རྩ་བའི་བླ་མའི་གསོལ་འདེབས་ཀྱི་འགྲེལ་བདེ་ལེགས་ཀུན་འབྱུང་སོགས།
རྩོམ་ཡིག་འདི་ཐེངས། 177979 བཀླགས་འདུག
རྩ་བའི་བླ་མའི་གསོལ་འདེབས་ཀྱི་འགྲེལ་བདེ་ལེགས་ཀུན་འབྱུང་།
།
ཨེ་མ་ཧོ།
རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི།།
མཁྱེན་བརྩེའི་ཡེ་ཤེས་ངོ་བོ་གཅིག་བསྡུས་པ།།
ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན།།
ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཤོག།།
།
………..ཅེས་ལན་གཅིག་དད་དམ་གཡོ་བ་མེད་པའི་ངང་ནས་ཞལ་ནས་བསྒྲགས་པ་ཙམ་གྱིས་འཁོར་བ་དོང་སྤྲུག་ནུས་ཤིང་ཉམས་རྟོགས་ཡེ་ཤེས་རང་འབར་དུ་འབྱུང་བར་ངེས་པའི་གསོལ་འདེབས་འདི་ནི། ལྷར་བཅས་སྲིད་ཞི་གཉིས་ཀྱི་གཙུག་རྒྱན་དམ་པ། རང་ཅག་བོན་འབངས་ཀུན་གྱི་འདྲེན་པ་ཆེན་པོ། མདོ་སྔགས་རྫོགས་གསུམ་གྱི་བསྟན་པའི་མངའ་བདག འཕྲུལ་ངག་གཡུང་དྲུང་བོན་གྱི་རྒྱལ་མཚན། བརྒྱད་ཁྲི་བཞི་སྟོང་བོན་གྱི་གཏེར་བདག སྒོ་བཞི་མཛོད་ལྔའི་བོན་གྱི་གཏེར་སྒྲོམ། ཐེག་པ་རིམ་པ་དགུ་ཡི་སྤྱི་རྗེ། བརྒྱུད་པ་གསུམ་གྱི་བསྟན་པའི་མདོ་འཛིན། གསང་བ་གསུམ་གྱི་བསྟན་པའི་སྒྲོན་མེ། ལམ་རིམ་གསུམ་གྱི་བསྟན་པའི་མངའ་བདག བསྐལ་སྟོང་སངས་རྒྱས་སྟོང་གི་རྒྱལ་ཚབ། རང་ཅག་བོན་འབངས་རྣམས་ཀྱི་ལྷ་སྐལ། སྲིད་ཞི་གཉིས་ཀྱི་མཆོད་སྡོང་ཆེན་པོ། མ་བགོས་སྤྱི་ལ་བཞག་པའི་ནོར་བུ། སྤོང་ལམ་མདོ་ཡི་དབང་དུ་བྱས་ན། རྟག་གཟིགས་ཀྱི་མཁན་བརྒྱུད། ཞང་ཞུང་གི་མཁན་བརྒྱུད། མངའ་རིས་ཀྱི་མཁན་བརྒྱུད། མདོ་ཁམས་ཀྱི་མཁན་བརྒྱུད། དབུས་གཙང་གི་མཁན་བརྒྱུད། རྒྱལ་བ་སྨན་རི་ཚང་གི་མཁན་རབས་རིམ་བྱོན་ཐམས་ཅད་ཀྱི་གསང་གསུམ་ངོ་བོ་གཅིག་ཏུ་བསྡུས་པའི་ཕུང་པོ། སྒྱུར་ལམ་སྔགས་ཀྱི་དབང་དུ་བྱས་ན། སྟོད་ཀྱི་བླ་མ་ཆེ་དྲུག བར་གྱི་གདུང་རྒྱུད་བཅུ་གསུམ། སྨད་ཀྱི་མཁས་པ་མི་བཞི། ལོ་པཎ་མཁས་པ་སྡེ་དགུ བྱིན་རླབས་བརྒྱུད་པའི་གཤེན་དགུ མཐུ་བོ་ཆེན་པོ་མི་དགུ གྲུབ་ཐོབ་རྫུ་འཕྲུལ་མ་དགུ མཐའ་འདུལ་ཟིལ་གནོན་བོན་དགུ བཀའ་ཁྲིམས་བཀའ་འཛིན་ཆེ་དགུ བླ་ཆེན་ཡབ་སྲས་རྣམས་ཀྱི་སྤང་རྟོགས་ཡོན་ཏན་ཀུན་འདུས་པའི་ངོ་བོ། གྲོལ་ལམ་སེམས་ཕྱོགས་ཀྱི་དབང་དུ་བྱས་ན། རྫོགས་པ་ཆེན་པོ་བླ་མེད་གཞུང་ཆེན་སྡེ་བཞི་སྟེ། སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། སྤྱི་རྒྱུད་ཡེ་ཁྲི་མཐའ་སེལ། བྱང་སེམས་གབ་པ་དགུ་སྐོར། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་མ་བུ་ཆ་ལག་དང་བཅས་པའི་བརྒྱུད་རིམ་ཀྱི་རྣམ་གྲོལ་རྒྱལ་དང་རྒྱས་སྲས་རིག་འཛིན་དང་། ས་ནོན་གྱི་གྲུབ་ཆེན་བཅོ་བརྒྱད་ལ་སོགས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ཡོན་ཏན་གྱི་ངོ་བོ་གཅིག་ཏུ་བསྡུས་པའི་རྣམ་རོལ། རང་ཅག་བོན་འབངས་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུར་གྱུར་པ། རྗེ་འགྲོ་བའི་མགོན་པོ། རྗེ་བཙུན་སྨན་རི་བ་ཆེན་པོ། ཚེ་རབས་ལས་ཀྱི་ཡབ་ཆེན། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཚན་བརྗོད་པར་དཀའ་བ། དོན་གྱིས་སླད་དུ་མཚན་ནས་སྨོས་ན། སྟོང་གི་སྤྱི་ཕུད་རྗེ་བཙུན་སྨན་རི་བ་ཞེས་སྙན་པའི་གྲགས་པ་དཀར་པོ་སྲིད་གསུམ་ཡངས་པའི་ཁྱོན་ཀུན་ལྡིར་བ། བཀའ་དྲིན་གྱི་ཕུང་པོ་ལ་བསམ་ན་སྙིགས་དུས་ཀྱི་རྒྱལ་བ་གསུམ་པའི་མཚན་དོན་ཡོངས་སུ་རྫོགས་པའི་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གི་གསོལ་འདེབས་ལགས་སོ། རང་ཅག་བོན་འབངས་རྣམས་ཀྱིས་རྗེ་འགྲོ་བའི་མགོན་པོའི་གསོལ་འདེབས་འདི་ཉིད་རྒྱུན་དུ་སེམས་ལ་སྒོམ་པ་དང་། ཞལ་ནས་བསྒྲགས་པ་ཙམ་གྱིས་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་རྒྱས་པའི་རྟེན་འབྲེལ་གྱི་ཆེ་བ་རང་བཞིན་གྱིས་འགྲིག་པ་དང་། ཉམས་རྟོགས་ཡེ་ཤེས་རང་འབར་དུ་འབྱུང་བར་ངེས་པའི་གསོལ་འདེབས་འདི་ཉིད་ཐོག་མར་ཐུགས་ཀྱི་དཔལ་དབྱེ་ལ་དགོངས། མགུལ་གྱི་བུམ་པ་ལ་དྲིལ། ལྗགས་ཀྱི་དབང་པོ་ལ་བཀྲམས། དུང་གི་ཚེམས་བར་ནས་བཏོན། ཕྱག་གི་ལྡེམ་འགྱུར་ལས་དྲངས་པར་མཛད་པའི་དཔོན་གསས་ནི། ལུང་སྡེ་སྣོད་གསུམ་གྱི་དབང་ཕྱུག་ཆེན་པོ། ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱི་བསྟན་བདག་ཆེན་པོ། ཀུན་མཁྱེན་ཉི་མའི་དབང་པོ་སླར་ཡང་འགྲོ་བ་མི་ཡི་རང་གཟུགས་སུ་བྱོན་པ། མདོ་སྔགས་སེམས་གསུམ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད། ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་སྲེག་བཅད་བརྡར་བའི་གསེར་བཞིན་འཛིན་སྐྱོང་སྤེལ་གསུམ་མཛད་པའི་འཕྲིན་ལས་ཀྱི་བྱེད་པོར་བཞེངས་པ། གསང་བ་གསུམ་གྱི་བོན་གྱི་མཛོད་ཆེན་འཛིན་པའི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་དབང་པོ་ཞེས་ལྷ་དང་བཅས་པའི་ཆེ་རྒུ་ཡོངས་ཀྱིས་བསྔགས་པའི་ཞིང་དུ་གྱུར་པ་དེའོ། རྗེ་བཙུན་སྨན་རི་བ་ཆེན་པོའི་གསོལ་འདེབས་འདི་ཉིད་ཀྱི་དབུར་ངོ་མཚར་རྨད་དུ་བྱུང་བའི་ཞང་ཞུང་བོན་གྱི་སྒྲ་སྐད་ཨེ་མ་ཧོ་ཞེས་བཀོད་དགོས་པའི་རྒྱུ་མཚན་གང་ཞིག་ཡིན་ནམ་ཞེ་ན། སྤྱིར་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱི་འབྱུང་གནས་དམ་པ་ཞང་ཞུང་སྒོ་ཕུགས་བར་གསུམ་དུ་གྲགས་པའི་ཕུགས་པ་ཡིན་ལ། ད་ལྟ་བསྐལ་ངན་ཁྲག་གི་རྒྱ་མཚོ་འཁྱིལ་བའི་དུས་འདིར། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་གཉིས་ཀྱི་རྒྱལ་ཚབ་ཀྱི་ཚུལ་དུ། ཤིན་ཏུ་གདུལ་བར་དཀའ་བའི་མི་མཇེད་སྟོང་གསུམ་གྱི་ཞིང་འདི་ཉིད་འདུལ་བའི་ཆེད་དུ། དུས་ཀྱི་ལ་ཚིགས་ཆེན་པོ་འདི་ཡི་སྐབས་སུ་བཟོད་པའི་གོས་གྱོན་སྙིང་རྗེའི་དམག་དཔུང་བསྐྱེད་ནས་བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་བསྒྲེངས་ཤིང་མི་ནུབ་བོན་གྱི་རྒྱལ་མཚན་སྣོད་ལྡན་གདུལ་བྱའི་རྒྱུད་ལ་འཛུགས་པའི་ཆེད་དུ་རྗེ་བཙུན་སྨན་རི་བའི་སྐུ་རུ་བཞེངས་ནས་རྗེ་འགྲོ་བའི་མགོན་པོ་ཁྱེད་ཉིད་ཕེབས་པ་ཡིན་པས། ཤིན་ཏུ་ངོ་མཚར་ཆེ་བ་ཡིན་ནོ། རབ་ཏུ་ངོ་མཚར་ཆེ་བ་ཡིན་ནོ། ཨེ་མ་ངོ་མཚར་ཆེ་བ་ཡིན་ནོ། ཞེས་པ་འདི་ཉིད་ཤེས་པར་བྱ་བའི་ཆེད་དུ། ཨེ་མ་ཧོ། ཞེས་བསྟན་པ་བོན་གྱི་འབྱུང་གནས་ཀྱི་སྒྲ་སྐད་དེ་ཉིད་དབུ་འདྲེན་གྱི་ཚུལ་དུ་སྔོན་འགྲོའི་ཀླད་དོན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱིས་བརྒྱན་ཏེ་འདིར་བཀོད་པ་ཡིན་ནོ། ད་ནི་ཚིག་བཞི་ཚིགས་སུ་བཅད་པའི་གསོལ་འདེབས་གཡུང་དྲུང་གི་ཤད་བར་བཞི་ལྡན་གྱི་རྐང་པ་བཞི་ཡི་ཐོག་མ། རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། ཞེས་པའི་གོ་དོན་སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མའི་དགོངས་དོན་དང་བསྟུན་ནས་འཆད་ན་འདི་ལྟར་ཡིན་ཏེ། རབ་འབྱམས་ཞེས་པ་ཤིན་ཏུ་འབྱམས་ཀླས་པའམ་མཐའ་མེད་པ་བགྲང་གིས་མི་ལོང་བ་བརྗོད་ལས་འདས་པ་མཐའ་དང་བྲལ་བ་མཐའ་ཡས་པ་མུ་མེད་པ་བདལ་ཁྱབ་ཤིན་ཏུ་ཆེ་བ་ཞེས་པའི་དོན་ཡིན་ལ། དེ་ལྟར་ཡིན་པའི་ཚུལ་བདེན་པ་བོན་གྱི་གསུང་རབ་རྣམས་ལས་གསལ་བ་ལྟར་འདིར་ཅུང་ཟད་ཙམ་ཞིག་བཀྲལ་ཏེ་བཤད་ན། ད་ལྟའི་རང་ཅག་རྣམས་ཀྱི་རྟེན་གནས་ཀྱི་ཞིང་ཁམས་འདི་ནི། ཀུན་སྣང་ཁྱབ་པའི་ཐུགས་ཁ་ན་རྟེན་ཞིང་ཆགས་པའི་རྩོད་པ་ཅན་མུ་ལ་འགྲམ་ཀྱི་ཞིང་ཁམས་ཞེས་པ་འདི་ཉིད་ཡིན་ལ། དེ་ལྟ་བུའི་ཞིང་ཁམས་དེ་ནི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་གཉིས་ཀྱི་གདུལ་ཞིང་ཡིན་པས་བསྐལ་བཟང་སྒྲོན་མེའི་བསྐལ་པ་ཞེས་བྱ་བ་ཡིན་ནོ། འདིའི་སྔོན་དུ་མུན་པའི་བསྐལ་པ་བཞི་བཅུ་སོང་ཟིན་པ་ཡིན་ལ། འདིའི་འོག་ཏུ་མུན་པའི་བསྐལ་པ་དྲུག་ཅུ་འབྱུང་བར་ངེས་པ་ཡིན། དེ་ནས་བསྐལ་བཟང་སྒྲོན་མེའི་བསྐལ་པ་བསྙེན་པ་ཆེན་པོ་ཞེས་བྱ་བ་སངས་རྒྱས་སྟོང་དང་ཁྲི་བྱོན་ནས་འགྲོ་བ་འདུལ་བ་ཡིན། དེ་ནས་སླར་ཡང་མུན་པའི་བསྐལ་པ་བརྒྱད་ཁྲིར་རྣམ་འདྲེན་སྟོན་པ་མི་བྱོན་ནོ། དེ་ནས་བསྐལ་པ་ལེགས་པར་བཀྲམ་པ་ཞེས་བྱ་བ། བསྐལ་བཟང་སྒྲོན་མེའི་བསྐལ་པ་དེ་ལ། སངས་རྒྱས་སྟོན་པ་བརྒྱད་ཁྲི་བྱོན་ནས་འགྲོ་བ་འདུལ་བ་ཡིན་ནོ། དེའི་འོག་ཏུ་སླར་ཡང་མུན་པའི་བསྐལ་པ་སུམ་བརྒྱར་སངས་རྒྱས་སྟོན་པ་མི་བྱོན་པ་ཡིན། དེའི་འོག་ཏུ་སངས་རྒྱས་ལེགས་པར་ཡོན་ཏན་བཀོད་པ་ཞེས་བྱ་བ། སངས་རྒྱས་སྟོན་པ་བརྒྱད་ཁྲི་བྱོན་ནས་བསྐལ་བཟང་སྒྲོན་མེའི་བསྐལ་པ་སླར་ཡང་འཆར་བ་ཡིན་ནོ། མདོར་ན་མུན་པའི་བསྐལ་པ་ཞེས་སངས་རྒྱས་སྟོན་པ་མི་བྱོན་པའི་བསྐལ་པ་མང་བ་ཡིན་ལ། སྒྲོན་བསྐལ་ཞེས་སྟོན་པ་སངས་རྒྱས་བྱོན་པའི་བསྐལ་པ་ཉུང་བ་ཡིན་ནོ། སྤྱིར་ནམ་མཁའ་སྟོང་པ་མུ་མེད་པའི་ཀློང་ཡངས་འདིའི་ངང་དུ་ཆགས་པའི་ཕྱི་སྣོད་སྟོང་གསུམ་གྱི་འཇིག་རྟེན་དང་ནང་བཅུད་སྐྱེ་འགྲོ་སེམས་ཅན་དང་། གདུལ་བྱ་སྣོད་ཀྱི་ཁྱད་པར་དང་། འདུལ་བྱེད་སྟོན་པའི་ཐུགས་རྗེ་རྣམས་ནི་རབ་འབྱམས་མུ་མེད་མཐའ་ལས་འདས་ཤིང་སྨྲ་བསམ་བརྗོད་པའི་ཡུལ་དང་བྲལ་བ་ཡིན་པས། སུས་ཀྱང་གྲངས་སུ་བགྲང་ཞིང་བློས་དཔག་པ་དང་ཚད་འཇལ་བར་མི་ནུས་སོ། སྟོང་གསུམ་འཇིག་རྟེན་གཅིག་ནི་སྤྲུལ་སྐུའི་གདུལ་ཞིང་དུ་གྲགས་པའོ། སྟོང་གསུམ་འཇིག་རྟེན་གཅིག་གི་ངོས་འཛིན་ནི། ཚང་རྒྱུང་གི་འཇིག་རྟེན་སྟོང་ལ། སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཞེས་བྱ་བ་ཡིན་ལ། སྟོང་དང་པོ་དེ་འདྲ་སྟོང་ལ། སྟོང་གཉིས་པ་བར་མའི་འཇིག་རྟེན། སྟོང་གཉིས་པ་བར་མའི་འཇིག་རྟེན་དེ་འདྲ་སྟོང་ལ། སྟོང་གསུམ་པ་མཐར་ཐུག་གི་འཇིག་རྟེན་ཏེ། དེ་ལ་ཚངས་རྒྱུང་གི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡོད་པ་ཡིན་ནོ། འཐུག་པོ་བཀོད་པའི་ཞིང་ཁམས་ནི་རྫོགས་སྐུའི་གདུལ་ཞིང་ཡིན། འཐུག་པོ་བཀོད་པའི་ཞིང་ཁམས་ཀྱི་ངོས་འཛིན་ནི། སྟོང་གསུམ་འཇིག་རྟེན་སྟོང་ལ་བཀོད་པ་དང་པོའི་འཇིག་རྟེན། བཀོད་པ་དང་པོ་སྟོང་ལ། བཀོད་པ་བར་མའི་འཇིག་རྟེན། བཀོད་པ་བར་མ་སྟོང་ལ། བཀོད་པ་མཐར་ཐུག་གི་འཇིག་རྟེན། བཀོད་པ་མཐར་ཐུག་སྟོང་ལ། མུ་ཁྱུད་དང་པོ། མུ་ཁྱུད་དང་པོ་སྟོང་ལ། མུ་ཁྱུད་བར་མ། མུ་ཁྱུད་བར་མ་སྟོང་ལ། མུ་ཁྱུད་མཐར་ཐུག མུ་ཁྱུད་མཐར་ཐུག་སྟོང་ལ། བདལ་པའི་འཇིག་རྟེན་དང་པོ། བདལ་བའི་འཇིག་རྟེན་དང་པོ་སྟོང་ལ། དོག་བདལ་བར་མ། དོག་བདལ་བར་མ་སྟོང་ལ། སྟོང་གཞི་མེ་ཏོག་བརྒྱན་པའི་མཐའ་ཞེས་བྱ་བ། དོག་བདལ་མཐར་ཐུག་སྟེ། ཐམས་ཅད་བསྡོམས་པའི་མིང་ལ། འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ། རྫོགས་སྐུ་གཤེན་ལྷ་འོད་དཀར་གྱི་གདུལ་ཞིང་ཡིན་ནོ། ནམ་མཁས་ཁྱབ་ཚད་ཀྱི་ཞིང་ཁམས་ནི། བོན་སྐུའི་གདུལ་ཞིང་དུ་གྲགས་པ་ཡིན་པས། རབ་འབྱམས་མུ་མཐའ་དང་བྲལ་ཞིང་གྲངས་ཚིག་གིས་མཚོན་དུ་མེད་པའོ། ཕྱོགས་བཅུའི་ཞེས་པའི་གོ་དོན་ནི། ད་ལྟ་རང་ཅག་རྣམས་ཀྱི་རྟེན་གནས་བསྐལ་སྟོང་སངས་རྒྱས་སྟོང་དང་རྩ་གཉིས་ཀྱི་གདུལ་ཞིང་དུ་གྲགས་པ་ཀུན་སྣང་ཁྱབ་པའི་ཐུགས་ཁ་རུ་ཆགས་པའི་རྩོད་པ་ཅན་མུ་ལ་གྲམ་གྱི་ཞིང་ཁམས་འདི་ཉིད་ཀྱི་ཕར་འདས་པ་ན། ཕྱོགས་བཅུའི་སྟོང་གསུམ་གྱི་འཇིག་རྟེན་ཆགས་ཤིང་གནས་པ་དེ་རྣམས་ཀྱི་ངོས་འཛིན་ནི། སྟོང་གསུམ་འདི་ཕར་འདས་པའི་ཀུན་སྣང་ཁྱབ་པའི་ལྟེ་བ་ན་ཞི་བ་འོད་ཀྱི་ཞིང་ཁམས་བྱ་བའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཆགས་སོ། ཞིང་ཁམས་དེ་ནི་སྟོན་པ་བཀའ་གསང་ཞི་བ་ཤེས་རབ་རྒྱལ་ཞེས་བྱ་བས་འདུལ་ལོ། སྟོང་གསུམ་འདི་ཕར་འདས་པའི་བྱང་ཕྱོགས་ཀུན་སྣང་ཁྱབ་པའི་རྩིབ་ལོག་གཡོན་ན། རྒྱས་པ་རླུང་འགྱུར་ཚལ་ཞེས་བྱ་བའི་སྟོང་གསུམ་ཆགས་སོ། ཞིང་ཁམས་དེ་ནི་སྟོན་པ་དབང་བསྒྱུར་འཁོར་ལོ་བྱ་བས་འདུལ་ལོ། སྟོང་གསུམ་འདི་ཕར་འདས་པའི་ནུབ་ཕྱོགས་ཀུན་སྣང་ཁྱབ་པའི་ཨོག་མ་ན། དབང་ལྡན་མེ་འོད་པད་མ་གསལ་ཞེས་བྱ་བའི་སྟོང་གསུམ་ཆགས་སོ། ཞིང་ཁམས་དེ་ནི་སྟོན་པ་པད་མ་བདེ་བ་མཛེས་ཞེས་བྱ་བས་འདུལ་ལོ། སྟོང་གསུམ་འདི་ཕར་འདས་པའི་ལྷོ་ཕྱོགས་ཀུན་སྣང་ཁྱབ་པའི་རྩིབ་ལོག་གཡས་པ་ན། ལྕང་ལོ་དྲག་པོ་ཚལ་བྱ་བའི་སྟོང་གསུམ་ཆགས་སོ། ཞིང་ཁམས་དེ་ནི་སྟོན་པ་མུ་ལ་ཨུ་རྒྱན་ཞེས་བྱ་བས་འདུལ་ལོ། སྟོང་གསུམ་འདི་ཕར་འདས་པའི་ལྷོ་ཤར་ཀུན་སྣང་ཁྱབ་པའི་རྩིབ་གཡས་པ་ན། བདེ་བ་གཟུགས་བཟང་ཞེས་བྱ་བའི་སྟོང་གསུམ་ཆགས་སོ། ཞིང་ཁམས་དེ་ནི་སྟོན་པ་མུ་ལ་དབང་བཙན་ཞེས་བྱ་བས་འདུལ་ལོ། སྟོང་གསུམ་འདི་ཕར་འདས་པའི་བྱང་ཤར་ཀུན་སྣང་ཁྱབ་པའི་དལ་རྩིབ་གཡོན་ན། འགྲོ་བ་མུན་པ་རབ་ཏུ་སངས་ཞེས་བྱ་བའི་སྟོང་གསུམ་ཆགས་སོ། ཞིང་ཁམས་དེ་ནི་སྟོན་པ་བདེ་མཆོག་འཁོར་ལོ་ཞེས་བྱ་བས་འདུལ་ལོ། སྟོང་གསུམ་འདི་ཕར་འདས་པའི་བྱང་ནུབ་ཀུན་སྣང་ཁྱབ་པའི་སྒྲོག་རུས་གཡོན་པ་ན། ཤིང་ལོ་གྲིབ་སོ་འོད་མ་ཚལ་ཞེས་བྱ་བའི་སྟོང་གསུམ་ཆགས་སོ། ཞིང་ཁམས་དེ་ནི་སྟོན་པ་གུང་ཁྲི་བདལ་འོད་འབར་ཞེས་བྱ་བས་འདུལ་ལོ། སྟོང་གསུམ་འདི་ཕར་འདས་པའི་ལྷོ་ནུབ་ཀུན་སྣང་ཁྱབ་པའི་སྒྲོག་རུས་གཡས་པ་ན། མུ་རྒྱལ་ལམ་སྣང་ཞེས་བྱ་བའི་སྟོང་གསུམ་ཆགས་སོ། ཞིང་ཁམས་དེ་ནི་སྟོན་པ་བདེ་བ་རྒྱས་འདེབས་ཞེས་བྱ་བས་འདུལ་ལོ། སྟོང་གསུམ་འདི་ཡར་འདས་པའི་སྟེང་ཕྱོགས་ན། ཀུན་སྣང་ཁྱབ་པའི་ཞལ་གྱི་ངད་པ་ལས། རིན་ཆེན་གྲོམ་བུ་ཚལ་ཞེས་བྱ་བའི་སྟོང་གསུམ་ཆགས་སོ། ཞིང་ཁམས་དེ་ནི་སྟོན་པ་བདེ་བའི་ཀློང་ཞེས་བྱ་བས་འདུལ་ལོ། སྟོང་གསུམ་འདི་མར་འདས་པའི་འོག་ཕྱོགས་ཀུན་སྣང་ཁྱབ་པའི་གསང་བ་ན། མུ་མཚོ་ཀློང་དུ་འཁྱིལ་ཞེས་བྱ་བའི་སྟོང་གསུམ་ཆགས་སོ། ཞིང་ཁམས་དེ་ནི་སྟོན་པ་ནོར་བུ་བདེ་ཁྱབ་རིན་ཆེན་རོ་ཞེས་བྱ་བས་འདུལ་ལོ། ཕྱོགས་བཅུའི་སྟོང་གསུམ་རེ་རེ་ལ། ཚང་རྒྱུང་འཇིག་རྟེན་བྱེ་བ་ཕྲག་བརྒྱ་རེ་རེ། ཕྱོགས་བཅུའི་སྟོན་པ་བྱེ་བ་ཕྲག་བརྒྱ་རེ་རེ། ཚང་རྒྱུང་ཐམས་ཅད་སྐར་མ་བཀོད་པ་དང་འདྲ་བ། རི་རབ་རྣམས་ནི་མདུང་རྩེ་ཤིབས་པ་དང་འདྲ་བ། རྒྱ་མཚོ་ནི་ཐེབ་རྩེ་བཀྲམ་པ་དང་འདྲ་བ། ལྕགས་རི་རྣམས་ནི་གཡུ་གུར་ཕུབ་པ་དང་འདྲ་བ། ཉི་ཟླ་རྣམས་ནི་ཆ་ལང་གཏོར་བ་དང་འདྲ་བ། གླིང་བར་ཞིང་ཀ་འདྲེས་པ་འདྲ་བ། ཡས་མར་དོང་རྩེ་བརྩེགས་པ་འདྲ་བ། ཕན་ཚུན་ཟ་འོག་བཏིང་བ་འདྲ་བ། མཐའ་དང་དབུས་མེད། ཕྱོགས་དང་མཚམས་མེད། སྟེང་དང་འོག་མེད། མུ་མེད་འབྱམས་ཡས་ནམ་མཁས་ཁྱབ་ཚད་དང་མཉམ་པ། ཡོངས་ཁྱབ་བདལ་པ་ཆེན་པོ་རུ་བཞུགས་སོ། གཞན་ཡང་ཀུན་སྣང་ཁྱབ་པའི་ཕྱག་གི་སོར་མོ་བཅུ་དང་། ཞབས་ཀྱི་སོར་མོ་བཅུ་དང་། སྐུ་ཡི་བ་སྤུ་རེ་རེའི་རྩེ་མོ་དང་། དབུ་སྐྲ་ཉག་མ་རེ་རེའི་རྩེ་མོ་རྣམས་སུ། སྟོང་གསུམ་རེ་རེ་ཆགས་ཤིང་གནས་པར་གསུངས་སོ། འདི་རྣམས་ནི་དྲང་དོན་གྱི་དབང་དུ་བྱས་ནས་གསུངས་པ་ཡིན་ཀྱང་། དོན་དུ་མུ་མེད་ནམ་མཁའ་སྟོང་སང་འདིའི་ངང་དུ། ཕྱི་ཡི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་འགྲོ་བ་བསམ་གྱིས་མི་ཁྱབ་པ། ནམ་མཁའི་མཐའ་དང་མཉམ་པར་བཞུགས་པ་སྲིད་པ་ལས་ཀྱི་གཏིང་ཟློག་གི་རྒྱུད་ལས་བསྟན་པ་དེ་ལྟར་ཡིན་ནོ། རྒྱལ་བ་སྲས་བཅས་ཀྱི། ཞེས་པའི་གོ་དོན་ནི། གདུལ་བྱའི་ཞིང་ལ་གྲངས་དང་མུ་མཐའ་མེད་པ་ཇི་བཞིན། འདུལ་བྱེད་ཐབས་ཀྱང་དེ་བཞིན་ཟད་མི་ཤེས་པ་ཡིན་ལ། མཁའ་ཟླ་གཅིག་ལས་ཆུ་ཟླ་འབུམ་ཕྲག་ཤར་བ་དང་། ཉི་མ་གཅིག་ལས་ཚ་ཟེར་འབུམ་ཕྲག་འཕྲོ་བ་ཇི་བཞིན། མུ་མཐའ་མེད་པའི་སྟོང་གསུམ་གྱི་འཇིག་རྟེན་རེ་རེ་ལ། འདུལ་བྱེད་ཀྱི་སྟོན་པ་སྟེ་རྒྱལ་བ་རེ་རེ་དང་། ཉིད་ལས་མི་གཞན་པའི་རིགས་ལྔའི་སངས་རྒྱས་རེ་རེ་དང་། དེའི་འཁོར་རྒྱལ་བའི་སྲས་པོ་བསམ་གྱིས་མི་ཁྱབ་པ་དང་། སྟོན་པ་རེ་རེ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡི་བཀོད་པ་རེ་རེ་དང་། ཞི་རྒྱས་དབང་དྲག་རྒྱུན་དང་ལྔ་ཡི་སྨིན་གྲོལ་གྱི་མཛད་པ་རེ་རེ་དང་། འདུལ་བྱེད་ཀྱི་བོན་སྒོ་བསམ་གྱིས་མི་ཁྱབ་པར་སྟོན་པའི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དེ་རྣམས་ཐམས་ཅད་ཀྱི། ཞེས་གསུངས་པ་ཡིན་ནོ། མཁྱེན་བརྩེ་ཡེ་ཤེས་ངོ་བོ་གཅིག་བསྡུས་པ། ཞེས་པའི་གོ་དོན་ནི། གོང་དུ་བསྟན་པའི་སྟོང་གསུམ་གྱི་འཇིག་རྟེན་དང་། ཕར་འདས་ཕྱོགས་བཅུའི་འཇིག་རྟེན་དང་། ནམ་མཁའི་མཐའ་དང་མཉམ་པའི་སྟོང་གསུམ་གྱི་འཇིག་རྟེན་རྣམས་སུ་བཞུགས་པའི་རྒྱལ་བ་དང་རྒྱལ་བའི་སྲས་པོ་རྣམས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་ཏེ། འཁོར་འདས་ཀྱི་བོན་ཐམས་ཅད་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་བཞིན་ཐམས་ཅད་སིལ་བུར་མཁྱེན་པའི་ཀུན་མཁྱེན་ཡེ་ཤེས་དང་། བརྩེ་བ་སྟེ། རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུ་དང་། ཟད་པ་མེད་པ་ས་གཞི་ལྟ་བུ་དང་། ཀུན་ལ་སྙོམས་པ་ཉི་མ་ལྟ་བུ་དང་། དཔག་ཏུ་མེད་པ་ནམ་མཁའ་ལྟ་བུའི་ཐུགས་རྗེ་སྟེ། རྒྱུན་གནས་ཐུགས་རྗེ་བཞི་ཡི་ངོ་བོ་དེ་དང་། ཡེ་ཤེས་ཏེ། མཐའ་བྲལ་གཤིས་ཀྱི་ཡིན་ལུགས་འཇལ་བའི་སྟོང་ཉིད་ཡེ་ཤེས། སྲིད་ཞི་མཉམ་པ་ཉིད་དུ་མཁྱེན་པའི་མཉམ་ཉིད་ཡེ་ཤེས། བདེན་གཉིས་སྒྲིབ་མེད་དུ་གསལ་བའི་མེ་ལོང་ཡེ་ཤེས། རང་མཚན་མ་འདྲེས་པར་མཁྱེན་པའི་སོར་རྟོགས་ཡེ་ཤེས། གཞན་དོན་རྩོལ་མེད་ལྷུན་གྲུབ་ཏུ་མཁྱེན་པའི་བྱ་གྲུབ་ཡེ་ཤེས་དང་ལྔ་སྟེ། ཡེ་ཤེས་ལྔ་ཡི་རང་བཞིན་དུ་བཞུགས་པ་དེ་རྣམས་སོ། མདོར་ན་མཁྱེན་པ་དང་བརྩེ་་བ་དང་ཡེ་ཤེས་ཀྱི་ངོ་བོ་ཐམས་ཅད་གཅིག་ཏུ་བསྡུས་པའི་སངས་རྒྱས་མི་ཡི་གཟུགས་སུ་རྣམ་པར་སྤྲུལ་པའི་སྐུ་ནི། སྨན་རི་བ་ཁྱེད་ཉིད་དོ། ཞེས་དང་། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད་ཀྱི་ངོ་བོ་གཅིག་ཏུ་བསྡུས་པའི་རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་ནི། སྨན་རི་བ་ཁྱེད་ཉིད་དོ། ཞེས་དང་། སྐུ་ནི་སེམས་དཔའ། གསུང་ནི་བོན། ཐུགས་ནི་སངས་རྒྱས། ཞེས་དཀོན་མཆོག་རྩ་གསུམ་འདུས་པའི་ངོ་བོ་ནི། སྨན་རི་བ་ཁྱེད་ཉིད་དོ་ཞེས་གསལ་བར་བསྟན་པ་ཡིན་ནོ། ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན། ཞེས་པའི་གོ་དོན་ནི། སྙིགས་མ་ལྔ་ཡི་རང་མདངས་ཆེ་ཆེར་བདོ་བའི་བསྐལ་ངན་ཁྲག་གི་རྒྱ་མཚོ་འཁྱིལ་བའི་དུས་ཀྱི་ཆར། རྒྱལ་བསྟན་སྤྱི་ལ་གོད་ཆགས་དང་། ཁྱད་པར་དུ་དམུ་རྒྱལ་གཤེན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་མིང་གི་ལྷག་མར་གྱུར་ལ་ཉེ་བའི་དུས་སུ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་གཅིག་ཏུ་བསྒྲིལ་ཏེ་ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཀྱི་བྱེད་པོར་བཞེངས་ནས་བྱོན་པའི་དུས་རབས་ཉེར་གཅིག་པ་འདི་ཡི་འགྲོ་འདྲེན་གྱི་སྟོན་པ་ཆེན་པོ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་སླར་ཡང་ཞིང་འདིར་བྱོན་ནས་རྒྱལ་བསྟན་མེ་རོ་སྤར་ཏེ། གཞིས་བྱེས་གཉིས་ཙམ་མ་ཟད། འཛམ་གླིང་ཡངས་པའི་ཁྱོན་ཀུན་འཕྲུལ་ངག་བོན་གྱི་བསྭོ་སྒྲའི་བོན་དབྱངས་ཕྱོགས་མེད་ཀུན་དུ་འགེངས་པར་མཛད་པའི་བསྟན་འགྲོའི་མགོན་པོ་ནི། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཁྱེད་ཉིད་ཡིན་ནོ། ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཕུལ་བ་ཡིན་ནོ། དེ་ལྟར་དོན་ལ་གནས་པ་ཡང་ཡིན་ཏེ། རྗེ་འགྲོ་བའི་མགོན་པོ་ཁྱེད་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ངོ་མཚར་རྨད་དུ་བྱུང་བའི་མཛད་རྗེས་ཁག་གླེང་ན། ཟད་པའི་མཐའ་ཞིག་མ་མཆིས་པས་ཞིབ་མོར་མཁྱེན་པར་འདོད་ན་མཛད་རྣམ་གཡུང་དྲུང་སྲིད་པའི་དར་ཆེན་ནང་དུ་གཟིགས་པར་འཚལ་ལོ། འདིར་མགོན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་ནང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་ཤིན་ཏུ་གལ་གནད་ཆེ་བ་ཕྱོགས་ཙམ་ཞིག་གླེང་ན་འདི་ལྟར་ཏེ། ༡༩༧༠དགུང་གྲངས་ཞེ་གཉིས་ཐོག་རྒྱ་གར་བྱང་རྒྱུད་ཧི་མ་ཅལ་གྱི་མངའ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་པ་རུ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་འདི་ཉིད་ཕྱག་བཏབ། ༡༩༧༨དགུང་གྲངས་ལྔ་བཅུའི་ཐོག་སངས་རྒྱས་བསྟན་པའི་གཞི་མ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་ནས་མདོ་སྔགས་སེམས་གསུམ་དང་བཅུ་ཕྲག་རིག་པའི་གནས་དང་བཅས་པ་ཐམས་ཅད་ལ་བདག་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་རྒྱལ་བསྟན་ཇི་ལྟར་སྐྱོང་བའི་ཚུལ་དང་འབྲེལ་ནས་དམིགས་བསལ་གྱི་བཅའ་སྒྲིག་གཏན་འབེབ་མཛད། མཉམ་མེད་རྒྱལ་བ་གཉིས་པའི་རིང་ལུགས་བཟང་པོ་བཤད་སྒྲུབ་གཉིས་ལྡན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཚུལ་བཞིན་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་མཛད། ཕྱི་ལོ་༡༩༨༦ལོར་དངོས་སུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་དྲུག་གི་མཚན་བཏགས་བཞེས་ནས་ད་ལྟའི་བར་རྒྱལ་བ་སྨན་རི་ཚང་གི་དགེ་བའི་བཤེས་གཉེན་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་ལྔ་ལ་ཉེ་བ་ཙམ་ཞིག་ཐོན། ཁྱད་པར་དུ་རྒྱ་བལ་འབྲུག་གསུམ་གི་དགོན་སྡེ་ཁག་རྣམས་སུ་མཁན་པོ་དང་སློབ་དཔོན་དང་དཔེ་ཁྲིད་དགེ་རྒན་སོགས་མངགས་གཏོང་མཛད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡང་དེ་དང་དེ་བཞིན་བོན་ཚོགས་ཀྱི་དབུ་འཛིན་དང་། གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན། ཞིབ་འཇུག་མཁས་དབང་དུ་མ་སྐྱེད་སྲིང་མཛད། གཉེན་ཕྲང་གི་དུས་འདིར་འཕྲུལ་ངག་བོན་གྱི་བསྟན་པའི་མེ་སྟག་དང་པོ་མཆེད་ས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེ་འདི་ཉིད་ཕྱག་བཏབ་ཏེ། བསྟན་པའི་མེ་རོ་མི་ཡུལ་གྱི་ས་མཐའ་འདི་ནས་སྤར་ཏེ། གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ད་ལྟའི་ཆར་བོད་གཞིས་བྱེས་ཙམ་དུ་མ་ཟད། འཛམ་གླིང་ཤར་ནུབ་ཀུན་ཏུ་ནམ་མཁའི་མཐའ་དང་མཉམ་པའི་མཛད་འཕྲིན་དབྱར་གྱི་ཆུ་བོའི་གཞུང་བཞིན་རྒྱས་ཐུབ་པ་འདི་བྱུང་། ༡༩༩༧ལོར་གཡས་རུའི་ཚད་མའི་སྲོལ་རྒྱུན་ཉམས་པ་སླར་གསོ་མཛད་དེ། ཐུན་མིན་བོན་གྱི་གཟི་འོད་རབ་ཏུ་འབར་བའི་གཡས་རུའི་འཆད་རྩོད་ཆེན་མོ་ཞེས་པའི་མཚན་གྱི་མགུལ་རྒྱན་གསོལ་ཏེ་གཡས་རུའི་འཆད་རྩོད་ཀྱི་སྲོལ་བཟང་རྒྱུན་སྲིང་མཛད། ཡིག་ཆ་ལའང་ཡིག་ཆ་གོང་འོག་བར་གསུམ་ཞེས་ཡིག་ཆ་གོང་མ་འགྲོ་མགོན་བློ་གྲོས་ཅན་དང་། ཡིག་ཆ་བར་མ་རྗེ་བདག་ཉིད་ཆེན་པོའི་ཅན་དང་། ཡིག་ཆ་འོག་མ་ཀུན་མཁྱེན་ཉི་མའི་ཅན་རྣམས་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་པ་རྒྱ་ཆེར་བཞེས་ནས་གཏན་འབེབས་མཛད། སྐུ་ཚེ་ཧྲིལ་པོར་བྱ་བྲལ་ཉམས་ཆུང་གི་ཚུལ་བཟུང་ནས་འདོད་ཆུང་ཆོག་ཤེས་ཁོ་ནའི་ངང་ལ་བཞུགས། ཕྱི་སོ་སོ་ཐར་པས་རྒྱུད་བསྡམས། ནང་གསང་བ་སྔགས་ཀྱི་ཐེག་པའི་གཞུང་བསྲངས། བློ་ཕུགས་བླ་མེད་རྫོགས་པ་ཆེན་པོ་ལ་གཏད་ནས་ཚེ་དང་སྒྲུབ་པ་མཉམ་པོར་བསྐྱངས། རང་ལྟ་ལ་མི་ཆགས་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་བསྟན་པའི་ཁུར་བཞེས་ཤིང་། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་རིས་སུ་མ་མཆིས་པའི་བསྟན་དང་བསྟན་འཛིན་ཡོངས་ལ་ཁ་ཞེ་གཉིས་མེད་ཀྱིས་དག་སྣང་ནོར་བུའི་འོད་ཀྱིས་བརྒྱན་པར་མཛད། རང་གཞན་སུ་ལ་ཡང་ཆོ་ལུགས་ཀྱི་རུ་ཏྲའི་དབང་དུ་སོང་ནས་སྐྱོན་བརྗོད་པ་དང་དམའ་འབེབ་པ་སོགས་གཏན་ནས་མི་མཛད། མགོན་མེད་ཀྱི་དྭ་ཕྲུག་ཉམས་ཐག་བསམ་དུ་མེད་པ་ཞིག་ལ་གནའ་དེང་གི་ཤེས་བྱའི་སློབ་གཉེར་དང་འཚོ་བའི་མཐུན་རྐྱེན་སྦྱར་ནས་མི་ཚེའི་མདུན་ལམ་བསྐྲུན་ཞིང་རང་མགོ་རང་གིས་ཐོན་ཐུབ་པ་བཟོས། དགོངས་པ་བོན་དབྱིངས་སུ་གཤེགས་པའི་དུས་སུའང། རྟགས་དང་མཚན་མ་ཀུན་གྱི་མཐོང་སར་བཞག་ནས་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཇི་བཞིན་འཛམ་གླིང་གི་ཁ་ཕྱོགས་བོན་དུ་བསྒྱུར་ནས་གཡུང་དྲུང་བསྟན་པའི་རྒྱལ་མཚན་བསྒྲེངས་ནས་གཤེགས། འདས་པའི་ལོ་རྒྱུས་ནང་བྱུང་བར་དཀོན་པ་བོན་ཆོས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་དད་དམ་གཡོ་བ་མེད་པའི་སྒོ་ནས་ཕྱོགས་བཅུ་ཀུན་ནས་མ་བོས་ངང་གིས་འདུས་ཏེ། མཐུན་སྒྲིལ་གྱི་ལག་གདངས་སྦྲེལ། དགོངས་པ་ལ་གཤེགས་ཟིན་པའི་རྗེས་སུ་ཡིན་ནའང་། གཞིས་བྱེས་བོན་འབངས་རྣམས་རྡོག་རྩ་གཅིག་ཏུ་དྲིལ་ནས་ལྷག་བསམ་གྱི་འོ་མཚོ་གྱེན་དུ་ཕྱུར། ཕྱི་ནང་གསང་གསུམ་གྱི་འགལ་རྐྱེན་གང་གིས་ཀྱང་བསྐྱད་དུ་མ་ཚུགས་པར་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་ཆེན་པོ་ཡང་བདེ་བླག་གི་ངང་ནས་བསྐོས་བཞག་ཐུབ། བོན་འབངས་རྣམས་ཀྱིས་ཡིད་གཉིས་ཐེ་ཚོམ་མེད་པར་མ་གྲོས་བསམ་པ་གཅིག་མཐུན་གྱིས་གུས་བཀུར་དང་ལེན་ཞུས། འདི་ལྟར་ཤིན་ཏུ་ངོ་མཚར་ཆེ་བའི་མ་འགྲིག་རང་གྲུབ་ཀྱི་རྟེན་འབྲེལ་གྱི་ཆེ་བ་འདི་རྣམས། མགོན་པོ་ཁྱེད་ཀྱི་མཛད་བཟང་གསེར་གྱི་འཁོར་ལོའི་ཆ་ཤས་ཤིག་ཏུ་རྣམ་པར་ངེས་སོ། གཞན་ཡང་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱིས་དབྱར་གྱི་ཚ་བ་ལ་མ་འཛེམས། དགུན་གྱི་གྲང་ངར་ལ་མ་འཛེམས། དབྱར་དགུན་གྱི་དུས་ཚོད་རེའུ་མིག་དང་བསྟུན་ནས། བཤད་སྒྲུབ་བསྟན་པའི་གཞི་བཟུང་སྟེ་བགྲང་བྱ་དུ་མའི་རིང་། མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ། བདག་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་རྒྱུན་བསྲིངས་ནས། དཀའ་བ་ཁྱད་དུ་བསད། བརྩོན་པ་ལྷུ་རུ་བླངས་ནས། མཐར་དབང་ལུང་ཁྲིད་གསུམ་གྱི་བང་མཛོད་དུ་གྱུར་པའི་དགེ་བའི་བཤེས་གཉེན་གྱི་གྲངས་བརྒྱ་ཕྲག་ལས་བརྒལ་བ་བསྐྱེད་སྲིང་བྱུང་དང་འབྱུང་བཞིན་པ་འདི་རྣམས་ལ། སློབ་གཉེར་གྱི་མཐུན་འགྱུར་ལྟོ་ཟས་རྒྱབ་གོས་བཞུགས་ཤག་དང་བཅས་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་འདི་འདྲ་ཆུ་བོའི་རྒྱུན་བཞིན་ཐང་ལྷོད་མེད་པར་རྒྱུན་སྐྱོང་གནང་མཁན་རྗེ་བཙུན་སྨན་རི་བ་འདི་བཞིན་འདས་པའི་ལོ་རྒྱུས་ཀྱི་ཡིག་ཚང་ནང་བྱུང་མྱོང་མེད་ཟེར་ནས་ཐག་གཅོད་ཐུབ། ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན་ཟེར་ན་འདི་འདྲ་ཞིག་ལ་གོ་དགོས་སོ། ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཤོག ཅེས་པའི་གོ་དོན་ནི། ལུང་གི་བོན་ལ་རྒྱས་པར་ཕྱེས་ན་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་། མདོ་རུ་བསྡུས་ན་སྒོ་བཞི་མཛོད་ལྔ། ཐེག་སྒོ་དང་བསྟུན་ན་བོན་ཐེག་པ་རིམ་དགུ མདོ་རུ་བསྡུས་ན་མདོ་སྔགས་སེམས་གསུམ་གྱི་ཚུལ་རྣམས་གསལ་བར་སྟོན་པའི་རྒྱལ་བའི་བཀའ་དང་འཕགས་པའི་བཀའ་བརྟེན་འདི་རྣམས་ལུང་གི་བསྟན་པ་ཡིན་ལ། རྟོགས་པའི་བོན་ལ་རྟོགས་པའི་ངོ་བོར་གྱུར་པའི་བོན་དང་། རྟོགས་པའི་སྟོབས་ཀྱིས་ཐོབ་པའི་བོན་དང་གཉིས་སུ་ཡོད་པ་ལས། དང་པོ་ནི་ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དང་། ཐར་ལམ་ལྔ་གསུམ་བཅོ་ལྔ། སྤང་བསྒྱུར་གྲོལ་གསུམ་གྱི་ལམ་རྣམས་ཡིན་ལ། གཉིས་པ་རྟོགས་པའི་སྟོབས་ཀྱིས་ཐོབ་པའི་བོན་ནི། ལས་དང་སྒྲིབ་པ་ཅི་རིགས་པས་དབེན་པའི་སོ་སོར་བརྟག་པའི་འགོག་པ་དང་། ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་ཚོགས་རྣམས་གཉེན་པོའི་སྟོབས་ཀྱིས་བཅོམ་ནས་བྲལ་བའི་དབྱིངས་རྣམ་པར་དག་པའི་ཆ་རྣམས་སོ། ལུང་རྟོགས་ཀྱི་ཡོན་ཏན་ཟབ་མོ་འདི་རྣམས་ནི། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་སྒྲུབ་པའི་ཐབས་བླ་མེད་ཡིན་ལ། སྡུག་བསྔལ་མུན་པའི་སྨག་རུམ་སེལ་བའི་ཉི་མ་ཡང་ཡིན་པས་ན། ལུང་རྟོགས་བསྟན་པའི་ཉི་མ་ཡིན་ལ། དེ་ལྟ་བུའི་ལུང་རྟོགས་ཀྱི་ཡོན་ཏན་ཟབ་མོ་དེ་རྣམས་རྗེ་བཙུན་སྨན་རི་བ་ཁྱེད་ལ་མངའ་བས་ན། ཟབ་ཅིང་རྒྱ་ཆེ་བའི་སྤང་རྟོགས་ཡོན་ཏན་གྱི་མཚན་དེ་མགོན་པོ་མཆོག་ཉིད་ལ་གསོལ་བ་ཡིན་ནོ། རྟག་འཆར་ཤོག ཅེས་པའི་གོ་དོན་ནི། དྲང་དོན་གྱི་དབང་དུ་བྱས་ན། ཇི་སྲིད་འཁོར་བ་མ་སྟོང་གི་བར། མཁའ་ལ་ཉི་ཟླས་བགྲོད་པ་མ་ཆད་ཀྱི་བར། འཁོར་བ་མཐའ་ཅན་དུ་མ་བྱས་ཀྱི་བར། རྗེ་འགྲོ་བའི་མགོན་པོ་ཁྱེད་ཉིད་ཀྱི་ཞལ་མཇལ། གསུང་ཐོས། བྱིན་རླབས་རང་རྒྱུད་ལ་འཇུག་ཅིང་འཆར་བར་ཤོག ཅེས་དང་། ངེས་དོན་གྱི་དབང་དུ་བྱས་ན། དཔྱད་ཅིང་ཉམས་སུ་བླངས་བ་ལ་བརྟེན་ནས་ལུས་ཅན་གྱི་སྡུག་བསྔལ་སེལ་བའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཟབ་མོ་སྟེ། ལུང་གི་ཉི་མ་དང་། རྟོགས་པའི་ཉི་མ་གཉིས། ནམ་ཡང་ནུབ་པ་མེད་པར་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་དུས་རྣམ་རྟག་ཏུ་འཆར་བར་ཤོག ཅེས་༧སྨན་རིའི་ཡོངས་འཛིན་ཆེན་མོས་ཐུགས་ཉིད་རྣམ་པར་དག་པའི་ཀློང་ནས་སྨོན་པའི་མཚམས་སྦྱོར་རྣམ་པར་དག་པའོ།
……….རྩ་བའི་བླ་མའི་གསོལ་འདེབས་ཀྱི་འགྲེལ་བདེ་ལེགས་ཀུན་འབྱུང་དུ་གྲགས་པ་འདི་ནི། ༧སྨན་རིའི་དགེ་བཤེས་ཚེ་དབང་དངོས་གྲུབ་དང་། བོན་ཕྲུག་བདེ་དོན་ནས་ཚར་ལོང་བྱུང་བའི་བོན་ཕྲུག་ཉི་མ་འབྲུག་གྲགས་དང་བསྟན་པ་གཡུང་དྲུང་རྣམས་ཀྱི་དབུས་པས་མགོན་པོ་མཆོག་ལ་མི་ཕྱེད་པའི་དད་དམ་གཡོ་བ་མེད་པའི་དད་ལྡན་གྱི་བུ་སློབ་བུ་དུ་མས་ངེས་པར་དུ་རྩ་བའི་བླ་མའི་གསོལ་འདེབས་འདི་ལ་འགྲེལ་ཞིག་དགོས་ཞེས་སྙིང་ཁོང་རུས་པའི་གཏིང་ནས་བསྐུལ་བ་དང་། རང་ཉིད་ཀྱང་མགོན་པོ་མཆོག་གི་ཐུགས་རྗེའི་གྲིབ་བསིལ་འོག་ཚར་ལོང་བྱུང་བའི་སློབ་བུ་ཞིག་ཡིན་པར་བརྟེན། བསྟན་པའི་ཉི་མའི་བུ་ཉི་མ་དོན་གྲུབ་ཏུ་འབོད་པ་དེས་ཕྱི་ལོ་༢༠༢༠ཕྱི་ཟླ་༠༥པའི་ཕྱི་ཚེས་༢༢རེས་གཟའ་པ་སངས་ཉིན་དགའ་དད་སྤྲོ་གསུམ་གྱི་ངང་ནས་རང་ཤག་སྣང་བ་དགའ་འཁྱིལ་དུ་བྲིས།
།
༧ཁྲི་འཛིན་སོ་བཞི་པ་ཆེན་པོའི་གསོལ་འདེབས་ཀྱི་དོན་འགྲེལ་བོན་བསྟན་དར་རྒྱས།
།
ཨེ་མ་ཧོ།
གྱེར་བསྟན་རིན་ཆེན་མཚན་ཡང་ལྡོག་པའི་ཞིང་།།
ལུང་རྟོགས་པད་མའི་དགའ་ཚལ་བཞད་པའི་མགོན།།
འཕྲིན་ལས་རྟ་བདུན་སྣང་བ་གཤེགས་པའི་རྗེས།།
ཆ་རྫོགས་ཟླ་བའི་མགོན་ལ་གསོལ་བ་འདེབས།།
/
མཆོག་གསུམ་ཡེ་ཤེས་སྒྲིབ་བྲལ་སྤྱན་ལྡན་གྱིས།།
རྒྱལ་བའི་འཕྲིན་ལས་སྐྱོང་བའི་མགོན་བསྐོས་པ།།
གང་འདིའི་གསང་གསུམ་བཞེད་དོན་ལྷུན་གྲུབ་པའི།།
ཐུགས་མཆོག་གཡེལ་མེད་དམ་པར་མཛད་དུ་གསོལ།།
/
…….ཨེ་མ་ཧོ། ཞེས་པ་ནི། ཞང་ཞུང་གི་སྐད། བོད་བསྒྱུར་བྱས་ན་ངོ་མཚར་ཆེ་ཞེས་པའི་དོན་ཡིན་ནོ། གྱེར་བསྟན་རིན་ཆེན། ཞེས་པའི་དོན་འགྲེལ་ནི། གྱེར་བསྟན་ཞེས་པ་ནི། ཞང་སྐད་ཡིན་ལ། བོད་བསྒྱུར་བྱས་ན་བོན་བསྟན་ཞེས་པར་གོ། དོན་དུ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་། ཉོན་མོངས་དུག་ལྔའི་གཉེན་པོ་བོན་སྒོ་བཞི་མཛོད་ལྔ། ཉོན་མོངས་དུག་གསུམ་གྱི་གཉེན་པོ་བོན་ཕྱི་ནང་གསང་གསུམ། རིག་པ་དང་མ་རིག་པ་ལ་ལྟོས་ཏེ་བོན་དྲང་དོན་དང་ངེས་དོན། སྤང་བསྒྱུར་གྲོལ་གསུམ་ལ་ལྟོས་ཏེ་མདོ་སྔགས་སེམས་གསུམ། བློ་རབ་འབྲིང་ཐ་མ་དགུ་ལ་ལྟོས་ཏེ་བོན་ཐེག་པ་རིམ་དགུ། ལུང་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ། ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ། སྐུ་གསུང་ཐུགས་ཀྱི་བསྟན་མཆོག་རྣམ་གསུམ། འདི་རྣམས་ལ་གྱེར་བསྟན་ཞེས་མཚན་གསོལ་བའོ། རིན་པོ་ཆེ་ནི། དེའི་གཟུགས་སུ་བཀོད་པ་སྟེ། དོན་དུ་རིན་ཐང་དང་བྲལ་བའི་ནོར་བུ་རིན་པོ་ཆེ་ནི་འདིའོ། ཞེས་ངོས་བཟུང་ནས་བསྟན་པ་ཡིན་ནོ། མཚན་ཡང་། ཞེས་པ་ནི། བོན་ཟབ་མོ་དེ་རྣམས་ཀྱི་ཐ་སྙད་དང་བླ་དྭགས་སམ་མིང་ལ་གོ་བ་ཡིན། ལྡོག་པའི་ཞིང་། ཞེས་པ་ནི། དེ་རྣམས་ཀྱི་ཐ་སྙད་ཙམ་ཡང་མེད་པའི་ས་ཕྱོགས་ཏེ། མི་ཡུལ་གྱི་ས་མཐའ་འདི་ན། ཞེས་དོན་གྱིས་གོ་བའོ། ལུང་རྟོགས་པད་མའི། ཞེས་པ་ནི། ལུང་གི་བོན་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་དང་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ། རྟོགས་པའི་བོན་སྤང་བསྒྱུར་གྲོལ་གསུམ་གྱི་ལམ་བཟང་དང་ཐར་ལམ་ལྔ་གསུམ་བཅོ་ལྔས་བསྡུས་པའི་བོན་རྣམས་ནི། སྐྱོན་གྱིས་མ་གོས་པའི་པད་མ་དང་འདྲ་བ་དེའོ། ཞེས་གསལ་བར་བསྟན་པ་ཡིན་ནོ། དགའ་ཚལ་བཞད་པའི་མགོན། ཞེས་པ་ནི། ལུང་རྟོགས་ཀྱི་ཡོན་ཏན་ཟབ་མོ་དེ་དག་གིས་བརྒྱན་པའི་བསྟན་འཛིན་གྱི་བཤེས་གཉེན་བརྒྱ་ཕྲག་བཞད་པའི་སྐྱེད་མོའི་ཚལ་ཆེན་དེ་དག་གི་མགོན་དུ་གྱུར་པ་ནི་ཁྱེད་ཉིད་དོ། ཞེས་གདམས་པ་ཟབ་མོ་བཀའ་དྲིན་དུ་བསྩལ་བའི་སྒྲའོ། འཕྲིན་ལས། ཞེས་པ་ནི། བདེ་བར་གཤེགས་པས་འཕྲིན་བཏབ་ནས། འགྲོ་བ་འདུལ་བའི་ལས་བྱེད་པ། ཞེས་བསླུ་མེད་ལུང་གིས་བསྔགས་པ་ལྟར། ཞི་རྒྱས་དབང་དྲག་གི་འཕྲིན་ལས་ཟབ་མོ་སྟེ། ཞི་བས་སྤ་ཀོང་། རྒྱས་པས་རྗེས་སུ་འཛིན། དབང་གིས་སྨིན་པར་བྱེད། དྲག་པོས་ཚར་གཅོད་པའོ། དོན་དུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་ཟབ་མོ་ལ་གོ་བར་བྱེད་པའི་སྒྲའོ། རྟ་བདུན་སྣང་བ། ཞེས་པ་ནི། དཔེ་དོན་གཉིས་དང་འབྲེལ་བའི་ཉི་མ་སྟེ། དཔེ་ཡི་དབང་དུ་བྱས་ན། རྟ་བདུན་ལ་དབང་བསྒྱུར་བའི་དབང་པོ་སྟེ། ཉི་མའི་ཤིང་རྟ་ནི། རླུང་། ཡིད་མགྱོགས། མདོག་ལྔ་བ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་འཇོམས་བཅས་རྟ་བདུན་གྱིས་འདྲེན་ཞིང་ཉི་མ་ནི་དེ་རྣམས་ཀྱི་དབང་པོ་ཡིན་པས་ནའོ། དོན་དུ་མཚན་བརྗོད་པར་དཀའ་བ། དོན་གྱིས་སླད་དུ་མཚན་ནས་སྨོས་ན། བཀའ་དྲིན་འཁོར་ཐབས་མེད་པའི་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་ལ་འཇུག་པ་སྟེ། འཕྲིན་ལས་ཀྱི་འོད་སྣང་གིས་སེམས་ཅན་བློ་ཡི་མུན་པ་སེལ་བར་བྱེད་ནས་བསྟན་པ་ཉིན་མོར་བྱེད་པའི་སྒྲའོ། གཤེགས་པའི་རྗེས། ཞེས་པ་ནི། རང་ཅག་བོན་འབངས་རྣམས་ཀྱི་བསོད་ནམས་ཀྱིས་མ་ལྕོགས་པའམ། ཡང་ན་ཐེག་ཆེན་བོན་གྱི་འཁོར་ལོ་སྟོང་ཁམས་ཀུན་ཏུ་བསྒྱུར་བའི་ཆེད་རེ་ཞིག་སྐུ་ཡི་བཀོད་པ་བོན་དབྱིངས་སུ་བསྟིམས་ནས་ཞིང་ཁམས་གཞན་དུ་གཤེགས་པའི་རྟིང་ལ་ཞེས་པའི་དོན་ལ་གོ་བའོ། ཆ་རྫོགས་ཟླ་བའི་མགོན། ཞེས་པ་ནི། གླིང་བཞིའི་མུན་པ་སེལ་བའི་ཉི་མ་ནུབ་པའི་རྗེས་བསིལ་ཟེར་ཟླ་བའི་འཛུམ་ཞལ་རང་བཞིན་གྱིས་ཤར་ཡོང་བ་ནི། རྟེན་འབྲེལ་གྱི་ཆེ་བ་ཟབ་མོ་ཡིན་པའོ། ཟླ་བ་ཡར་གྱི་ངོ་ནི། ཚེས་གཅིག་ནས་བཅོ་ལྔའི་བར་ཏེ། གཅིག་ནས་བཅུ་བཞིའི་བར་ཆ་ཤས་ཡོངས་སུ་མ་རྫོགས་པ་ཡིན་ལ། བཅོ་ལྔའི་དུང་ཟླ་ནི་ཆ་ཤས་ཡོངས་སུ་རྫོགས་པ་སྟེ། དོན་དུ་ལུང་རྟོགས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པའི་རང་ཅག་བོན་གྱི་ལྷ་སྐལ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་ཆེན་པོ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ནི། རང་ཅག་བོན་འབངས་རྣམས་ཀྱི་མགོན་དུ་མཆོག་གསུམ་ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་མངའ་གསོལ་བའོ། ཞེས་པའི་དོན་ཡིན་ནོ། ལ་ཞེས་པ་ནི། སྐྱབས་ཡུལ་ངོས་བཟུང་ནས་གསོལ་བ་དེ་ལ་འདེབས་དགོས་པའི་དོན་ནོ། གསོལ་བ་འདེབས། ཞེས་པ་ནི། བླ་མའི་བྱིན་རླབས་རང་རྒྱུད་ལ་འཇུག་པའི་ཕྱིར་དུ་རེ་ལྟོས་ཀྱི་ཞུ་གསོལ་འདེབས་པའི་དོན་ཡིན། དེ་ཡང་དཔེ་དོན་གཉིས་ཏེ། དཔེ་ཡི་དབང་དུ་བྱས་ན། གྲུབ་དབང་རིན་པོ་ཆེའི་གསུང་ལྟར། སྤྲིན་མ་འདུས་ན་ཆར་པ་མི་འབེབ། མིག་མེད་ན་ལམ་མི་བགྲོད། གོས་མ་གོན་ན་ལུས་མི་དྲོ། དེ་བཞིན་གསོལ་བ་མ་བཏབ་ན་བྱིན་རླབས་མི་འབྱུང་གསུངས་པ་བཞིན་ནོ། གསོལ་བ་འདེབས་པའི་ཚུལ་ལ་ཡང་། ལྟོགས་ནད་ཅན་ཟས་ལ་དུང་བ་ལྟ་བུ། ནད་པ་སྨན་ལ་དུང་བ་ལྟ་བུ། བུ་ཆུང་མ་ལ་དུང་བ་ལྟ་བུ། རྗེ་འབངས་ལ་དུང་བ་ལྟ་བུ། སྐོམ་ནད་ཅན་ཆུ་ལ་དུང་བ་ལྟ་བུ། དཔེ་དེ་བཞིན་དུ་ཡིད་གཉིས་ཐེ་ཚོམ་མེད་པར་འདི་ཕྱི་གཉིས་ཀྱི་སྐྱབས་གནས། གསོན་ན་གསོལ་བ་འདེབས་ས། ཤི་ན་རྣམ་ཤེས་བཅོལ་ས། སྐྱེས་བུ་འདི་ཉིད་ཡིན་པའི་དད་འདུན་དྲག་པོས་ཁ་ཞེ་གཉིས་མེད་ཀྱི་ངང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་པའི་དོན་ཡིན་པར་མངོན་ནོ། མཆོག་གསུམ་ཡེ་ཤེས་སྒྲིབ་བྲལ་སྤྱན་ལྡན་གྱིས། ཞེས་པའི་གོ་དོན་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་ནས་ཟད་པའི་དོན་གཉིས་ཕུལ་ཕྱིན་གྱི་སངས་རྒྱས་དཀོན་མཆོག་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཐབས་བླ་ན་མེད་པ་ལྐུགས་པ་ཁ་འབྱེད་འཕྲུལ་གྱི་ལྡེ་མིག་ཏུ་གྲགས་པའི་བོན་དཀོན་མཆོག་དང་། ལུང་རྟོགས་གཉིས་ཀྱི་བསྟན་པ་ཚུལ་བཞིན་འཛིན་པའི་དགེ་བའི་སྡོང་དང་གྲོགས་སུ་གྱུར་པའི་གཤེན་རབ་དཀོན་མཆོག་དང་གསུམ་ནི། མཆོད་པའི་གནས་དང་བཀུར་བའི་ཞིང་དུ་གྱུར་པའི་སྐྱབས་ཡུལ་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་ཡིན་པས་ན་མཆོག་གསུམ་ཞེས་བྱའོ། ཡེ་ཤེས་ནི། ཡེ་ནི་སྐྱེ་བ་མེད་པ་ལ། ཤེས་ནི་རིག་པ་ཤར་བའོ། ཞེས་པ་ལྟར། འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་གསལ་བར་གཟིགས་ཤིང་མཁྱེན་པ་དང་། སྒྲིབ་བྲལ་ཞེས་པ་ནི། དེ་ལྟ་བུའི་མཁྱེན་པའི་ཡེ་ཤེེས་དེ་ཉིད། སྐྱོན་གྱིས་མ་གོས་པས་པད་མ་དང་། ཟང་ཐལ་དུ་གནས་པས་ཤེལ་སྒོང་དང་། སྒྲིབ་བྱེད་དང་བྲལ་བས་མེ་ལོང་དང་། གསལ་བར་གནས་པས་ཉི་མའི་སྙིང་པོ་ལྟར་གནས་པ་ཡིན་ལ། དོན་དུ་འདས་མ་འོངས་ད་ལྟ་གསུམ་གྱི་རྣམ་པ་ཐམས་ཅད་ལྐོག་ཏུ་མ་གྱུར་བར་ནམ་མཁའ་སྤྲིན་དང་བྲལ་བའི་ངང་ཚུལ་ཇི་བཞིན་གེགས་བྱེད་དང་སྒྲིབ་བྱེད་ཐམས་ཅད་དང་བྲལ་བའི་སྒོ་ནས་མངོན་སུམ་རྗེན་ཅེར་དུ་གཟིགས་པས་ན་སྒྲིབ་བྲལ་ཞེས་བྱ་བ་ཡིན་ནོ། སྤྱན་ལྡན་ཞེས་པ་ནི། སྤྱིར་ན་དུས་གསུམ་སིལ་བུར་མཁྱེན་པའི་ཀུན་མཁྱེན་ཡེ་ཤེས་དེ་ཉིད་རང་རྒྱུད་ལ་མངའ་བའི་རྫོགས་པའི་སངས་རྒྱས་ལ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཡིན་མོད། སྐབས་འདིར་སྤྱན་ལྡན་ཞེས་པ། ལུང་ཆེན་སྡེ་བཞི་དང་གསས་མཁར་མཆོག་ལྔས་བསྡུས་པའི་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད་དང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཚུལ་བཞིན་སྲུང་བར་བྱེད་པའི་བསྟན་སྲུང་ཡོངས་ཀྱི་གཙོ་མོ། སངས་རྒྱས་བསྟན་པའི་གཙོ་བོ་ནས་བཟུང་ད་ལྟའི་བར་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་པ་བཞི་ཡི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་སྒོ་ཀུན་ནས་སྐྱོང་བར་མཛད་པ་དང་། དམུ་རྒྱལ་གཤེན་གྱི་བསྟན་པ་སྤྱི་དང་། བཀའ་གཏེར་སྙན་རྒྱུད་ཀྱི་བསྟན་པ་དང་བསྟན་འཛིན་མཁས་གྲུབ་ཡོངས་དང་། ཁྱད་པར་དུ་མཉམ་མེད་རྒྱལ་བ་གཉིས་པའི་བསྟན་པ་འདི་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་ཤིང་འགྲན་པའི་ཟླ་དང་བྲལ་བའི་བཀའ་སྐྱོང་བསྟན་སྲུང་ཡོངས་ཀྱི་གཙོ་མོ། བསྟན་པ་འཛིན་པའི་གཤེན་པོ་རྣམས་ལ་དུས་རྣམ་ཀུན་ཏུ་མ་དང་སྲིང་མོའི་ཚུལ་དུ་འགྲོགས་ནས་མཐུ་དཔུང་སྡོང་གྲོགས་མཛད་པའི་ཀུན་མཁྱེན་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་མ་མཆོག་སྲིད་པའི་རྒྱལ་མོ་ཞེས། བོན་གྱི་སྐུ་རུ་བཞུགས་ཙམ་ན་ཀུན་ཏུ་བཟང་མོ། རྫོགས་པའི་སྐུ་རུ་བཞུགས་ཙམ་ན་དབུ་བརྒྱ་ཕྱག་སྟོང་། སྤྲུལ་པའི་སྐུ་རུ་བཞུགས་ཙམ་ན་བདེ་འགྲོ་གསང་ཡུམ། ཕུར་པའི་ལུང་སྟོན་མཛད་ཙམ་ན་ཡུམ་ཆེན་ཐུགས་རྗེ་བྱམས་མ། ཟབ་གཏེར་ལུང་སྟོན་མཛད་ཙམ་ན་ཡེ་ཤེས་དབལ་མོ། ཟབ་གཏེར་མངའ་བདག་མཛད་ཙམ་ན་མ་བདུད་སྲིད་རྒྱལ། བཀའ་ཡི་སྲུང་མ་མཛད་ཙམ་ན་བྱ་ར་མ་གསུམ། གསས་མཁར་རྒྱས་པའི་གཙོ་མོ་མཛད་ཙམ་ན་ས་ཏྲིག་ཨེར་སང། སྨན་ཕྲན་འབུམ་གྱི་གཙོ་མོ་མཛད་ཙམ་ན་གནམ་ཕྱི་གུང་རྒྱལ། ཡེ་གཤེན་གཙུག་ཕུད་སྐུ་ལས་སྤྲུལ་ཙམ་ན་བཟང་ཟ་རིང་བཙུན། གསས་མཁར་ཞི་བའི་གཙོ་མོ་མཛད་ཙམ་ན་ཡུམ་ཆེན་ཐུགས་རྗེ་བྱམས་མ། ལྷ་རྒོད་ཐོག་པའི་སྒྲོལ་ཡུམ་མཛད་ཙམ་ན་སྲིད་པའི་རྒྱལ་མོ་འགྲན་གྱི་ཟླ་མེད་མ། མཁའ་འགྱིང་ལྷ་ཡི་སྦྱོར་ཡུམ་མཛད་ཙམ་ན་ཡུམ་ཆེན་མཁའ་ལ་གདུག་མོ། དེ་ལྟར་འཕྲིན་ལས་ཀྱི་རྣམ་སྤྲུལ་བསམ་གྱིས་མི་ཁྱབ་པའི་དྲིན་མོ་ཆེ། མིང་བརྒྱ་མ་ལ་མཁན་སྟོང་མ་འདི་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་ཏེ། རང་ཅག་བོན་འབངས་རྣམས་ཀྱི་བསྟན་པའི་གཙུག་རྒྱན་བསྐོས་བཞག་གནང་མཁན་གྱི་མཆོག་གསུམ་ཡེ་ཤེས་ཀྱི་སྤྱན་ལྡན་ཞེས་པ་ནི་དེ་རྣམས་སོ། གཞན་ཡང་བོན་སྐྱོང་སྡེ་དྲུག་དང་བསྟན་སྲུང་སྡེ་བཞི་རྣམས་ཀྱིས་མི་མངོན་པའི་དབྱིངས་ནས་མངོན་པར་ཤེས་པའི་རྩལ་གྱིས་གཟིགས་ཏེ་བསྟན་པའི་བྱ་ར་དང་སྟངས་འཛིན་གྱི་གཉེར་བཞེས་ནས་མཁན་རབས་གོང་མའི་རྒྱལ་ཚབ་སུ་ཞིག་འོས་མིན་གཟིགས་ཞིབ་ནན་གྱིས་མཛད་པའོ། གྱིས་ཞེས་པ་ནི། དངོས་སུ་བྱེད་པོས་བྱ་བ་བྱས་པ་རྩལ་དུ་བཏོན་པའི་རྣམ་པར་དབྱེ་བ་གསུམ་པའི་སྒྲའོ། རྒྱལ་བའི་འཕྲིན་ལས་སྐྱོང་བའི་མགོན་བསྐོས་པ། ཞེས་པའི་གོ་དོན་ནི། རྒྱལ་བུས་རྒྱལ་ས་ཟིན་པའམ། ཕ་ཤུལ་བུ་ཡིས་འཛིན་པ་ལྟར་དུ། སྔོན་བྱོན་རྒྱལ་འཕགས་རིག་འཛིན་གོང་མ་རྣམས་ཀྱིས་རྗེས་སུ་བཞག་པའི་དམུ་རྒྱལ་གཤེན་གྱི་བསྟན་པ་སྤྱི་དང་། སྒོས་སུ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཁན་རབས་གོང་མས་རྗེས་སུ་བཞག་པའི་མཉམ་མེད་རྒྱལ་བ་གཉིས་པའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་ཟབ་མོའི་རྗེས་ཤུལ་སྐྱོང་བའི་ཕྱིར་དུ། མཆོག་གསུམ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་དང་། བོན་སྐྱོང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་རྗེ་འགྲོ་བའི་མགོན་པོ་ཁྱེད་ཉིད་བསྟན་འགྲོའི་གཙུག་རྒྱན་དམ་པར་བསྐོས་ནས་རྒྱལ་བའི་འཕྲིན་ལས་སྐྱོང་བའི་མགོན་དུ་མངའ་གསོལ་མཛད་པ་ཡིན་ལ། གང་འདིའི་གསང་གསུམ་བཞེད་དོན་ལྷུན་གྲུབ་པའི། ཞེས་པའི་གོ་དོན་ནི། ཇི་ལྟར་ཁྱེད་རྣམས་ཀྱིས་ཡེ་ཤེས་དབྱིངས་དཔྱད་ཀྱི་ཚུལ་དུ་མགོན་པོ་མཆོག་རང་ཅག་བོན་འབངས་རྣམས་ཀྱི་རེ་བའི་མགོན་དང་སྐྱབས་ཀྱི་དཔུང་གཉེན་དམ་པར་བསྐོས་པ་དེ་བཞིན་དུ་རྒྱལ་འཕགས་རིག་འཛིན་གོང་མའི་གསང་བ་གསུམ་གྱི་བཞེད་དོན་གསུམ་སྟེ། མི་གསང་བ་ཕྱིའི་བོན་དང་། གསང་བ་ནང་གི་བོན་དང་། གསང་བ་བླ་ན་མེད་པ་དེ་ཁོ་ན་ཉིད་དང་འབྲེལ་བའི་བཞེད་དོན་རྣམ་པ་གསུམ་དང་། ཕྱི་ལྟར་བྱིན་རླབས་སྐུ་ཡི་མཛད་པ་དང་། ནང་ལྟར་སྨིན་གྲོལ་གསུང་གི་མཛད་པ་དང་། གསང་བ་ལྟར་རྟོགས་གྲོལ་ཐུགས་ཀྱི་མཛད་པ་དང་འབྲེལ་བའི་བཞེད་དོན་རྣམ་པ་གསུམ་དང་། ཕྱི་ལྟར་ཐབས་ལ་མཁས་པའི་མཛད་པ་དང་། ནང་ལྟར་ཐུགས་རྗེ་ཆེ་བའི་མཛད་པ་དང་། གསང་བ་ལྟར་ཐམས་ཅད་མཁྱེན་པའི་མཛད་པ་དང་འབྲེལ་བའི་བཞེད་དོན་རྣམ་པ་གསུམ་དང་། ཕྱི་ལྟར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་བའི་འཕྲིན་ལས་དང་། ནང་ལྟར་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་པའི་འཕྲིན་ལས་དང་། གསང་བ་ལྟར་བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྐྱོང་བའི་འཕྲིན་ལས་དང་འབྲེལ་བའི་བཞེད་དོན་རྣམ་པ་གསུམ་དང་། ཕྱི་ལྟར་བསྟན་པའི་གསལ་བྱེད་འཆད་ཉན་དང་། ནང་ལྟར་བསྟན་པའི་སྲོག་ཤིང་འདུལ་བ་དང་། གསང་བ་ལྟར་བསྟན་པའི་སྙིང་པོ་གསང་སྔགས་དང་འབྲེལ་བའི་བཞེད་དོན་རྣམ་པ་གསུམ་དང་། གཞན་ཡང་ཕྱི་སོ་སོ་ཐར་པས་རྒྱུད་བསྡམས། ནང་གསང་བ་སྔགས་ཀྱི་ཐེག་པའི་གཞུང་བསྲངས། གསང་བ་ཡེ་གྲོལ་བླ་མེད་རྫོགས་པ་ཆེན་པོ་ལ་གཏད་པའི་མཛད་པ་དང་འབྲེལ་བའི་ཐུགས་ཀྱི་བཞེད་དོན་རྣམ་པ་གསུམ་དུ་བསྔགས་པའི་གསང་བ་གསུམ་གྱིས་བསྡུས་པའི་བཞེད་དོན་འདི་རྣམས་ཀྱི་དགོངས་པའི་མཐིལ་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་ཅིང་ཐུགས་ལ་བརྣག་པའི་དོན་ཆེན་མྱུར་དུ་འགྲུབ་པར་བྱེད་པའི་མཐུ་དཔུང་རྒྱབ་རྟེན་མཛད་ཕྱིར་གཉེར་གཏད་བཅོལ་བ་དང་། མཆོག་གསུམ་གཡེལ་མེད་དམ་པར་མཛད་དུ་གསོལ། ཞེས་པའི་གོ་དོན་ནི། མཆོག་གསུམ་ཡེ་ཤེས་ཀྱི་སྤྱན་ལྡན་དང་། བོན་སྐྱོང་སྡེ་དྲུག་ཡུམ་སྲས་སྡེ་ལྔ། བསྟན་སྲུང་སྡེ་བཞི་རྣམས་ཀྱིས་མཚོན་པའི་རྩ་གསུམ་བོན་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས། ཐུགས་མཆོག་སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་དུས་དང་རྣམ་པ་ཀུན་ཏུ་རྩེ་གཅིག་ཡེང་པ་མེད་པའི་སྒོ་ནས་རྒྱལ་བསྟན་སྐྱོང་བའི་འཕྲིན་ལས་ཀྱི་མགོན་དུ་བསྐོས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཁོང་གིས་གང་བཅོལ་འཕྲིན་ལས་ཐམས་ཅད་མྱུར་དུ་སྒྲུབ་ཅིང་མཐུ་དཔུང་སྡོང་གྲོགས་མཛད་དུ་གསོལ་ཞེས་༧གྱེར་སྤུངས་མི་ཡི་རྣམ་རོལ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་ཆེན་མོས་དགོངས་པ་དབྱིངས་ནས་གཟིར་ཏེ་བོན་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འཕྲིན་ལས་གཉེར་གཏད་བཅོལ་ཞིང་ཐུགས་དམ་གཏིང་ནས་བསྐུལ་བར་མཛད་པ་ཡིན་ནོ།
……….གསོལ་འདེབས་འདི་ཉིད་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེས་ལྷ་རེག་དྲི་མེད་སྲིད་ན་རིང་བས་སྣ་དྲངས་ཏེ་བསྐུལ་ངོར་༧གསང་གསུམ་བོན་གྱི་མཛོད་འཛིན་ཆེན་མོ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གིས་མཛད། གཡུང་དྲུང་གི་ཤད་བར་བརྒྱད་ཀྱི་གྲངས་དང་ལྡན་པའི་གསོལ་འདེབས་ཤོ་ལོ་ཀ་དང་པོའི་དོན་འགྲེལ་ཉུང་བསྡུས་བོན་བསྟན་དར་རྒྱས་ཞེས་པ་ཕྱི་ལོ་༢༠༡༩།༠༨།༠༣ཉིན་ཁོ་བོས་བགྱིས་ཟིན་ཅིང་། སླར་ཡང་དམུ་རྒྱལ་གཤེན་གྱི་བསྟན་པ་སྤྱི་དང་། ཡང་སྒོས་སུ་མཉམ་མེད་རྒྱལ་བ་གཉིས་པའི་བསྟན་ལ་མི་ཕྱེད་པའི་དད་དམ་གཡོ་བ་མེད་པའི་བསྟན་འཛིན་གྱི་སྐྱེས་བུ་འགའ་ཤས་དང་། ཞང་བོད་གྱེར་ཕྲུག་ཏུ་འབོད་པའི་ལྷག་བསམ་གྱི་འོ་མཚོ་གྱེན་དུ་ཕྱུར་བའི་དད་དམ་གཡོ་བ་མེད་པ་རྣམས་ཀྱིས། སོ་བཞི་པ་ཆེན་པོའི་གསོལ་འདེབས་ཀྱི་དོན་འགྲེལ་ཆ་ཚང་བ་ཞིག་ངེས་པར་དུ་དགོས་གལ་ཆེ་བའི་བསྐུལ་མ་སྔ་ཕྱི་རིམ་བྱུང་དང་འབྲེལ། སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་ཏུ་འབོད་པས་ཕྱི་ལོ་༢༠༢༠ཟླ་བ་༠༥པའི་ཚེས་༢༨ཉིན་རང་ཤག་སྣང་བ་དགའ་འཁྱིལ་དུ་བྲིས།
/
།།རྩ་བའི་བླ་མའི་གསོལ་འདེབས་ཀྱི་འགྲེལ་རིག་པ་རང་ཤར།
།
ཨེ་མ་ཧོ།
བསླབ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན།།
ཀུན་མཁྱེན་ཉི་དབང་རྣམ་རོལ་དགོངས་རྩལ་རྫོགས།།
མདོ་སྡེ་སྔགས་ཀྱི་གནས་ལུགས་རྫོགས་པ་ཆེའི།།
བསྟན་པ་འཛིན་སྐྱོང་འཕྲིན་ལས་རྣམ་པར་དག།།
ཡོངས་འཛིན་སྨྲ་བའི་དབང་པོར་གསོལ་བ་འདེབས།།
།
………ཞེས་མཚན་ཐོས་པ་ཙམ་གྱིས་རྣམ་པར་གྲོལ་བར་ངེས་པའི་དཔོན་གསས་བླ་མའི་གསོལ་འདེབས་འདི་ནི། སྲིད་པ་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་གྱེར་སྤུངས་མི་ཡི་རྣམ་རོལ། བསམ་བཞིན་དུ་སྲིད་པར་བྱོན་པའི་ངེས་དོན་གྱི་འགྲོ་བའི་མགོན་པོ། དུས་ཀྱི་ལ་ཚིགས་འདིར་ཆེད་དུ་ཕེབས་པའི་སྙིགས་དུས་ཀྱི་སྟོན་པའི་སྒྲོན་མེ། བློ་གཟུ་བོར་གནས་པའི་སྒོ་ནས་བསམ་གཞིགས་ནང་ནས་ལྷོད་ཀྱིས་སྒྲིམ་ན། བསྟན་པ་སྤྱི་ལ་བཀའ་དྲིན་མཚུངས་ཟླ་བྲལ་བའི་གཤེན་རྒྱལ་བསྟན་པའི་ཀ་ཆེན། བོན་འབངས་ཡོངས་ལ་བསམ་ན་བསོད་ནམས་ཀྱི་ཕུང་པོ་ཟད་མི་ཤེས་པའི་མ་བགོས་སྤྱི་ཡི་ནོར་བུ། གསང་བ་གསུམ་གྱི་བསྟན་བདག་ཆེན་པོ་རྩོད་བྲལ་སྨྲ་བའི་དབང་པོ། རྒྱལ་བ་སྨན་རི་ཚང་གི་སྐུ་ཤ་རློན་པ། སྐུ་གསེར་གྱི་ལྷུན་པོ། གསུང་བོན་གྱི་སྒྲ་དབྱངས། ཐུགས་ཀུན་མཁྱེན་ཡེ་ཤེས། ཡོན་ཏན་ལུང་རིགས་བང་མཛོད། འཕྲིན་ལས་འཛམ་གླིང་ཀུན་ཁྱབ་ཀྱི་ཚུལ་དུ། རྒྱལ་བ་སྨན་རི་ཚང་གི་མཁན་རབས་དུ་མའི་རིང་། འཆི་མེད་ཚེ་ཡི་རིག་འཛིན་གྱི་ངོ་བོར་བཞེངས་ནས་རྒྱུད་གསུམ་བསྟན་པའི་སྲོག་ཤིང་འཛིན་ཞིང། ད་ལྟའི་བར་རང་རེ་བོན་འབངས་རྣམས་ཀྱི་རེ་བའི་མགོན་དང་སྐྱབས་ཀྱི་དཔུང་གཉེན་དམ་པར་བཞུགས་སུ་གསོལ་བའི་༧གསང་གསུམ་བོན་གྱི་མཛོད་འཛིན་ཆེན་མོ་༧སྐྱབས་རྗེ་རྒྱལ་བ་སྨན་རི་ཚང་གི་ཡོངས་འཛིན་སྨྲ་བའི་སེང་གེ། རང་ཅག་བོན་འབངས་ཀུན་གྱི་གཡང་གི་མཚོ་མོ། འཛམ་གླིང་སྤྱི་ལ་སྨན་པའི་གངས་རིའི་ཚིག་མཛོད་ཆེན་མོ་ཞེས་སྙན་པའི་གྲགས་པ་དཀར་པོ་ལྷར་བཅས་སྲིད་ཞི་གཉིས་ཀྱི་ཞིང་དུ་གཡོ་བ་དེའི་གསོལ་འདེབས་ཡིན་ནོ། བྱིན་རླབས་ཀྱི་འོད་དཔུང་གིས་སྐལ་ལྡན་སྨིན་གྲོལ་གྱི་ལམ་ལ་འགོད་པར་ནུས་པའི་གསོལ་འདེབས་འདི་ཉིད་ཐོག་མར་ཐུགས་ཀྱི་དཔལ་དབྱེ་ལ་དགོངས། མགུལ་གྱི་བུམ་པ་ལ་དྲིལ། ལྗགས་ཀྱི་དབང་པོ་ལ་བཀྲམས། དུང་གི་ཚེམས་བར་ནས་བཏོན། ཕྱག་གི་ལྡེམ་འགྱུར་ལས་དྲངས་པར་མཛད་པའི་དཔོན་གསས་ནི། མི་རིགས་པ་རིགས་པའི་ཚུལ་དུ་གྲོལ་བ་དང་། མི་སྲིད་པ་སྲིད་པའི་ཚུལ་དུ་གྲོལ་བ། རྟོགས་རུང་མ་རྟོགས་རུང་གྲོལ་བ་གསུམ་ཁྱད་པར་ཡང་རྩེ་བ་ལ་རིགས་ཤིང་སྲིད་པ་ལྟར། བསྟན་པ་སྔ་དར་གྱི་དབང་དུ་བྱས་ན། རྒྱལ་བ་དགོངས་བརྒྱུད་དགུ་དང་། སྙན་རྒྱུད་འཕོ་ཆེན་ཉེར་བཞི། ས་ཆེན་གྲུབ་ཐོབ་རིག་འཛིན། སྟོད་ཀྱི་བླ་མ་ཆེ་དྲུག བར་གྱི་གདུང་རྒྱུད་བཅུ་གསུམ། སྨད་ཀྱི་མཁས་པ་མི་བཞི། ལོ་པཎ་མཁས་པ་སྡེ་དགུ། བྱིན་རླབས་བརྒྱུད་པའི་གཤེན་དགུ མཐུ་བོ་ཆེན་པོ་མི་དགུ གྲུབ་ཐོབ་རྫུ་འཕྲུལ་མ་དགུ མཐའ་འདུལ་ཟིལ་གནོན་བོན་དགུ བཀའ་ཁྲིམས་བཀའ་འཛིན་ཆེ་དགུ བླ་ཆེན་ཡབ་སྲས་རྣམ་གསུམ། བསྟན་པ་ཕྱི་དར་གྱི་དབང་དུ་བྱས་ན། གཤེན་གྱེར་རྨ་དབྱིལ་བྲུ་ཞུ་སྤ་རྨེའུ་དང་བཅས་པའི་བཀའ་གཏེར་སྙན་རྒྱུད་ཀྱི་བསྟན་པའི་མངའ་བདག་དང་མཁས་གྲུབ་གཉིས་ལྡན་གྱི་ལུང་རིགས་སྨྲ་བའི་དབང་ཕྱུག་ཐམས་ཅད་ཀྱིས་མཆོད་པའི་གནས་དང་བཀུར་བའི་ཞིང་གི་མཆོག་ཏུ་གྱུར་པ། བསྟན་འཛིན་སྐྱེས་བུ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་མངོན་པར་འཕགས་པ། སྟོང་གི་སྤྱི་ཕུད་ཀྱི་བླ་མ་རྗེ་བཙུན་སྨན་རི་བ་ཞེས། རང་ཅག་བོན་འབངས་རྣམས་ཀྱི་ལྷ་སྐལ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཞེས་བསྟན་པའི་དར་ཆེན་སྲིད་གསུམ་མཁའ་ལ་ཕྱར་ཞིང་སྙན་པའི་དུང་ཆེན་སྟོང་གསུམ་ཡངས་པའི་ཁྱོན་ཀུན་སྒྲོགས་པར་མཛད་པའི་མཚན་དོན་མཚུངས་པའི་རྒྱུ་སྐར་བྱེ་བའི་དབུས་ན་ཉི་ཟླ་ལྟར་མཁའ་ལ་འཕགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དེ་ཉིད་ཀྱི་རྒྱལ་ཚབ་ཁྲི་འཛིན་མཁན་རབས་གསེར་རིའི་ཕྲེང་བ་ལྟར་རིམ་པར་བྱོན་པའི་ནང་ནས། མདོ་སྔགས་རྫོགས་གསུམ་གྱི་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧ཞ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ། མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ན་སྐད་རིགས་དང་ཆ་ལུགས་མི་གཅིག་པའི་མི་ཡུལ་ས་མཐའ་འདི་རུ་འཕྲུལ་ངག་བོན་གྱི་སྲོག་ཤིང་བཙུགས་ནས་བསྟན་པའི་མེ་རོ་མཐའ་ནས་དབུས་སུ་སྤར་བའི་སྙིགས་དུས་ཀྱི་རྒྱལ་བ་གསུམ་པའི་མཚན་གྱིས་བརྒྱན་པའི་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་ཡིན་ནོ། དུས་འགྱུར་ཀྱི་ཡོ་ལང་ཤིན་ཏུ་རྩུབ་ཅིང་གཉན་འཕྲང་ཅན་གྱི་དུས་ཀྱི་ལ་ཚིགས་ཆེན་མོ་དེའི་ནང་། དཀའ་བ་ཁྱད་དུ་བསད་ནས་བསྟན་དང་འགྲོ་བའི་ཚོགས་ཁོ་ནར་དགོངས་ཏེ་སངས་རྒྱས་བསྟན་པའི་མེ་རོ་སླར་ཡང་གཞིས་བྱེས་ཙམ་དུ་མ་ཟད། འཛམ་གླིང་ཡངས་པའི་ཁྱོན་ཀུན་སྤར་བར་མཛད་མཁན་དང་། མགོན་མེད་ཉམས་ཐག་གི་བོན་འབངས་རྣམས་སྐྱབས་མེད་དྭ་ཕྲུག་དུ་ལུས་པའི་དུས་སུ་བུ་གཅིག་པའི་མ་བཞིན་བརྩེ་བས་བདག་སྐྱོང་གནང་མཁན་ཡང་། བཀའ་དྲིན་ཅན་གྱི་མཁན་སློབ་ཁྱེད་རྣམ་པ་གཉིས་ཡིན་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རོ། འུར་བསྟོད་ཙམ་མིན་པར་ཁྱེད་རྣམ་གཉིས་ནི་སྙིགས་མ་ལྔ་ཡི་རང་མདངས་ཆེས་ཆེར་བདོ་བའི་དུས་འདིར་བྱོན་པའི་དུས་ཀྱི་སྟོན་པ་དང་དུས་ཀྱི་སྒྲོན་མེ་རྣམ་གཉིས་ཞེས་གནའ་རབས་ཞང་བོད་ཡིག་ཚང་གི་ཁྲོད་དུ་འཁོད་པར་འོས་པའི་གཟི་བརྗིད་འོད་སྟོང་འབར་བའི་ཐབས་ཤེས་ཟུང་འབྲེལ་གྱི་ལོ་རྒྱུས་ཀྱི་རྡོ་རིང་གཉིས་ཡིན་པས། ང་ཚོ་བོན་འབངས་རྣམས་ཀྱི་ཟུངས་ཁྲག་དྲོན་མོ་དང་གཏིང་ནས་འདྲེས་པའི་གཏམ་ཞིག་གོ གསོལ་འདེབས་འདི་ཡི་དབུ་རུ་འཁོད་པའི་ཨེ་མ་ཧོ་ཞེས་པ་འདི་ནི། ཞང་ཞུང་བོན་གྱི་སྒྲ་སྐད་རྣལ་མ་ཡིན་ལ། ཅུང་ཟད་གོ་བདེ་ཞིང་ཟོར་ཡངས་པའི་དབང་དུ་བྱས་ན། སྤུ་རྒྱལ་བོད་ཀྱི་སྐད་དུ་ངོ་མཚར་ཆེ་ཞེས་པའི་གོ་དོན་ཡིན་ནོ། མདོ་དོན་སྙིང་པོར་དྲིལ་ན་ཨེ་མ་ངོ་མཚར་ཆེ་བའི་དུས་ཀྱི་སྟོན་པ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ཨེ་མ་ངོ་མཚར་ཆེ་ཞེས་དུས་ཀྱི་སྒྲོན་མེ་སྨན་རིའི་ཡོངས་འཛིན་མཆོག་ལ་བསྔགས་པའི་སྒྲའོ། བསླབ་གསུམ། ཞེས་པའི་གོ་དོན་ནི། ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་སྟེ། བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། བསླབ་པ་ཤེས་རབ་ཀྱི་བསླབ་པ་དང་གསུམ་མོ། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ཉམས་ལེན་གྱི་རྒྱུན་བསྲིངས་བ་ནི། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་ལུགས་མ་ནོར་བ་དེ་ཡིན་ནོ། དེ་ལ་གཅེས་སྤྲས་སུ་མཛད་ཅིང་ཚུལ་བཞིན་ཉམས་སུ་ལེན་པ་ལ་བརྟེན་ནས། མཁས་བཙུན་བཟང་གསུམ་ཞེས་པ་འདི་བྱུང་བ་ཡིན། སྐལ་ལྡན་དྭངས་བ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་བསོག་པའི་ཞིང་མཆོག བསྟན་པ་རིན་ཆེན་གསལ་བའི་སྒྲོན་མེ། མདོ་སྔགས་ཉི་ཟླ་ཤར་བའི་རི་རྩེ། ལེགས་བཤད་ལུང་རིགས་སྒྲོགས་པའི་སྐྱེད་ཚལ། རྣམ་དག་འདུལ་བ་འཛིན་པའི་དགོན་སྡེ། མང་ཐོས་མཁས་མང་འདུ་བའི་བསྟི་གནས་ཞེས་པ་འདི་རྣམས་ཀྱང་། ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཉམས་སུ་བླངས་བ་ལས་བྱུང་བ་ཡིན་ནོ། ཁྱད་པར་དུ་ཚུལ་ཁྲིམས་མ་ཉམས་པས་སྒྲིབ་པ་དག སྒྲིབ་པ་དག་པས་ཏིང་འཛིན་གསལ། ཏིང་འཛིན་གསལ་བས་ཤེས་རབ་འཕེལ། ཤེས་རབ་འཕེལ་བ་ལ་བརྟེན་ནས་རྣམ་པར་གྲོལ་བ་ཞེས་བྱ་བ་དེ་ཡང་ཐོབ་པ་ཡིན་ནོ། བསྟན་པའི་བདག་ཉིད་ཅེས་པ་ནི། ལུང་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དང་། ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ནི། སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་ཞེས་བྱ་བ་དེ་ཡིན་ལ། དེ་དག་གི་ཁྲོད་ནས་ཀྱང་འདུལ་བའི་སྡེ་སྣོད་དང་། ཚུལ་ཁྲིམས་ཀྱི་བསླབ་པ་འདི་རྣམས་ལ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྲོག་ཤིང་ཞེས་ཞུ་བ་ཡིན་ནོ། བསྟན་པ་འདི་རྣམས་ཚུལ་བཞིན་འཛིན་པ་དང་སྐྱོང་བ་དང་སྤེལ་བའི་བདག་པོ་སུ་ཞིག་ཡིན་ནམ་ཞེ་ན། བདག་ཉིད་ཅེས་པས། བདག་པོ་ནི་ཁྱེད་ཉིད་དོ་ཞེེས་པ་འདི་བྱུང་བ་ཡིན་ནོ། འགྲོ་བའི་མགོན། ཞེས་པ་ནི། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པ་དེ་ནི། གདུལ་བྱ་ཐར་པར་འདྲེན་པའི་དེད་དཔོན། མ་རིག་མུན་པ་སེལ་བའི་སྒྲོན་མེ། འདི་ཕྱི་གཉིས་ཀྱི་བློ་གྲོས་འདྲི་བའི་ཡུལ་གྱི་མཆོག་ཏུ་གྱུར་པ་ནི། དམ་པ་ཁྱེད་ཉིད་ཡིན་པར་ངོས་འཛིན་པའི་སྒྲའོ། ཀུན་མཁྱེན་ཉི་དབང་། ཞེས་པའི་གོ་དོན་ནི། མདོ་སྔགས་ཀྱི་གནད་རྣམས་ཡོངས་སུ་རྫོགས་པར་མཁྱེན་པའི་རྣམ་དཔྱོད་ཤེས་རབ་འབུམ་གྱི་རྩལ་ཆེན་རྫོགས་པས་ན། ཀུན་མཁྱེན་ཞེས་པའི་ཐ་སྙད་འདི་ཉིད་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཁན་རབས་ཉེར་གཉིས་པ་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་དེ་ཉིད་ལ། ཕུལ་བྱུང་ཡོན་ཏན་གྱི་རྟོགས་ཚད་དང་སྦྲེལ་ནས་གསོལ་བའི་མཁས་པའི་གསང་མཚན་ཞིག་ཡིན། དེ་ལྟར་གསོལ་བ་ལ་རྒྱུ་མཚན་ཡང་ཡོད་དེ། མཁས་གྲུབ་ཆེན་པོ་དེ་ཉིད་ཀྱིས་མཛད་པའི་མདོ་སྔགས་ཀྱི་འགྲེལ་དང་ཆ་ལག། མཆོག་ལྔ་གཙོས་པའི་སྔགས་གཞུང་གི་ཟིན་རིས་དང་ཕྱག་བཞེས། དེ་མཚུངས་མཚན་ཉིད་རིག་པ་དང་འབྲེལ་བའི་གསལ་བྱེད། གཞན་ཡང་མཚན་བཏགས་དང་མཆོད་ཚིག་སོགས་ཀྱིས་མཚོན་པའི་བཤེས་གཉེན་གྱི་ལུགས་སུ་ཉེ་བར་མཁོ་བའི་རིགས། སྤྱི་ཡི་ཆ་ནས་དམ་པ་ཁོང་གིས་མཛད་པའི་བསྟན་པའི་གསལ་བྱེད་དུ་གྱུར་པའི་བཅུ་ཕྲག་རིག་པའི་གཞུང་དང་འབྲེལ་བའི་གསུང་རྩོམ་ཁག་རྣམས་རེ་རེ་བཞིན་བགྲང་དགོས་བྱུང་ན་དཀའ་བའི་ཚད་དུ་སྣང་། མདོ་ལ་མཁས་པ་ཟེར་བ་དེ་མཚན་ཉིད་སྡེ་ལྔའི་སྐོར་ལ་རྣམ་དཔྱོད་རིག་པའི་ཚ་ཟེར་རྒྱས་ནས་སྤོང་ལམ་མདོ་ཡི་བསྟན་མཆོག་ཉིན་མོར་བྱེད་ནུས་པ་ཞིག་དགོས་ལ། སྔགས་ལ་མཁས་པ་ཡིན་མིན་སྔགས་ཀྱི་ལྟ་སྒོམ་སྤྱོད་གསུམ་བཤད་ཤེས་པ་ཙམ་མིན་པར་རྒྱུད་སྡེ་རྣམས་ཀྱི་དགོངས་མཐིལ་ལོན་ཞིང་ཉམས་དང་རྟོགས་པས་ཕྱུག་ལ། གསང་སྔགས་ཀྱི་ཆོ་ག་ཡོངས་རྫོགས་ཀྱི་སྤྱི་ཁོག་ཐུགས་དབུས་སུ་ཝ་ལེར་ཆུད་ནས། གསལ་བྱེད་ཀྱི་ཟིན་རིས་ཕུལ་དུ་བྱུང་བ་མཛད་ཐུབ་པ་ཞིག་དགོས་པས་ན། དམ་པ་ཁོང་ལ་དེ་ལྟ་བུའི་མཚན་ཉིད་ཡོངས་རྫོགས་ཚང་བས་ཀུན་མཁྱེན་ཞེས་སུ་གྲགས་པ་དེ་ཡང་དོན་ལ་གནས་པའི་གཏམ་ཞིག་ཡིན་ནོ། ཉི་དབང་ནི་མིང་ཚིག་བསྡུས་པ་ཡིན་ལ་རྒྱས་པར་ཕྱེས་ན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་ཞེས་འབོད་པ་ཡིན་ནོ། རྣམ་རོལ་དགོངས་རྩལ་རྫོགས། ཞེས་པའི་གོ་དོན་ནི། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་ནི། ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་སླར་ཡང་སྲིད་པའི་ཞིང་འདིར་བྱོན་པ་སྟེ། མཆོག་གི་རྣམ་སྤྲུལ་ཡིན་པར་ལུང་དུ་བསྟན་པ་ཡིན་ནོ། དགོངས་པའི་རྩལ་ཆེན་རྫོགས་པ་ནི། མདོ་སྔགས་སེམས་གསུམ་དང་བཅུ་ཕྲག་རིག་པའི་གནས་དང་བཅས་པ་ལ་ཕུལ་བྱུང་གི་མཁྱེན་རབ་རྫོགས་པ་ཡིན་ལ། ཁྱད་པར་དུ་དེང་གི་དུས་འདིར་སྔགས་སེམས་ཀྱི་བསྟན་པའི་གསལ་བྱེད་ཆེན་མོ་མགོན་པོ་ཁྱེད་འདྲ་བ་དཀོན་པས། ཀུན་མཁྱེན་ཉི་མའི་དགོངས་ཚད་དང་རྟོགས་ཚད་དུ་གྲགས་པའི་མཁྱེན་རབ་ཡེ་ཤེས་ཀྱི་རྩལ་དང་། གཞུང་ལུགས་རྣམ་འབྱེད་ཀྱི་རྩལ། འཆད་རྩོད་རྩོམ་གསུམ་གྱི་རྩལ། ཐོས་བསམ་སྒོམ་གསུམ་གྱི་རྩལ་རྣམས་ཡོངས་སུ་ཁྱེད་ལ་རྫོགས་པའོ། ཞེས་སྒྲིབ་མེད་གསལ་བའི་མངོན་པར་ཤེས་པས་དམར་ཐག་ནང་ནས་བཅད་པར་མཛད་དོ། མདོ་སྡེ་སྔགས་ཀྱི་གནས་ལུགས་རྫོགས་པ་ཆེའི། ཞེས་པའི་གོ་དོན་ནི། སྤྱིར་གཡུང་དྲུང་གི་བོན་རིན་པོ་ཆེ་ནི། ཟབ་ཅིང་རྒྱ་ཆེ་བ་བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པ་ཡིན་ལ། རྒྱས་པར་ཕྱེ་ན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་མོད། མདོ་རུ་བསྡུས་ན། སྒོ་བཞི་མཛོད་ལྔ། ཐེག་པ་རིམ་དགུ། དྲང་དོན་ངེས་དོན། ཐོག་མཐའ་བར་གསུམ། མདོ་སྔགས་སེམས་གསུམ་སོགས་མཐར་གཏུགས་ན། སྙིང་པོ་ཐིག་ལེ་ཉག་གཅིག་ལ་ཐུག་པ་ཡིན་ནོ། མདོ་སྔགས་སེམས་གསུམ་ནི། སྤང་ལམ་མདོ་དང་། བསྒྱུར་ལམ་སྔགས་དང་། གྲོལ་ལམ་སེམས་ཕྱོགས་རྫོགས་པ་ཆེན་པོ་ཞེས་སུ་གྲགས་པ་དེ་རྣམས་སོ། ཆེའི། ཞེས་པ་འདི་ནི། འབྲེལ་བ་སྟོན་པར་བྱེད་པའི་སྒྲའོ། བསྟན་པ་འཛིན་སྐྱོང་འཕྲིན་ལས་རྣམ་པར་དག། ཅེས་པའི་གོ་དོན་ནི། མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་རྣམས། ཁྱེད་ཀྱིས་འཛིན་པ་དང་སྐྱོང་བ་དང་སྤེལ་བའི་ཚུལ་ནི། མཁས་གྲུབ་གོང་མ་རྣམས་ཀྱི་རྗེས་སུ་འཛིན་པ་སྟེ། བསྟན་པ་རིན་པོ་ཆེ་ཚུལ་བཞིན་འཛིན་པའི་བསྟན་འཛིན་གྱི་རྒྱལ་པོ་བཅུ་དྲུག་དང་། བསྟན་པ་རིན་པོ་ཆེ་ཚུལ་བཞིན་སྐྱོང་བའི་བསྟན་སྐྱོང་གི་རྒྱལ་པོ་བཅུ་དྲུག་དང་། བསྟན་པ་རིན་པོ་ཆེ་ཕྱོགས་མེད་དུ་སྤེལ་བའི་བསྟན་སྤེལ་གྱི་གཤེན་པོ་བཅུ་དྲུག་དང་རྣམ་པ་ཀུན་ཏུ་མཚུངས་པ་ཡིན་ལ། ཁྱད་པར་དུ་ཁ་བ་གངས་རིའི་ལྗོངས་ནས་དབུ་བརྩམས་ཏེ། བར་དུ་ཁ་ཐོར་གྱི་བོན་འབངས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་བོན་གཞིས་ཐོབ་རྒྱལ་གསར་པ་ཞེས་པའི་གཞིས་ཆགས་འདི་ཉིད་ཕྱག་བཏབ་པ་ནས་བཟུང་། ད་ལྟ་བགྲང་བྱ་གོ་ལྔའི་བར་དུ་བསྐྱངས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་འཕྲིན་ཟབ་མོ་འདི་རྣམས། སྨྲ་བའི་སེང་གེ་ཁྱེད་ཀྱི་དོན་སྙིང་དང་ལྡན་པའི་མཛད་འཕྲིན་ཟབ་མོ་རྣམས་ཡིན་ལ། དམིགས་བསལ་གྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་ཕྲིན་ནི། བྱེས་སུ་འབྱོར་ནས་བོན་གཞིས་ཐོབ་རྒྱལ་གསར་པ་ཕྱག་བཏབ་པ་དང་། བོན་པོ་ཚང་ལ་གཞུང་འབྲེལ་གྱི་ངོས་ནས་བོད་ཀྱི་ཆོས་ལུགས་བླ་ཆེན་གྱི་ཐོབ་ཐང་བླངས་པ། བོན་ལུགས་ཀྱི་བཤད་གྲྭ་རིག་གནས། འདོན་ཆོག་གྱེར་དབྱངས། ཐིག་རྡུལ་མཚོན་དང་བཅས་པ་སྔར་སྲོལ་ཉམས་མེད་མཛད་པ། གསང་སྔགས་རྒྱུད་སྡེའི་ལམ་རིམ་གྱི་ལམ་སྣ་བསྟན་པ། རྫོགས་པ་ཆེན་པོའི་རྒྱུད་ཆེན་བཞི་མ་ལག་དང་བཅས་པའི་ངོ་སྤྲོད་མཛད་པ། རྫོགས་ཆེན་རྒྱུད་ཆེན་བཞིའི་ཕྱག་ལེན་གྱི་སྲོལ་བཙུགས་པ། འཛམ་གླིང་ཡུལ་གྲུ་ཀུན་ཏུ་གཡུང་དྲུང་བོན་གྱི་མཚན་དོན་བསྒྲགས་པ། སྨན་རི་བའི་བླ་མ་རྟེན་གསུམ་བཅས་ཀྱི་སྲུང་སྐྱོབ་མཛད་པ། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ཕྱག་བཏབ་པ་སོགས། ཕུལ་བྱུང་གི་མཛད་ཕྲིན་སྟོང་གསུམ་རིན་ཆེན་གསེར་གྱིས་བཀང་ནས་ཕུལ་ཡང་བཀའ་དྲིན་གྱི་ཆ་ཤས་ཕྲ་མོ་ཙམ་ཡང་འཇལ་ཐབས་བྲལ་བའོ། སླད་མར་ཡང་སྐུ་ཚེ་མི་ཤིག་གཡུང་དྲུང་གི་ཁམས་སུ་བརྟན་ནས་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོས་བོན་འབངས་རྣམས་ཀྱི་འགྲོ་བའི་མགོན་དུ་བཞུགས་གསོལ་འདེབས་པ་ལགས་སོ། ཁྱད་པར་དུ་མདོ་སྔགས་སེམས་གསུམ་དང་བཅུ་ཕྲག་རིག་པའི་གནས་ལྔ་དང་བཅས་པའི་བརྗོད་དོན་སྙིང་པོར་དྲིལ་ནས་བསྟན་པའི་གསལ་བྱེད་དུ་བཞག་པའི་མཛད་བཟང་གསེར་གྱི་འཁོར་ལོ་རིན་པོ་ཆེ་ནི། མཚན་དོན་མཚུངས་པའི་གསུང་འབུམ་པོད་གྲངས་བཅུ་ཕྲག་གཉིས་མ་ཟིན་ཙམ་ལ་ཉེ་བ་བསྟན་པའི་རྒྱན་དུ་བཞག་པར་མཛད་པ་དེ་ནི་ཨེ་མ་ངོ་མཚར་ཆེ་བའི་གནས་སོ། སྤྱིར་འཕྲིན་ལས་ཞེས་པའི་སྒྲ་བཤད་ལ། བདེ་བར་གཤེགས་པས་འཕྲིན་བཏབ་ནས། འགྲོ་བ་འདུལ་བའི་ལས་བྱེད་པ། ཞེས་གསུངས་པ་ཡིན་པས་དེ་ལྟར་ལ། རྣམ་པར་དག་པ་ནི། ཐོག་མཐའ་བར་གསུམ་དུ་དགེ་བའི་རང་བཞིན་ཅན་ཡིན་པས་རྣམ་པར་དག་པའོ། ཐོག་མར་བསམ་པ་དགེ་བ་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ཀུན་ནས་བསླངས། བར་དུ་མཛད་པ་དགེ་བ་བསྟན་དང་འགྲོ་བའི་ཚོགས་ལ་ཕན་རླབས་ཆེ། ཐ་མར་འབྲས་བུ་དགེ་བ་སྨིན་གྲོལ་མཆོག་གི་ས་ལ་འཁོད་པའོ། ཡོངས་འཛིན་སྨྲ་བའི་དབང་པོར་གསོལ་བ་འདེབས། ཞེས་པའི་གོ་དོན་ནི། སྤྱིར་ཡོངས་འཛིན་ཞེས་པའི་ཚིག་དོན་གྱི་བཤད་པ་ལ་འགྲེལ་ཚུལ་མི་འདྲ་བ་འགའ་ཞིག་སྣང་རུང་། ཁྱད་པར་སྐབས་སུ་བབས་པའི་འགྲེལ་གྱི་དབང་དུ་བྱས་ན། མགོན་པོ་མཆོག་ནི། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་ཆེན་བསྟན་པ་བློ་གྲོས་དང་། ཉི་མ་དབང་རྒྱལ། ཤེས་རབ་བློ་གྲོས། ལུང་རྟོགས་བསྟན་པའི་ཉི་མ། ལུང་རྟོགས་ཟླ་བ་དར་རྒྱས་བཅས། ༧སྨན་རིའི་མཁན་ཆེན་ལྔ་ཙམ་གྱི་རིང་། འཆི་མེད་ཚེ་ཡི་རིག་འཛིན་གྱི་སྐུ་རུ་བཞུགས་ནས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་ཡི་བསྟན་པའི་སྲོག་ཤིང་འཛིན་ནས་བཞུགས་པའི་རྗེ་འགྲོ་བའི་མགོན་པོ་ཚེ་དབང་རིག་འཛིན་དངོས་བྱོན་ཡིན་ལ། མཁས་གྲུབ་གཉིས་ལྡན་གྱི་ཚད་ནི། མདོ་སྔགས་སེམས་གསུམ་དང་བཅུ་ཕྲག་རིག་པའི་བང་མཛོད་ཆེན་པོ། དབང་ལུང་ཁྲིད་གསུམ་གྱི་བསྟན་བདག་ཆེན་པོ། བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོ་ལ་དབང་འབྱོར་བས། འཆད་པའི་ཚེ་ན་སྣང་བ་མདོག་ཅན། རྩོད་པའི་ཚེ་ན་སྨྲ་བའི་སེང་གེ རྩོམ་པའི་ཚེ་ན་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་དང་གཉིས་སུ་མ་མཆིས་པའོ། སངས་རྒྱས་མི་ཡི་གཟུགས་སུ་རྣམ་པར་སྤྲུལ་ནས་བྱོན་པའི་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་པོའོ། ཡོངས་འཛིན་མཆོག་གི་མཚན་གནས་དང་མཚན་གྱི་ཆེ་བ་ནི། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོས་མགོན་པོ་མཆོག་ལ་གནང་བ་ཡིན་པ་རྗེ་བཙུན་སྨན་རི་བ་ཆེན་པོའི་ཞལ་ལས་ཐོས་པ་ལྟར་རོ། གསོལ་བ་འདེབས་པ་ནི། ལུང་གིས་ཕྱུག་པ་དང་། ལུང་དང་འདྲེས་པ་དང་། ལུང་བཞིན་སྟོན་པར་ནུས་པའི་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་ལ། བོན་འབངས་ཀུན་གྱིས། ལུས་གུས་པའི་སྒོ་ནས། ངག་སྙན་པའི་སྒོ་ནས། ཡིད་དྭངས་བའི་སྒོ་ནས། ཁ་ཞེ་གཉིས་མེད། དད་དམ་གཡོ་བ་མེད་པ། དམ་ཚིག་ལ་སེལ་མ་ཞུགས་པའི་སྒོ་ནས། ཡིད་ཆེས་བློ་གཏད་བཅོལ་ན། བསོད་ནམས་ཆེ་བ་དང་། བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་རྒྱས་པའི་རྟེན་འབྲེལ་ཡོད་པས། གསོལ་བ་རྩེ་གཅིག་ཏུ་འདེབས་པ་གལ་ཆེའོ། ཞེས་བོན་འབངས་ཀུན་ལ་རྒྱུད་ནས་བསྐུལ་བའི་སྨན་རི་བ་མཆོག་གི་གསུང་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བའི་མན་ངག་ཟབ་མོ་འདི་ཉིད་ཤེ་ཐུན་མང་ཝེར་གྱི་དབུས་སུ་བཅང་བར་བྱའོ།
……..རྩ་བའི་བླ་མའི་གསོལ་འདེབས་ཀྱི་འགྲེལ་རིག་པ་རང་ཤར་དུ་གྲགས་པ་འདི་ནི། མགོན་པོ་མཆོག་གིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཚུལ་བཞིན་བསྐྱངས་བའི་མཛད་པ་དང་། ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་རྩལ་ལ་མི་ཕྱེད་པའི་དད་དམ་གཡོ་བ་མེད་པའི་སློབ་བུ་ཉི་མིང་པས། ཕྱི་ལོ་༢༠༢༠ཕྱི་ཟླ་༠༥ཕྱི་ཚེས་༢༢རེས་གཟའ་པ་སངས་ཉིན་རང་ཤག་སྣང་བ་དགའ་འཁྱིལ་དུ་དགའ་དད་སྤྲོ་གསུམ་གྱི་ངང་ནས་བྲིས།
རྩ་བའི་བླ་མའི་གསོལ་འདེབས་ཀྱི་འགྲེལ་འཕྲིན་ལས་ལྷུན་གྲུབ།
།
ཨེ་མ་ཧོ།
མཁྱེན་བརྩེའི་ཡོན་ཏན་ཀུན་རྫོགས་ངོ་བོ་ཉིད།།
བླ་མེད་ཐེག་པའི་མཛོད་འཛིན་ཡ་ངལ་བ།།
འཕྲིན་ལས་རྣམ་བཞིའི་ཉི་མ་རབ་སྤྲོས་ཏེ།།
ཞི་བདེའི་བཀྲ་ཤིས་བསྟན་འགྲོའི་གསལ་བྱེད་ཤོག།
།
………ཐོག་མར་གསོལ་འདེབས་འདིའི་དབུ་འདྲེན་གྱི་ཚུལ་དུ་ཨེ་མ་ཧོ་ཞེས་བྱུང་བ་འདི་ནི། བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་ཆེ་བ་དང་། རྟེན་འབྲེལ་གྱི་སྒོ་མོ་འབུམ་ཕྲག་དུ་མ་ལ་དམིགས་ནས་འདིར་དྲངས་པ་ཞིག་སྟེ། འདི་ལ་དགོས་དོན་ཁྱད་པར་ཅན་གང་ཞིག་ཡོད་དམ་ཞེ་ན། སྤྱིར་སྒྲ་སྐད་ལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། འདི་ནི་ཞང་ཞུང་བོན་གྱི་སྒྲ་སྐད་ཡིན་ལ། ཁྱད་པར་དུ་ཞང་ཞུང་སྨར་གྱི་སྐད་ནི། གསལ་དག་བརྟན་གསུམ་གྱི་རང་བཞིན་དང་ལྡན་པའི་རྒྱུ་མཚན་ལ་བརྟེན་ནས། མདོ་སྔགས་སེམས་གསུམ་གྱི་བོན་ཟབ་མོ་རྣམས་ཀྱི་བསྒྱུར་གཞི་ཡང་མཛད་པར་མདོ་རྒྱུད་རྣམས་ལས་གསལ་བ་ཞིག་གོ ཁྱད་པར་དུ་ཞང་ཞུང་བོན་གྱི་ཞིང་ཁམས་ཞེས་སུ་གྲགས་པ་འདི་ནི། གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱི་འབྱུང་གནས་དམ་པ་ཡིན་ཞིང་། བོད་ནི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱི་བཅུད་འཕེལ་སའི་ཞིང་ས་ཞིག་ཀྱང་ཡིན་པས་ན། དགོས་པ་རྒྱུ་མཚན་དུ་མ་ལ་བརྟེན་ནས་གསོལ་འདེབས་འདི་ཡི་དབུ་རུ་ཨེ་མ་ཧོ་ཞེས་རྨད་དུ་བྱུང་བའི་ཚིག་བཟང་པོའི་དབུ་རྒྱན་འདི་ཉིད་གསོལ་ན་འོས་ཤིང་འཚམས་པར་སྣང་ངོ་། བོད་སྐད་དུ་ཐད་བསྒྱུར་བྱས་ན། ངོ་མཚར་ཆེ། ཞེས་པའི་དོན་ལ་གོ་བ་ཡིན་ནོ། ངོ་མཚར་གྱི་ཡོན་ཏན་འབུམ་གྱིས་ཕྱུག་པའི་མཚན་ལྡན་བླ་མའི་མཆོད་བསྟོད་དེ་ཡང། ངོ་མཚར་དང་བྱིན་ཆེ་བའི་ཚིག་རྒྱན་བཟང་པོས་ཀུན་ནས་མཛེས་པར་སྤུད་དེ་ཀླད་དོན་གྱི་ཁོག་དབུབ་ན་དེ་བས་བྱིན་རླབས་ཆེ་བས། རྒྱུ་མཚན་སྣ་མང་ལ་གཟིགས་ནས་ཞང་ཞུང་གི་བོན་གྱི་སྒྲ་སྐད་འདི་གསོལ་འདེབས་འདི་ཉིད་ཀྱི་དབུ་འདྲེན་གྱི་ཚུལ་དུ་བཀོད་པར་ངེས་སོ། སྤྱིར་བོན་གྱི་ཐུན་མོང་མ་ཡིན་པའི་མཚོན་བྱེད་ལ། བསྭོ་ཞེས་པ་བོན་སྒོ་འདུས་པའི་སྒྲ་དང་། ཨཱོྃ་ཞེས་པ་སྔགས་ཀྱི་མགོ་འདྲེན་དང་། ཀི་ཞེས་པ་ཤེས་རབ་འཕེལ་བའི་གཟུངས་སོགས་མང་དུ་ཡོད་ཀྱང་། འདིར་ཨེ་མ་ཧོ་ཞེས་པ་ནི་ངོ་མཚར་ཆེ་བའི་སྒྲའོ། མཁྱེན་བརྩེའི་ཡོན་ཏན་ཀུན་རྫོགས་ངོ་བོ་ཉིད། ཅེས་པའི་གོ་དོན་ནི། དང་པོ་མཁྱེན་པའི་ཡོན་ཏན་གྱི་ཆེ་བ་བསྟན་པ་སྟེ། མགོན་པོ་མཆོག་ནི་བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོ་ལ་མཁྱེན་རབ་ཀྱི་རྩལ་ཆེན་རྫོགས་པས། མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་དང་། བཅུ་ཕྲག་རིག་པའི་གནས་ཐམས་ཅད་ལ་ཐོགས་ཆགས་དང་བྲལ་ཞིང་མ་རྨོངས་པའི་ཤེས་རབ་རྒྱས་པ་ཡིན་ལ། གཉིས་པ་བརྩེ་བའི་ཡོན་ཏན་ནི། རང་དོན་ཡིད་བྱེད་ཀྱི་བསམ་པ་ཀ་ནས་དག་སྟེ། རང་བས་གཞན་གཅེས་པའི་བྱམས་དང་སྙིང་རྗེའི་ཆུ་རྒྱུན་དཔག་མེད་དུས་རྟག་ཏུ་བྲུག་ཅིང་། ཐུགས་ཉིད་བརྩེ་བ་ཆེན་པོས་གདུལ་བྱ་ཉེ་བར་ཐུགས་རྗེས་བཟུང་སྟེ་སྐལ་ལྡན་སློབ་མའི་ཚོགས་རྣམས་སྐྱོང་ལ་མཁས་པ་ཡིན་ལ། གསུམ་པ་ནུས་པའི་ཡོན་ཏན་ནི། ཕྱི་ནང་གསང་གསུམ་གྱི་འགལ་རྐྱེན་མི་མཐུན་པའི་ཚོགས་ཐམས་ཅད་ཐུགས་རྗེ་ཆེ་ཞིང་ཐབས་ལ་མཁས་པའི་ཀུན་སྙོམས་ཞི་བ་ཆེན་པོས་ཕྱེ་མར་འཐག་ནུས་པ་སྟེ། དཔེར་ན་སྟོན་པ་ཐུགས་རྗེ་ཅན་གྱིས་བཟོད་པའི་གོས་གྱོན་སྙིང་རྗེའི་དམག་དཔུང་བསྐྱེད་ནས་བདུད་གླིང་ཕམ་པར་མཛད་པའི་ནུས་པའི་རྩལ་ཤུགས་རྒྱས་པ་དང་སྒོ་ཀུན་ནས་མཚུངས་པའོ། ངོ་བོ་ཉིད། ཅེས་པ་ནི། དེ་ལྟར་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གྱི་ཆ་ཤས་ཡོངས་སུ་རྫོགས་པའི་ངོ་བོ་ནི་ཁྱེད་ཉིད་དོ་ཞེས་མགོན་པོ་མཆོག་ཉིད་ཡིན་པ་གསལ་བར་སྟོན་པའི་སྒྲའོ། བླ་མེད་ཐེག་པའི་མཛོད་འཛིན་ཡ་ངལ་བ། ཞེས་པའི་གོ་དོན་ནི། བླ་མེད་ཀྱི་ཐེག་པ་ནི། བསྟན་པ་ཐམས་ཅད་ཀྱི་སྙིང་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། གྲུབ་མཐའ་ཐམས་ཅད་ཀྱི་མཐར་ཐུག བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཡང་བཅུད། རྒྱུད་ལུང་མན་ངག་ཀུན་གྱི་ཡང་སྙིང་། ཞེས་པ་འདི་ཡིན་ལ། བསྒྲགས་གསུམ་གྱི་གཞུང་ཆེན་རྣམས་ལས་རང་འབྱུང་གི་ཡེ་ཤེས། སྙན་རྒྱུད་ཀྱི་གཞུང་ཆེན་རྣམས་ལས་འོད་གསལ། ཡེ་ཁྲིའི་གཞུང་ཆེན་རྣམས་ལས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད། བྱང་སེམས་གབ་པའི་གཞུང་ཆེན་རྣམས་ལས་བྱང་སེམས་ཐིག་ལེ་ཉག་གཅིག ནམ་མཁའ་འཕྲུལ་མཛོད་དང་འགྲེལ་མེ་ལོང་། དེ་བཞིན་སྨྲ་བའི་སེང་གེ་རྣམས་སུ་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད། རྫོགས་ཆེན་སྤྱིའི་སྐད་དུ་ཀུན་ཏུ་བཟང་པོ། དེ་ལྟར་མཚན་གྱི་རྣམ་གྲངས་དུ་མས་བརྒྱན་པ་སྟེ། སྔ་རབས་འདས་པ་རྣམས་ཀྱི་གཤེགས་ཤུལ། ད་ལྟ་བཞུགས་པ་རྣམས་ཀྱི་ཐུགས་དགོངས། མ་འབྱོན་རྒྱལ་བ་ཡོངས་ཀྱི་འདྲེན་པ་ཆེན་པོ་དེ་ལ་བླ་མེད་ཀྱི་ཐེག་པ་ཞེས་གསུངས་སོ། མཛོད་འཛིན། ཞེས་པ་ནི། དེ་ལྟ་བུའི་ཀུན་ཏུ་བཟང་པོའི་ཐུགས་ཉིད་སྐྱེ་བ་མེད་པ་གཅིག་ཤེས་ཀུན་གྲོལ་གྱི་དགོངས་པ་ཟབ་མོ་འདི་ཉིད། འཁོར་འདས་ཐམས་ཅད་ཀྱི་མཛོད་ཕུགས་ཡིན་ལ། འདི་ཡི་ངང་ལ་མ་རྫོགས་པ་གཅིག་ཀྱང་མེད་དོ། རྒྱུ་མཚན་དེའི་ཕྱིར་ན། ཀུན་རྫོགས་ཡོངས་རྫོགས་ཐ་ཚན་འུབས་ཀྱིས་རྫོགས། རྫོགས་དོན་བཤད་མེད་ཀུན་ཏུ་བཟང་པོའི་ཐུགས། འདི་ཞེས་བསྟན་དཀའ་དིག་མའི་རྨི་ལམ་འདྲ། ཞེས་རྫོགས་པ་ཆེན་པོའི་གཞུང་ཆེན་རྣམས་ལས་བསྔགས་པར་མཛད་པ་ཡང་གཤིས་ཀྱི་བབ་ལ་དེ་ལྟར་གྲུབ་པའི་རྫོགས་ཆེན་སེང་གེའི་རང་སྐད་མངོན་སུམ་ཉིད་དུ་སྒྲོགས་པའི་གད་རྒྱངས་ཤིག་ཡིན་པ་ལས་མདོ་མེད་བྱབ་ཆུང་ཚོགས་ཀྱིས་འུར་བའི་ལོང་གཏམ་ཞིག་ག་ལ་ཡིན། དེ་ལྟ་བུའི་བླ་མེད་ཐེག་པའི་མཛོད་འདི་སུ་ཞིག་གིས་འཛིན་པ་ཡིན་ནམ་ཞེ་ན། ཡ་ངལ་བ་ཞེས་པ་འདི་བྱུང་། འདི་ལའང་། བརྒྱུད་པ་བཀའ་བབ་ཀྱི་དབང་དུ་བྱས་ན། བསྟན་པ་འདི་ལ་ཤིན་ཏུ་བཀའ་དྲིན་ཆེ་བ། ཡ་ངལ་གྱི་གདུང་ལས་བྱོན་པའི་བསྟན་པ་འདི་ཡི་བཀའ་བབ་ཀྱི་གཤེན་པོ་བཀའ་ཉམས་གཉིས་ཀའི་བསྟན་པའི་མདོ་འཛིན་ཡང་སྟོན་ཆེན་པོ་ཤེས་རབ་རྒྱལ་མཚན་ཞེས་ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ་དེ་དང་། མི་ལོ་བཅུ་བདུན་ཙམ་ལ་བྲག་ཕུག་ཞྭ་རུ་གྱོན་ནས་དཀའ་སྤྱད་སྙིང་རུས་དྲག་པོས་སྙན་རྒྱུད་བསྟན་པའི་རྒྱལ་མཚན་འཛིན་པའི་ཡང་སྟོན་ཆེན་པོ་དམ་པ་འབུམ་རྗེ་འོད་ཅེས་བྱ་བ་དེ་དང་། ཤོག་གུ་ཁྱི་ལྕེ་ཙམ་ལ་རག་མ་ལས་པར་གཅིག་ཤེས་ཀུན་གྲོལ་གྱི་དགོངས་པ་ཟབ་མོ་སྣོད་ལྡན་གྱི་བུ་ལ་བཙན་ཐབས་སུ་བཅུག་པར་ནུས་པའི་ཡང་སྟོན་ཆེན་པོ་བཀྲ་ཤིས་རྒྱལ་མཚན་ཞེས་གྲུབ་འཛིན་སྟོང་གི་སྤྱི་ཕུད་དེ་དང་། གཞན་ཡང་མཉམ་ཉིད་བདེ་བ་ཆེན་པོའི་དོན་དམ་ཐུགས་སུ་ཆུད་པའི་རང་གྲོལ་བསྟན་པའི་མངའ་བདག་ཡང་སྟོན་རྒྱལ་མཚན་རིན་ཆེན། གསུང་རབ་འབུམ་སྡེ་པོ་ཏི་བརྒྱ་དང་བཅུ་གསུམ་བཞེངས་ནས་གློ་དོལ་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ཉིན་མོར་བྱེད་པའི་ཡང་སྟོན་དཔལ་ལྡན་བཟང་པོ་ཞེས་སུ་གྲགས་པ་དེ་རྣམས་ནི། སྙན་རྒྱུད་ཀྱི་གདམས་པ་ཟབ་མོ་འདིའི་བཀའ་བབ་ཀྱི་བླ་མ་ཡིན་འདུག་པ་སྙན་རྒྱུད་ཀྱི་བླ་མའི་རྣམ་ཐར་དང་། རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་རྣམས་སུ་གསལ་བས། སུ་ཞིག་གིས་ཀྱང་གཟིགས་ཤིང་མཇལ་བར་ནུས་ན་སྐལ་ལྡན་ངེས་ཤེས་སྐྱེ་བའི་གྲོགས་སུ་འགྱུར་བར་གདོན་མི་ཟའོ། དེ་ལྟར་ངོ་མཚར་ཆེ་བའི་བཀའ་བབ་ཀྱི་བླ་མ་གོང་མ་རྣམས་དང་གདུང་རུས་གཅིག་པའི་སྙན་རྒྱུད་ཀྱི་གདམས་པ་ཟབ་མོའི་བརྒྱུད་འཛིན་གྱི་བླ་མ་ནི། ཡ་ངལ་བ་ཞེས། གདུང་རུས་ཀྱི་ཆེ་བ་སྔུན་ནས་བསུས་པའི་ཤུལ་ལ་མགོན་པོ་མཆོག་གི་མཚན་ངང་གིས་འཆར་བ་སྟེ། ངང་ལ་ངང་གིས་གནས་པ་ནི། རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་ཆེ་བ་ཡིན་པས། དེ་དང་ཚུལ་མཚུངས་པར་སེམས་སོ། དོན་དུ་ཡང་སྟོན་འཕྲིན་ལས་ཉི་མ་ཞེས་གསལ་བར་ལུང་དུ་བསྟན་པའོ། འཕྲིན་ལས་རྣམ་བཞིའི་ཉི་མ་རབ་སྤྲོས་ཏེ།། ཞེས་པའི་གོ་དོན་ནི། དམ་པ་ཁྱེད་ཉིད་ཀྱང་རྣམ་གྲོལ་ཞི་བའི་འཕྲིན་ལས། ཡོན་ཏན་རྒྱས་པའི་འཕྲིན་ལས། བྱིན་རླབས་དབང་གི་འཕྲིན་ལས། དྲག་པོ་སྒྲོལ་བའི་འཕྲིན་ལས་ཀྱི་ཉི་མ་བཞི་ཡི་འོད་ཟེར་སྟོང་ཁམས་ཡངས་པའི་ཁྱོན་ཀུན་རབ་ཏུ་སྤྲོས་ཏེ། རིག་འཛིན་གྲུབ་ཐོབ་གོང་མ་རྣམས་དང་ཚུལ་མཚུངས་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་བདག་གིར་བཞེས་དགོས་པར་བཀའ་ཡིས་ཉེ་བར་བསྐུལ་བར་བྱེད་པའི་རྟེན་འབྲེལ་གྱི་བརྡ་མཚོན་དུ་བྱུང་བ་ཡིན་ལ། ཏེ་ཞེས་པ་འདི་ནི། སྔ་ཕྱི་རིམ་པར་བྱུང་བའི་སྒྲའོ། ཞི་བདེའི་བཀྲ་ཤིས་བསྟན་འགྲོའི་གསལ་བྱེད་ཤོག། ཅེས་པའི་གོ་དོན་ནི། དེ་ལ་བརྟེན་ནས་མཁའ་མཉམ་སེམས་ཅན་ཐམས་ཅད་འཕྲལ་དུ་ནད་མུག་མཚོན་གསུམ་གྱི་འཇིག་པ་ལས་གྲོལ་ཞིང་། ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་རྫོགས་ལྡན་གསར་པའི་དཔལ་ལ་དབང་འབྱོར་ཞིང་ལོངས་སུ་སྤྱོད་པ་དང་། མཐར་ཐུག་གཏན་གྱི་ཞི་བདེ་དམ་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཞེས་དོན་དམ་པའི་ཁ་དགེ་བཀྲ་ཤིས་གྱི་རྒྱལ་མཚན་ས་སྟེང་འདིར་བསྒྲེངས་ནས། བསྟན་པ་ཉིན་མོར་བྱེད་པའི་འཕྲིན་ལས་ཀྱི་ཉི་མ་དང་། འགྲོ་བའི་སྨག་རུམ་སེལ་བའི་དོན་གྱི་ཉི་མ་སྟེ། གསལ་བྱེད་ཀྱི་ཉི་མ་གཉིས་དུས་གཅིག་ཏུ་ཤར་བ་ལྟ་བུ། ཁྱེད་ཉིད་བསྟན་དང་འགྲོ་བའི་གསལ་བྱེད་དམ་པ་ཞིག་ཡོང་བར་ཤོག། ཅེས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་ནས་སྔོན་རྒྱལ་བུ་ཀུན་དགའ་འོད་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དར་གྱི་ལྡིང་ཁུག་ཏུ་བཅུག་ནས་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ་ནས་དཀར་མོ་འབྲུ་བདུན་གྱིས་མཆོད་ཅིང་གཤེན་རབ་བགེགས་ལས་རྣམ་པར་རྒྱལ་བའི་སྨོན་ལམ་གྱི་མཚམས་སྦྱོར་གནང་བ་ཇི་བཞིན་ཐུགས་སྨོན་རྣམ་པར་དག་པས་མཚམས་སྦྱོར་མཛད་པའོ།
………༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གི་གསོལ་འདེབས་འདི་ནི་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་གིས་མཛད། གསོལ་འདེབས་འདི་ཡི་འགྲེལ་འཕྲིན་ལས་ལྷུན་གྲུབ་ཏུ་གྲགས་པ་འདི་ནི། རྩ་བའི་བླ་མ་བསྟེན་ཡུན་རིང་བའི་སློབ་བུ་ཉི་མིང་པས། ཕྱི་ལོ་༢༠༢༠ཕྱི་ཟླ་༠༥ཕྱི་ཚེས་༡༦ཉིན་དཔོན་གསས་བླ་མའི་སྐུ་ཚེ་རིང་ཞིང་མཛད་འཕྲིན་རྒྱས་པ་དང་། རང་ཉིད་བསོད་ནམས་བསག་པའི་རྟེན་དུ་དད་དམ་གཡོ་བ་མེད་པས་རང་ཤག་སྣང་བ་དགའ་འཁྱིལ་དུ་བྲིས།
བསམ་ཚུལ་ཕྲིས།