས་དཔལ་བཟང་པོ། །
གསོལ་ཞིང་མི་འཇིཌ་གདོང་ལྔས་བཏེགས་པའི་ཁྲིར། །
ཡོངས་ཀྱི་རྒྱལ་ཚབ་དཔོན་སློབ་མངའ་གསོལ་མཛད། །
།
སྐབས་དེར་ཨམ་སློབ་བསྟན་པ་རབ་རྒྱས་ཀྱིས། །
གཟིགས་པའི་ངོར་ལ་རྒྱལ་ཚབ་དཔོན་སློབ་ཁོང་། །
རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གི །
རྣམ་སྤྲུལ་ཡིན་ཞེས་བསྟོད་ཚིག་མཆོད་པ་ཕུལ། །
།
དེ་ནས་གདན་ས་ཆེན་པོ་གཡུང་གླིང་གི །
སློབ་གཉེར་བསླབ་གསུམ་ངུར་སྨྲིག་འཛིན་པ་ལ། །
བཤད་སྒྲུབ་སྒོམ་པའི་འཁོར་ལོ་རྣམ་གསུམ་གྱི། །
འཆད་ཉན་བར་མེད་ཆུ་བོའི་རྒྱུན་བཞིན་སྐྱོང་། །
།
ཐུན་མིན་འདུལ་མངོན་ཕར་ཚད་དབུ་རྫོགས་ཀྱི། །
གཞུང་བརྒྱའི་རྟོགས་དཀའི་དཀའ་གནད་མདུད་པའི་རྒྱ། །
ཕྲ་ཞིབ་ལུང་དང་རིག་པའི་སོར་མོ་ཡིས། །
མ་ལུས་འགྲོལ་ལ་མཁས་བརྒྱའི་གཙུག་ཏུ་འཕགས། །
།
ཀུན་མཁྱེན་རྒྱལ་བ་གཉིས་པའི་རིང་ལུགས་ལ། །
བརྟེན་ནས་གཞི་ལམ་འབྲས་བུའི་ཟབ་དོན་གནད། །
ཐུགས་ལ་འཁྲུངས་ཤིང་ཐེ་ཚོམ་དྲ་བ་བཅད། །
དུས་གསུམ་རྒྱལ་བ་དགྱེས་པའི་ལམ་དུ་གཤེགས། །
།
རྒྱལ་བ་བྲུ་ཡི་བཞེད་སྲོལ་མ་སྨད་པ། །
བསྡུས་རྟགས་མཐའ་དཔྱོད་ཤེར་ཕྱིན་སྤྱི་དོན་སོགས། །
དཀའ་གནད་གསལ་བྱེད་བསྡུས་དོན་དགོངས་འགྲེལ་དང་། །
དགོངས་རིམ་ཕྱག་བཞེས་བསྟན་བཅོས་མང་དུ་མཛད། །
།
རེ་ཞིག་དུས་འགྱུར་སྤྲིན་ནག་འཚུབ་མ་ཡིས། །
རྒྱལ་བསྟན་ཉི་མའི་འོད་སྣང་སྒྲིབ་པའི་ཚེ། །
བསྟན་ལ་སྟོན་པ་གཉིས་པ་མཚུངས་བྲལ་རྗེ། །
མ་སྨད་སྲིད་པའི་རྒྱན་དུ་ལྷག་པར་གསལ། །
།
གཙང་གི་རྣམ་གླིང་ལུག་གུ་གདོང་ཞེས་པར། །
རྨེའུ་སྟོན་ཆེན་པོ་ལྷ་རི་གཉེན་པོ་ཡི། །
སྒྲུབ་གནས་མཁས་མཆོག་དཔལ་གྱི་རི་ཁྲོད་དུ། །
ལྕང་སྲུང་ཚུལ་བཟུང་བགྲང་བྱ་བཅུ་ཕྲག་ནང་། །
།
དབེན་པའི་གནས་སུ་ཚེ་འདིའི་བྱ་བ་ཀུན། །
རིང་དུ་སྤངས་ནས་མཁའ་འགྲོ་གསང་གཅོད་དང་། །
ཨ་སྙན་རྫོགས་གསུམ་ཉམས་ལེན་རྩེ་གཅིག་ཏུ། །
སྒྲུབ་པ་བརྩོན་འགྲུས་ལྷོད་པ་མེད་པར་གནང་། །
།
ཆོས་དད་རང་མོས་སྐྱ་རེངས་གསར་པའི་མདངས། །
རིས་མེད་ཤར་རིའི་མཁའ་ནས་ཤར་དང་ལྷན། །
གདན་ས་རབ་ལེཌ་གཡུང་དྲུང་གླིང་དགོན་མཆོག །
བསྐྱར་བཞེངས་ཆོག་མཆན་དམ་པའི་ཕྱག་ཏུ་འབྱོར།
།
གཅིག་དགུ་གྱ་གཉིས་རྟ་ཟླའི་ཚེས་གསུམ་གྱི། །
རྒྱལ་ཕུར་འཕྲད་པའི་འགྲུབ་འགྱུར་དགེ་བའི་ཉིན། །
བསྟན་པའི་མེ་རོ་བདེན་པའི་རླུང་གཡབ་ཀྱིས། །
སླར་ཡང་སྤར་བའི་དགེ་མཚན་དབུ་ནས་བཟུང་། །
།
དེ་ཕྱིར་སྐྱབས་རྗེ་ཀུན་བཟང་བློ་གྲོས་དང་། །
གཡུང་གླིང་དགེ་སློང་ཤེས་རབ་བསྟན་འཛིན་སོགས། །
ངོ་འཁོར་འགའ་ཡིས་རྩ་གསུམ་ལྷ་ཚོགས་ལ། །
བསྐོང་གསོལ་མཛད་ནས་རྟེན་བཞེངས་དབུ་འཛུཌ་ཏེ། །
།
ཕྱི་རྟེན་གཙུག་ལག་ཁང་དང་འདུ་ཁང་དང་། །
སྒྲུབ་ཁང་བླ་བྲང་ཁང་ཚན་གྲྭ་ཤག་དང་། །
ནང་རྟེན་སྐུ་གདུང་སྐུ་གཟུགས་གསུང་རབ་སོགས། །
ཕྱི་ནང་བཀོད་པ་ཞིག་གསོས་ལེགས་པར་མཛད། །
།
རྟེན་གསུམ་བརྟན་བཞུཌ་རབ་གནས་གནང་པའི་ཚེ། །
ཡེ་ཤེས་རྫུ་འཕྲུལ་ལས་ལས་གྲུབ་པའི་སྡེ། །
རྩ་གསུམ་ལྷ་ཚོགས་སྤྲུལ་པ་བཅས་པ་རྣམས། །
སོ་སོར་ཐིམ་པའི་བྱིན་རླབས་གཟི་བྱིན་འབར། །
།
ཁྱད་པར་བོན་བསྟན་སྐྱོང་བྱེད་སྲུང་མའི་སྡེ། །
ཏི་པོམ་ལྷ་བཙན་དཀར་ཕྱོགས་སྐྱོང་བའི་ལྷས། །
ཐུཌ་བཞེད་འཕྲིན་ལས་བསྒྲུབ་པའི་གྲོཌ་མཛད་པས།
རྒྱལ་བསྟན་ཡུན་དུ་གནས་པའི་རྟེན་འབྲེལ་འགྲིག །
།
གཡས་རུའི་མཁས་པའི་ཟབ་གདམས་མན་ངག་གནད། །
རྒྱལ་བ་མཉམ་མེད་ཆེན་པོའི་རིང་ལུགས་ཀྱི། །
ཟབ་རྒྱས་བོན་གྱི་འཁོར་ལོ་བསྐོར་བ་ཡིས། །
འཆད་རྩོད་རྩོམ་པས་རྒྱལ་བསྟན་ཉིན་མོར་མཛད། །
།
རྒྱལ་བསྟན་དྲི་མེད་བསྲེག་བཅད་བརྡར་གསུམ་གྱི། །
བཙོ་མ་གསེར་བཞིན་བསླབ་གསུམ་རྟེན་གྱུར་བ། །
རྒྱལ་བ་གཉིས་པའི་རིང་ལུགས་འཁྲུལ་མེད་ཉིད། །
དེང་དུས་བར་དུ་དར་རྒྱས་ཁྱེད་ཀྱི་དྲིན། །
།
ཡོངས་རྫོགས་བསྟན་པའི་ཕྱི་མོ་གཡུང་དྲུང་བོན། །
མདོ་སྔགས་ཟུང་འབྲེལ་ཐེག་ཆེན་བསྟན་པའི་སྲོལ། །
མི་ནུབ་མཁའ་མཐར་ཁྱབ་པའི་འཕྲིན་ལས་ཀྱི། །
གདུཌ་དཀར་ཡངས་པོས་ས་ཆེན་འགེངས་པར་བྱས།།
།
རྨད་བྱུང་རྒྱལ་བ་བྲུ་ཡི་རིང་ལུགས་ཆེ། །
གྲགས་པའི་བ་དན་སྲིད་པའི་བླར་བསྒྲེངས་པ། །
གཤེན་བསྟན་གཡུང་གླིང་བཤད་སྒྲུབ་འདུས་པའི་སྡེའི། །
སྙན་པའི་དཔལ་གྱིས་ས་གསུམ་ཀུན་ནས་མཛེས། །
།
ཐུན་མིན་མདོ་སྔགས་རྫོགས་པའི་གཞུང་ལུགས་ཀུན། །
ཡང་དག་ལུང་དང་རིག་པས་ཉེར་གཞལ་ཏེ། །
འཆད་རྩོད་རྩོམ་གསུམ་དཔུང་པའི་འཕྲིན་ལས་ཀྱིས། །
རྒྱལ་རྔ་གསར་པས་ཁོར་ཡུག་བརྗིད་པར་བྱས། །
།
སྲས་ཀྱི་ཐུ་བོ་གདན་སའི་མཁན་སློབ་གཙོས། །
སྤྲུལ་པའི་སྐུ་དང་རབ་འབྱམས་དགེ་བའི་བཤེས། །
རྗེས་འཇུག་བསྟན་འཛིན་སྐྱེས་བུ་བརྒྱ་ཕྲག་གིས། །
མདོ་དབུས་ཁམས་གསུམ་བསྟན་པའི་རྒྱུད་པ་འཛིན།
།
བསྟན་པ་གསལ་བྱེད་བསྟན་བཅོས་མཛད་པའི་ནང་།
ཤེས་རབ་ཕར་ཕྱིན་མངོན་པར་རྟོགས་པའི་རྒྱན། །
དཀའ་གནད་སྤྱི་དོན་མཚོན་བྱེད་བདུན་ཅུ་ཡི། །
རྣམ་བཤད་ཆེན་མོ་ལྗགས་རྩོམ་ཕུལ་བྱུང་མཛད། །
།
མཁས་པར་བསླབ་པ་སྙན་ངག་རིག་པའི་སྒོ། །
སྙན་ཚིག་སྒྲ་དབྱངས་ལྷ་མོའི་འཛུམ་རས་ལ། །
བློ་གསལ་རིག་པའི་བང་མཛོད་ཡོངས་གང་པའི། །
སྙན་ཚིག་སྒྲ་དབྱངས་རིག་པའི་བང་མཛོད་བརྩམས། །
།
ནང་པའི་ལྟ་གྲུབ་ཐུན་མིན་ཐེག་པ་ཆེ། །
ཨ་ཁྲིད་ཐུན་མཚམས་བཅོ་ལྔའི་སྔོན་འགྲོའི་ཁྲིད། །
བྲུ་ཆེན་བླ་མའི་རིང་ལུགས་གསལ་བའི་སྒྲོན། །
ཟབ་གདམས་སྔོན་འགྲོའི་ཁྲིད་རིམ་རྒྱས་པ་བཏབ། །
།
སྨིན་པ་གྲོལ་བྱེད་དངོས་གཞིའི་གདམ་པ་ལ། །
སེམས་ཁྲིད་དོན་བསྡུས་གེཌ་སེལ་འཕྲུལ་འཁོར་དང་། །
མན་ངག་ཁྲིད་རིམ་མཁའ་འགྲོའི་སྙིང་ཐིག་སོགས། །
ཨ་སྙན་རྫོགས་གསུམ་ཆ་རྐྱེན་ཟབ་ཁྲིད་མཛད། །
།
ཐུན་མོང་བཅུ་ཕྲག་རིག་པའི་གཞུང་ལུགས་ལ། །
འཕྲུལ་ཡིག་སྡེ་གསུམ་རྣམ་འབྱེད་རྩ་བའི་འགྲེལ། །
བརྡ་སྤྲོད་སྒྲ་དབྱངས་རིག་པའི་ཟེའུ་འབྲུ་དང་། །
སྡེབ་སྦྱོར་ཡན་ལག་བརྒྱད་ལྡན་ལ་སོགས་བརྩམས། །
།
གཤེན་ལུཌ་བོན་གཞུང་དཀར་ནག་རྩིས་ཀྱི་དོན། །
འབྱུང་རྩིས་རྣམ་བཞག་ངོ་མཚར་གྲུ་མོའི་སྟབས། །
གཅེས་བསྡུས་འབྲས་བཤད་སྙེ་མ་གཡུར་ཟ་བ། །
བློ་གསལ་མཁས་པ་དགྱེས་པའི་གྲོགས་སུ་བཏབ། །
།
གངས་རིའི་ལུཌ་གཉིས་བསྟན་སྲིད་འོ་མའི་མཚོར། །
རྒྱལ་རབས་རིན་ཆེན་གསེར་གྱི་ཐུར་མ་ཡིས། །
ལེགས་པར་བླང་པའི་གཏན་ཚིཌ་མཁས་པའི་རྒྱན། །
བསྟན་བཅོས་རྒྱལ་རབས་གསེར་གྱི་ཐུར་མ་བརྩམས།
།
བསྐལ་སྲིད་ཆགས་གནས་གདུལ་བྱ་འཁོར་བ་དང་། །
གདུལ་བྱེད་སངས་རྒྱས་འཕྲིན་ལས་ཤར་ཚུལ་སོཌ། །
ཞང་བོད་བསྟན་སྲིད་དར་ནུབ་ལོ་རྒྱུས་ཀྱི། །
ལྷ་རྒྱུད་བསྟན་བཅོས་རིན་ཆེན་ཕྲེང་བ་མཛད། །
།
མདོ་སྔཌ་རྫོཌ་གསུམ་གཞུང་ལུགས་གསལ་བྱེད་དང་། །
ཕྱི་ནང་གསང་གསུམ་ཕྱག་ལེན་ཆ་ལག་སོགས། །
ཁྱེད་ཀྱིས་མཛད་འདི་མཁས་གྲུབ་སུ་ཡིས་ཀྱང་། །
མཇལ་ཚེ་ཁྱད་བོན་བླ་ན་མེད་པར་སྣང་། །
།
རྒྱལ་བ་བྲུ་ཡི་རིང་ལུགས་རིན་ཆེན་གསེར། །
དཔྱད་གསུམ་ཚད་མས་བསྲེཌ་བཅད་བརྡར་བྱས་ནས། །
གཡའ་དག་དྲི་མེད་ཚང་ལ་མ་ནོར་བར། །
རྗེས་འཇུག་རྣམ་ལ་འདི་ཞེས་ལེཌ་པར་གདམས། །
།
རྣམ་དཔྱོད་ལུང་རིག་ཉི་མ་གཞོན་ནུ་ལ། །
དྲང་ངེས་ལེཌ་བཤད་འོད་ཟེར་འབུམ་འཕྲོས་པས། །
ཞང་བོད་ཤེས་རིག་བསྐྱར་སྐྲུན་མཛད་རྗེས་ལ། །
ཞིབ་འཇུག་རིན་ཐང་ལྡན་པའི་བསྟན་བཅོས་མང་། །
།
མགོན་ཁྱེད་གཙང་མ་གསེར་སྒྲོམ་རིན་ཆེན་གསེར། །
འགལ་རྐྱེན་གཡའ་ཡིས་མ་གོས་དམ་པའི་གཤིས། །
བསླབ་གསུམ་འོད་སྟོང་འབར་བའི་ངོ་མཚར་དབྱིག །
དུས་སུ་བབས་ཚེ་བཀྲག་མདངས་ལྷག་པར་འཚེར། །
།
ཀུན་གསལ་མཁའ་ལ་འབར་བའི་བསིལ་ཟེར་ཅན། །
རབ་མང་རྒྱུ་སྐར་དབུས་ན་ལྷང་ངེར་བ། །
མཁས་གྲུབ་བྱེ་བའི་གཙུག་རྒྱན་མིའི་ཟླ་བ། །
མཁས་མང་རྒྱུ་སྐར་དབུས་ན་ལྷག་པར་མཛེས། །
།
དེའི་ཕྱིར་བརྩེ་ཆེན་ཐུགས་རྗེའི་མཁའ་དབྱིངས་སུ། །
བྱིན་རླབས་ཟབ་གདམས་ཉི་མ་འོད་འབུམ་གྱིས། །
གདུལ་བྱ་མཆོག་དམན་བར་གསུམ་མཐའ་དག་གི །
རྨོངས་སེལ་བློ་གྲོས་སྤེལ་ཞིང་དགའ་བ་སྟེར། །
།
བསམ་བཞིན་དུས་བབ་བསྟན་དང་འགྲོ་བའི་དོན།
བསླབ་གསུམ་ངུར་སྨྲིག་འཛིན་པའི་གར་རོལ་ནས། །
རྒྱལ་བ་མཉམ་མེད་བསྟན་པའི་གསལ་བྱེད་དུ། །
འཛིན་སྐྱོང་སྤེལ་གསུམ་མཛད་པ་བསམ་ལས་འདས།
།
ས་བཅུ་ལམ་ལྔ་སྟོབས་བཅུ་མི་འཇིགས་བཞིས། །
སྐྱོན་བྲལ་ཡོན་ཏན་ཕུང་པོ་ཁྱེད་ལགས་ཀྱང་། །
མ་ཤེས་མ་རྟོགས་རྨོངས་པའི་འགྲོ་འདི་དག །
དེ་ལྟའི་ཡོན་ཏན་མ་མཐོང་ཕོངས་པས་སྐྱོ།།
།
ཕན་བདེ་མ་ལུས་འབྱུང་བའི་གཞི་གཅིག་པུ། །
རྒྱལ་བསྟན་སྤྱི་དང་རྒྱལ་བ་གཉིས་པའི་སྲོལ། །
བཤད་སྒྲུབ་གདུགས་དཀར་ཡུ་བ་འདེགས་ནུས་པའི།།
རྣམ་དཔྱོད་དཔུང་ཤུགས་རྫོགས་པ་ཁྱེད་ཉིད་ཙམ།།
།
མ་གྱུར་འགྲོ་ལ་ཕྱོགས་མེད་སྙིང་བརྩེ་བས།།
ཟབ་གདམས་བོན་ཀྱི་འཁོར་ལོ་ཕངས་མེད་དུ།།
ཡང་ཡང་བསྐོར་བས་སྐལ་ལྡན་འདུལ་བྱའི་ཚོགས།།
སྨིན་མཛད་ཁྱེད་ནི་རྒྱལ་བའི་གདུང་འཚོབ་ལགས།།
།
ཁྱེད་ནི་མ་སྒྲིབ་ཀུན་ཀ་གསལ་ལག་པས། །
སྐུ་འཁོར་དད་འབངས་རྣམས་ལ་དྲན་གསོའི་ཚུལ། །
ཞིང་ཁམས་གཞན་དུ་གཤེཌ་པའི་བརྡ་ཚིག་འགའ། །
གསུང་ནས་བསྟན་དོན་བྱ་བའི་ཟབ་གདམས་རྩལ། །
།
གཡུང་དྲུང་སྐུ་ལ་སྐྱེ་འཆི་མི་མངའ་ཡང༌། །
ཐབས་མཁས་འགྲོ་བློའི་རྟག་འཛིན་བསལ་སླད་དུ། །
དགུང་ལོ་དོན་དྲུག་བཞེས་པ་ཆུ་ལུག་ལོར། །
དག་པ་མཁའ་སྐྱོད་གནས་སུ་གཤེགས་ཚུལ་བསྟན། །
།
དེ་ཚེ་དགུང་ནས་འོད་ཟེར་རྒྱུན་ཐག་དང་། །
ཉི་ཟླའི་མདངས་མཛེས་གཡའ་དག་རོལ་མོའི་སྒྲ། །
མེ་ཏོག་ཆར་བབས་འཇའ་འོད་འཁྲིགས་པ་སོགས། །
ཡ་མཚན་ལྟས་བཟང་འབུམ་ཕྲག་དུ་མས་རྩེན། །
།
ཉེ་སྲས་རྣམས་ཀྱིས་ལས་བཞི་རྒྱུན་ལྔ་ཡི། །
དཀྱིལ་འཁོར་ཞལ་ཕྱེས་གདུང་མཆོད་ལེཌ་མཛད་ཅིང་། །
སྐུ་གདུང་རིལ་པོར་བཞུགས་སུ་གསོལ་བ་ལ། །
བླ་མེད་མཆོད་སྤྲིན་དཔག་མེད་རྒྱ་ཆེ་ཕུལ། །
།
དེ་ཕྱིར་གདུང་ལ་བྱིན་རླབས་རང་འབར་དང་། །
ངོ་མཚར་སྨན་ཀྱི་དྲི་ངད་རང་འཁོར་སོགས། །
འདས་རྟགས་འདི་ནི་རྒྱལ་སྲས་སེམས་པ་ཞིག །
བསླབ་གསུམ་དག་པའི་མཚན་མ་མིན་ན་ཅི། །
།
མ་འོངས་འགྲོ་བའི་ཚོགས་གཉིས་དད་པའི་རྟེན། །
རིང་བསྲེལ་དུང་མདོག་ཧཱུྃ་ཡིག་རང་བྱོན་དང་། །
འབྲིང་བ་རྒྱ་སྲན་ཙམ་གཉིས་ཆུང་བ་ནི། །
གྲངས་མེད་བྱུང་བ་ངོ་མཚར་རྨད་བྱུང་སྣང་། །
།
དེ་ལྟར་དམ་པར་བསྟོད་པའི་བསོད་ནམས་ཀྱི། །
ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཉིན་བྱེད་དབང་། །
སྒྲིབ་མེད་ཡངས་པའི་མཁའ་ནས་རྟག་འཆར་ཅིང་། །
བྱིན་རླབས་ཟེར་གྱིས་ས་གསུམ་ཡོངས་ཁྱབ་ཤོག །
།
བདག་ཀྱང་ཚེ་འདིར་འདོད་དོན་རྒྱལ་བའི་བཀའ། །
འཆད་རྩོད་རྩོམ་གསུམ་ཐོས་བསམ་བྱ་བས་འདའ། །
མགོན་ཁྱེད་བགྱིད་ཅིང་བཀའ་བཞིན་སྒྲུབ་ནུས་ནས། །
བསྟན་ལ་སྲི་ཞུ་ལྷོད་མེད་བརྩོན་ནུས་ཤོག །
།
འདི་ནས་ཚེ་འཕོས་དམ་པའི་ཞབས་དྲུང་དུ། །
འཁོད་ནས་ནམ་ཞིག་བྱང་ཆུབ་མ་ཐོབ་བར། །
མངོན་སུམ་གསུང་གི་སྣང་བ་རབ་ཐོབ་ནས། །
ཟབ་གདམ་བདུད་རྩི་རྟག་ཏུ་རོལ་ནུས་ཤོག །
།
ཤེས་བྱའི་མཛོད་འཆང་ཤེས་རབ་སྨྲ་སེང་གར། །
ཚེ་རབས་ཀུན་ཏུ་སྐྱབས་མགོན་བླ་མ་ཡིས། །
སྐྱེ་བ་ཀུན་ཏུ་དགེ་བཤེས་དངོས་མཛད་ཅིང་། །
བོན་ཀུན་རྟོགས་པའི་ཤེས་རབ་རྩལ་དུ་གསོལ།
།
༧ ཞེས་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྒྱལ་ཚབ་ཤེས་རབ་ཀུན་བཟང་བློ་གྲོས་དཔལ་བཟང་པོ་ཞེས་དམ་པ་གང་དེའི་སྐྱབས་འོག་ཏུ་གཏོགས་པ་ཤེས་རབ་རྩལ་དུ་འབོད་པ་དེས་ཀུན་ལྡན་ཞེས་པ་བོད་ལྕགས་བྱི་ལོའི་ས་ག་ཟླ་བའི་དཀར་ཕྱོགས་དགེ་བའི་ཉིན་སྒོ་གསུམ་གུས་པ་ཆེན་པོས་སྦྱར་བ་དགེ་ལེགས་འཕེལ། །
བསམ་ཚུལ་ཕྲིས།