༧སྐྱབས་རྗེ་ཞིང་གཤེགས་དམ་པ་གླེང་བ། 

རྩོམ་ཡིག་འདི་ཐེངས། 293957 བཀླགས་འདུག

IMG_3698

༧སྐྱབས་རྗེ་ཞིང་གཤེགས་དམ་པའི་ངང་ཚུལ་གླེང་བ།

རང་གིས་མཐོང་ཐོས་མྱོང་གསུམ་ཟུར་ཙམ།

སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ།

་་་་་་་་་་་་་་་་་་སྐུ་ཚེ་ཧྲིལ་པོར་བྱ་བྲལ་ཉམས་ཆུང་དང་འདོད་ཆུང་ཆོག་ཤེས་ཁོ་ན་མཛད། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་དུ་གྱུར་ནའང་ཆེ་འདོད་དང་ཁེངས་སེམས་ཀྱི་དྲི་མ་རྡུལ་ཙམ་མི་མངའ། སྤྱི་ཐབ་ཀྱི་གསོལ་ཇ་དང་བཞེས་ལག་རྣམས་བདུད་རྩི་རུ་དམིགས་ཏེ་གྲྭ་པ་དཀྱུས་མ་བཞིན་མཉམ་ཟ་མཉམ་འཐུང་མཛད། མགོ་དགོན་པའི་རྒྱ་ཕིབས་ནས་བཟུང་སྟེ། མཇུག་དགོན་པའི་ལྕགས་རི་ཡན་ཆད་ལ་རིན་པོ་ཆེ་ཁྱེད་ཀྱིས་གཟིགས་ཞིབ་མ་གནང་བ་ཅི་ཡང་མེད། མཐའ་ན་དགོན་པའི་རྩིག་པ་རེ་རེ་ལ་ཁྱེད་ཀྱི་ཕྱག་གིས་མ་རེག་པ་མེད་ཟེར་ནའང་ཆོག བླ་མ་ཡང་ཁྱེད་ཀྱིས་གནང་། དབུ་མཛད་ཡང་ཁྱེད་ཀྱིས་གནང་། མ་བྱན་ཡང་ཁྱེད་ཀྱིས་གནང་། ད་ལྟ་ཟ་ཆོག་ཆོག བཏུང་ཆོག་ཆོག འདུག་ཆོག་ཆོག ཕྲ་ཚུབ་ཚུབ། འོད་ཆེམ་ཆེམ་འདི་ཡང་ཁྱེད་ཀྱི་དྲིན། ཆོས་ལུགས་དང་གྲུབ་མཐའ་ཐམས་ཅད་ལ་སེམས་གཏིང་ནས་དག་སྣང་སྦྱང་བ་ལས་སྐྱོན་བརྗོད་དང་དགག་པ་བྱེད་པའི་ལུགས་སྲོལ་གཏན་ནས་མེད། བཟོད་པའི་གོས་གྱོན་སྙིང་རྗེའི་དམག་དཔུང་བསྐྱེད་དགོས་ན་བླ་མ་འདི་བས་ལྷག་པ་དཀོན། མཐོ་དམན་བར་གསུམ་མི་སུ་འདྲ་ཞིག་མཇལ་ཁ་སླེབས་ནའང་མཇལ་ཁ་ཡོད་ཤག་ཤག སོ་སོ་རང་ཉིད་རྫིག་མདོག་དང་ཆེ་མདོག་བྱེད་ནས་བཞུགས་པའི་ལུགས་སྲོལ་མེད། དགོན་པ་གྲྭ་ཚང་ལ་ཡིན་ནའང་རྫིག་པོ་བྱེད་དུ་མི་བཅུག། རྒྱས་སྤྲོས་ཀྱི་རིགས་ལ་དེ་བས་ཀྱང་ཐུགས་མི་དགྱེས། གྲུམ་ཙེའི་རིགས་དང་ཁྲ་ཁྲ་ཟིང་ཟིང་གི་རིགས་བཏིང་ནས་བཞུགས་པའི་ལུགས་སྲོལ་མེད། ༧དཔལ་ལྡན་སྨན་རིའི་བླ་བྲང་ཞུ་བ་དེ་ཡང་གྲྭ་པ་དཀྱུས་མ་ཞིག་གི་ཤག་དང་ཁྱད་པར་མེད། ནམ་རྒྱུན་བླ་བྲང་དང་གཟིམ་ཤག་གི་ནང་ལ་གྲུམ་ཙེའི་རིགས་བཏིང་ནས་རྫིག་མདོག་བྱས་ཏེ་བཞུགས་སྲོལ་མེད། ས་གདན་དཀྱུས་མ་ཞིག་མ་གཏོགས་འདིང་སྲོལ་མེད། མལ་གདན་གྱི་རིགས་ཀྱང་རས་རྐྱང་དཀྱུས་མ་ཞིག་ལས་མེད། བླ་བྲང་ནང་ལ་བཞུགས་དུས་ཤིང་གི་བཞུགས་ཁྲི་དཀྱུས་མ་ཞིག་མ་གཏོགས་བརྐོས་མ་དང་འབུར་མ་སོགས་ཀྱི་སྟེང་བཞུགས་སྲོལ་མེད། གྲུམ་ཙེ་བཏིང་ནས་ཉལ་ཁྲིའི་སྟེང་ལ་གཟིམ་མྱོང་མེད། གཟན་ཤམ་སོགས་གཙང་མ་ཚད་ལྡན་གཞན་གྱི་མིག་དཔེར་འོས་པ་ཞིག་བསྣམས་སྲོལ་ཡོད། གོས་ཆེན་གྱི་རིགས་མི་བཞེས། རྒྱུ་རས་ལས་གྲུབ་པའི་སྟོད་འགག་སྔོན་པོ་ཁམས་གཙང་མ་ཞིག་མཆོད་སྲོལ་ཡོད། རྨད་གོས་སྔོན་པོ་ཞིག་ཀྱང་བསྣམས་སྲོལ་ཡོད།  ཆེད་དུ་གཉེར་ནས་རྫིག་རྫིག་སོགས་གང་ཡང་མ་བྱས་ནའང་། རང་བཞིན་གྱིས་བྱིན་ཆགས་པོ། བབས་ཆགས་པོ། གཟི་བརྗིད་ཆེན་པོ།  སྣང་སྲིད་ཟིལ་གྱིས་ནོན་པ། ཁམས་གསུམ་དབང་དུ་བསྡུས་པ་ཞིག་ཡོད་པ་ནི།  རྒྱལ་བ་མཉམ་མེད་ཆེན་པོའི་བྱིན་རླབས་ཟེར་བ་དེ་ཡིན་པ་འདྲ།

་་་་་་་་་་་་་་་་་་ནམ་རྒྱུན་ཐབ་ཚང་ནང་ལ་ཕེབས་ནས་དགོན་པའི་མ་བྱན་རྣམས་ལ་གཟིགས་རྟོག་དང་སློབ་གསོ། ཚོགས་ཁང་དུ་ཕེབས་ནས་གྲྭ་མང་རྣམས་ལ་དགོན་པ་གྲྭ་ཚང་གི་སྒྲིག་ལམ་ངོ་སྤྲོད་དང་། འདོན་ཕྱག་ལེན་སྐོར་གྱི་བཀའ་སློབ་དང་ཚོགས་གཏམ། མཚན་ཉིད་ཁང་ལ་ཕེབས་ནས་མཚན་ཉིད་པ་རྣམས་ལ་རིག་ལམ་གྱི་རྩོད་པ་རྩོད་སྟངས་དང་སློབ་གཉེར་གནང་ཕྱོགས་ཀྱི་ལམ་སྟོན། བོན་ཕྲུག་བདེ་དོན་སོགས་ལ་ཕེབས་ནས་བོན་གྱི་ངོ་སྤྲོད་དང་འབྱུང་འགྱུར་གྱི་ཕུགས་བསམ་བཞེས་སྟངས། གཞིས་ཆགས་ལ་ཕེབས་ནས་མི་མང་རྣམས་ལ་ཡང་དག་པའི་དགེ་སྦྱོར་གྱི་བསྐུལ་མ་དུས་ནས་དུས་སུ་གནང་སྲོལ་ཡོད་པ་ནི། མགོན་པོ་མཆོག་གི་རྒྱུན་འཁྱེར་གྱི་ཉམས་ལེན་ཞིག་ཀྱང་ཡིན། མི་ཚོས་སྐྱོན་བརྗོད་ཇི་ཙམ་བྱས་ནའང་འདྲ། མཐའ་ན་དངོས་སུ་རྒོལ་བར་གྱུར་ནའང་འདྲ། ཕར་ལ་སྐྱོན་བརྗོད་དང་། དགག་པ། ཁ་གྱོང་དང་ཚིག་ངན་གྱི་རིགས་གཏན་ནས་གནང་སྲོལ་མེད། ང་ཚོས་ཀྱང་མི་ཚེའི་ནང་དེ་འདྲ་གོ་མྱོང་དང་མཐོང་མྱོང་མེད། ཁྲོས་པའི་ལན་ལ་ཞི་བ། གཏུམ་པོའི་ལན་ལ་བྱམས་པ། མི་འཐད་ལན་ལ་འཐད་པ།  ཐུགས་རྒྱ་ཡངས་པོ་མདའ་ཤོང་མདུང་ཤོང་ཟེར་ན་དེ་འདྲ་ཞིག་ཡིན་པར་ངེས། བརྩི་དགོས་ས་ཞིག་ལ་ཁ་ཞེ་གཉིས་མེད། མདུན་རྒྱབ་ངོ་ལྐོག་མེད་པའི་སྒོ་ནས།  གནད་དོན་ག་འདྲ་ཞིག་ལ་ཐུག་ན་འདྲ། མི་ཚོས་ཡག་སྡུག་ག་འདྲ་ཞིག་བཤད་ན་འདྲ།  གུས་བཀུར་དང་གུས་བརྩི་ཞུ་མཁན་ཞིག་ཡིན།

་་་་་་་་་་་་་་་་་་དེང་རབས་ཀྱི་བླ་སྤྲུལ་གཞན་དང་འདྲ་བའི་ཞལ་བདེ་པོ་དེ་འདྲ་མེད་ནའང་། ཐིགས་པ་བསགས་པའི་རྒྱ་མཚོའི་དཔེ་ལྟར་ཉམས་མྱོང་གིས་ཕྱུག་པའི་སློབ་སྟོན་པ་ཞིག་ཡིན་པས། དོན་སྙིང་ལྡན་པའི་བཀའ་སློབ་རེ་རེ་ཡིན་ནའང་། སེམས་ལ་ཟུག་པོ་ཡོད། སྤྱན་ཟུང་ཅུང་ཙམ་ཟུམ་སྟེ་གནའ་རབས་ཀྱི་ལོ་རྒྱུས་དང་འབྲེལ་བའི་མྱོང་བ་རྣམས་གསུང་དུས། ཚོགས་འདུ་ལ་ཆུ་ཚོད་ཅི་ཙམ་འགོར་ནའང་། སྤྲོ་སྣང་ཞིག་ངང་གིས་འབྱུང་རྒྱུ་ཡོད། “མི་སུམ་ཅུ་ལ་བསམ་པ་སུམ་ཅུ། མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ་ཡོད།” མི་སུམ་ཅུ་ལ་བསམ་པ་སུམ་ཅུ་ཡོད་ཀྱང་། བསམ་བློ་གཏོང་སྟངས་མི་འདྲ་བ་སུམ་ཅུ་ཡོད། མཛོ་སུམ་ཅུ་ལ་ར་ཅོ་དྲུག་ཅུ་ཡོད་ཀྱང་།  ར་ཅོ་སྐྱེ་ལུགས་མི་འདྲ་བ་དྲུག་ཅུ་ཡོད། ཚང་མ་མེ་མདའི་མདེའུ་ནང་བཞིན་ཡོང་གི་མ་རེད།  རྒྱ་མཚོ་ཆེན་པོའི་ནང་ལ་ཉ་དང་། སྦལ་པ། ལྕོང་མོ་དང་ཆུ་སྲིན་ཆུ་གནས་ཀྱི་རིགས་མང་པོ་ཡོད།  ཁྱེད་ཚོས་ང་ལ་གཟན་ཕབས་བྱེད་ཀྱི་འདུག  ཡག་པོ་རེད། མ་གཞི་ནས་ང་ལ་གཟན་ཕབས་མ་བྱས་ནའང་འགྲིག དགེ་རྒན་ལ་ངེས་པར་དུ་བརྩི་བཀུར་ཞུ་དགོས། ཕྱག་འཚལ་དགོས། ཁྱེད་རང་ཚོའི་རྩ་བའི་བླ་མ་རེད། ཁྱེད་རང་ཚོའི་ཁ་ལ་གསེར་བླུགས་མཁན་རེད།  གཞིས་ཆགས་འདི་ཆུ་ལྟ་བུ་ཡིན། དགོན་པ་འདི་ཉ་ལྟ་བུ་ཡིན། ཆུ་མེད་ན་ཉ་མོ་འཚོ་མི་ཐུབ། བཤད་གྲྭའི་ནང་གསར་དུ་ཞུགས་པའི་གྲྭ་པ་རེ་རེ་ལ་ཡིག་སྣོད་རེ་བཞག་ཡོད། རང་རང་གི་མིང་དང་ལོ་རྒྱུས་བཅས་བྲིས་སུ་བཅུག་ཡོད། གང་བྲིས་པ་ཐམས་ཅད་ཡིག་སྣོད་ནང་ཉར་ཚགས་བྱས་ཡོད།  མ་འོངས་པ་རང་གིས་ལྟ་དུས་ཤེས་ཡོན་ཡར་རྒྱས་ཇི་ཙམ་ཕྱིན་ཡོད་མེད་གོ་རྟོགས་འབྱུང་ངེས།  ཁྱེད་རང་ཚོ་ཚང་མ་ཤ་རྒྱས་ཁྲག་རྒྱས་ཤ་སྟག་རེད། ལོ་དྲུག་ཅུ་ཡན་ཆད་མེད། ལོ་བདུན་ཅུ་ཡན་ཆད་མེད། ང་རྒད་པོ་ཚོགས་འདུ་ལ་ངེས་པར་དུ་སླེབས་དགོས། ཁྱེད་ཚོས་ང་ལ་ངེས་པར་དུ་སྐད་གཏོང་དགོས། ཞེས་གསུངས།

་་་་་་་་་་་་་་་་་་ཁྱད་པར་དུ་ལྟ་བ་ནམ་མཁའ་དང་མཉམ་ནའང་། སྤྱོད་པ་མི་དང་བསྟུན་ནས་དམན་ས་བཟུང་མཁན་ཞིག་ཡིན་པ་ནི། རང་གཞན་ཀུན་གྱིས་མཁྱེན་གསལ་ལྟར་ཡིན། བསྟན་པ་སྤྱིའི་འགན་འཁུར་གྱི་ངོས་ནས་བཤད་ན། ང་ཚོ་ཚང་མ་བསྟན་པ་གཅིག་དང་། སྟོན་པ་གཅིག ཆོས་ལུགས་གཅིག  གྲུབ་མཐའ་གཅིག མགོ་ལ་བུམ་པ་མཉམ་འཁུར། ལྕེ་ལ་བདུད་རྩི་མཉམ་བཏུང་། ཚོགས་གདན་གཅིག་གི་ཐོག་ལ་བསྡད། ཚོགས་ཟངས་གཅིག་གི་ནང་ནས་ཟ།  བླ་མ་གཅིག་གི་སློབ་བུ་ཤ་སྟག་ཡིན་གསུང་སྲོལ་ཡོད། གྲྭ་ས་ཟེར་བ་དེའི་ནང་ལ། སྟོད་མངའ་རིས་སྐོར་གསུམ་ནས་བཟུང་། སྨད་ཨ་མདོ་རྒྱ་རོང་ཡན་ཆད་ཀྱི་མི་སྣ་ཡོད། དེ་རྣམས་ཐམས་ཅད། སྤྲིན་དཀར་པོ་ཚད་ལ་བཙུགས། ས་ནག་པོ་འདོམ་ལ་འཇལ་ནས་ཕེབས་མཁན་ཤ་སྟག་ཡིན། ཁྱེད་རྣམས་པ་ཐམས་ཅད་འདིར་ལས་དང་སྨོན་ལམ་གྱི་དབང་གིས་བསྡུས་པ་ཤ་སྟག་ཡིན་པ་ལས། སུ་གཅིག་ཀྱང་སྐད་བཏང་བཞག་པ་མེད། གྲྭ་པས་སྒྲིག་འཁུར་ན། གྲྭ་བ་སྒྲིག་འོག་ནས་སངས་རྒྱས། མེ་བཏང་ས་ལ་ས་འཚིག་དགོས། སེང་གེ་དཀར་མོ་ལ་གཞན་གྱིས་འགྲན་ཟླ་མེད་ཀྱང་། འབུ་སྲིན་ཕྲ་མོ་ཁོག་པ་ལ་བཞུགས་ན་ཉེན་ཁ་ཆེ། མར་སྐོགས་མར་གྱིས་མི་འཐུལ། བོན་དྲེད་བོན་གྱིས་མི་འཐུལ། ལྷམ་གོག་སྐམ་པོའི་ནང་ལ། མཛུ་གུ་རློན་པ་འགུལ་བ་མི་ཤེས་རྒྱུ་མེད།  སྤྱི་མི་ཞིག་ཆགས་པ་ལ། སྤྱི་སེམས་ཟེར་བ་དེ་དགོས། གྲྭ་ས་ཟེར་བ་འདི་ཆེན་པོ་ཆུང་ཆུང་བྱེད་ས་རེད། ཆུང་ཆུང་ཆེན་པོ་ཆགས་ས་རེད། སྡིག་ཅན་བོན་གྱིས་འཐུལ་ཡང་། བོན་དྲེད་བོན་གྱིས་མི་འཐུལ། སྔོན་མ་ཡིན་ན་ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ། ཟེར་སྲོལ་ཡོད། དེང་སང་ཡིན་ན། ཡོན་ཏན་ཆུང་ཆུང་ཉེན་ཁ་ཆེ་ལེ་རེད། ཟ་རྒྱུ་བཏུང་རྒྱུ་ཡིན་ནའང་གྲོད་པ་རྒྱགས་ཙམ་ཀྱི་ཆོག་པ་ལས་ཧ་ཅང་རྒྱས་སྤྲོས་བྱེད་དུ་མི་བཅུག། ལས་ཀ་གང་འདྲ་ཞིག་བྱེད་ནའང་མཐའ་གཉིས་སུ་མ་ལྷུང་བ་ཞིག་བྱ་དགོས་གསུང་སྲོལ་ཡོད།

་་་་་་་་་་་་་་་་་་སྨན་རི་ཚང་ལ་ངོམ་རྒྱུ་ག་རེ་ཡོད་ཟེར་ན། ཚོགས་གདན་གཙང་མ་ཞིག་ཡོད་གསུང་སྲོལ་ཡོད། ཕྱོགས་མཐའ་ཁག་ནས་བླ་མ་སྤྲུལ་སྐུ་གང་འདྲ་ཞིག་གྲྭ་ས་ལ་ཕེབས་པ་ཡིན་ན། གྲྭ་སའི་མཁན་སློབ་ཀྱི་སྐུ་མདུན་ནས་རབ་བྱུང་སྒྲུབ་སྲོལ་ཡོད། གྲུབ་ཆེན་བཟོད་པ་རིན་པོ་ཆེ་ཞུ་བ་ཁོང་བསམ་གྱིས་མི་ཁྱབ་པའི་བླ་མ་རྩ་ཆེན་པོ་རེད་དེ། གྲྭ་སར་ཕེབས་དུས་གྲྭ་སའི་སྒྲིག་ལམ་བཞིན། གྲལ་མཐའ་ན་བཞུགས་པ་རེད། ནམ་རྒྱུན་ཁོང་རིགས་གསོལ་ཇ་མི་མཆོད་པ་རེད། ཡིན་ནའང་གྲྭ་ཚང་གི་གསོལ་ཇ་མཆོད་པ་རེད། ཁོང་གིས་གསུང་སྲོལ་ལ། འདི་ཇ་མ་རེད་བདུད་རྩི་རེད་ཅེས་གསུངས་པ་རེད། མདོར་ན་ཁོང་རྣམ་པས་གྲྭ་ས་ལ་ཆེ་མཐོང་དང་གདེང་འཇོག་དེ་ཙམ་བཞག་པ་རེད། ཅེས་གསུངས། ང་ཚོས་ཟ་ཚད་བཏུང་ཚད་ཐམས་ཅད་དཀོར་ཟས་དཀོར་ཆུ་ཟེར་བ་དེ་རེད། དད་པ་ཅན་ཚོས་ཕུལ་ཡོང་བ་རེད། གཤིན་པོའི་བསྔོ་རྟེན་དང་སྐྱབས་རྟེན་ཟེར་བ་དེ་ཚོ་རེད། དེ་ལས་སླ་པོ་ཡོད་མ་རེད།  འཇུ་ཐུབ་ལེ་མ་རེད། ཐུགས་བསམ་ཡག་པོ་བཞེས་དགོས། བསྔོ་བ་སྨོན་ལམ་རྣམ་པར་དག་པ་བྱ་དགོས། དབུ་མཛད་ཡིན་ན་ཡང་དབུ་མཛད་ཀྱི་འགན་ཁུར་དགོས། གྲྭ་སའི་ཕྱག་སྲོལ་མ་ཉམས་པ་བྱེད་དགོས། འདོན་པ་ལ་ཆད་ལྷག་སོང་བ་ཡིན་ན། ཉེས་པ་ཐམས་ཅད་དབུ་མཛད་ཀྱིས་འཁུར་དགོས། དུང་ཕྱེད་ལ་རྐང་དུང་། རྐང་ཕྱེད་ལ་སྦུབ། སྦུབ་ཕྱེད་ལ་རྔ། ཞེས་གསུངས་པ་རེད། དེ་བཞིན་རྒྱུན་ལས་རྣམས་ནས་སོ་སོའི་འགན་ཚུལ་བཞིན་ཁུར་དགོས། གཡོ་སྒྱུ་བྱེད་མི་ཉན། སྔར་གྲྭ་ས་ལ་ཡིན་ན། དགེ་སྐོས་ཟེར་བ་དེ་མེད། སྒྲིག་རང་ཁུར་སྡོམ་པ་རང་སྲུང་བྱ་དགོས།

་་་་་་་་་་་་་་་་་་སྤྱི་ཚོགས་ནང་ལ་འགྲོ་དུས་ཡིན་ནའང་། ཟ་སྟངས་འགྲོ་སྟངས་འདུག་སྟངས་མི་ལ་སྐད་ཆ་ཤོད་སྟངས་སོགས་ཤེས་དགོས། མ་གཞི་ནས་ཨ་མདོ་ཁམས་པས་ཞེ་ས་ཞུ་མི་ཤེས། ཚོགས་ཆེན་དགེ་སྐོས་ཡིན་ནའང་། གྲྭ་མང་ལ་ཚོགས་གཏམ་གཏོང་དུས། དང་པོ་ཚོགས་གྲལ་གྱི་དབུས་ནས་ཕྱག་གསུམ་འཚལ་ནས། གཟན་ཕབས་བྱས་ཏེ་ཚོགས་གཏམ་གཏོང་དགོས། མེ་རྒྱུན་དང་དུང་རྒྱུན་ཆད་མི་ཉན། ཁ་བཏགས་ཡིན་ན་ཁ་བཏགས་དཀར་པོའི་རིགས་ལ་ཐུགས་དགྱེས་ཚོར་ཆེན་པོ་མཛད། ཁྱེད་ཕེབས་དུས་གྲྭ་མང་ཐམས་ཅད་ལྷོད་ཤིག་གེ། ཁྱེད་ཕེབས་དུས་མཚན་ཉིད་པ་ཐམས་ཅད་ལྷོད་ཤིག་གེ  ཁྱེད་ཕེབས་དུས་མང་ཚོགས་རྣམས་ཀྱང་ལྷོད་ཤིག་གེར་འགྲོ་བ་ནི། རྒྱལ་བ་སྨན་རི་ཚང་གི་ཐུགས་རྗེ་བྱིན་རླབས་ཟེར་བ་དེ་ལོས་ཡིན་ནམ་སྙམས། གྱེར་དབྱངས་གར་འཆམ་དང་། འབུད་བརྡུང་དཀྲོལ་གསུམ། ཆོ་ག་ཕྱག་ལེན་སོགས་ལ་མཁས་པའི་མཆོག་ཏུ་གྱུར།

་་་་་་་་་་་་་་་་་་དགུང་གྲངས་མཐོན་པོ་མ་སོན་གྱི་བར་དམ་བཅའ་ལ་ཆག་མེད་ཕེབས་སྲོལ་ཡོད། བླ་བྲང་ནང་ལ་བཞུགས་དུས་ཞལ་འདོན་དང་ཉམས་ལེན་གཙོ་བོར་མཛད། བླ་མ་གྲྭ་བ་ཟེར་བ་དེ། འགྲོ་བ་སེམས་ཅན་ལ། ཕན་ཐོགས་མཁན་ཞིག་དགོས། གཞན་ཕན་བསྒྲུབ་དགོས། ཞབས་ཕྱི་ཞུ་དགོས། གཞན་ཕན་སྒྲུབ་པའི་དུས་ནི། འགྲོ་བ་སེམས་ཅན་ལ། ན་ཤི་དུར་གསུམ་བྱུང་བའི་ཉིན་མོ་དེ་ཡིན། དེ་དུས་ཕན་ཐོགས་དགོས། དེ་ནི་ང་ཚོ་བླ་མ་གྲྭ་བའི་ལས་འགན་ཡིན། གྲྭ་ས་ལ་བཞུགས་དུས། བདེ་ཆེན་རྒྱལ་པོ་འབུམ་གཅིག་ངེས་པར་དུ་བསག་དགོས། འགལ་རྐྱེན་བར་ཆད་མི་འབྱུང་བ་དང་། བསམ་པ་ཐམས་ཅད་ལྷུན་གྱིས་འགྲུབ་པའི་དགོས་པ་ཡོད། ཅེས་གསུངས། རབ་བྱུང་གི་སྡོམ་པ་འབོག་དུས། གྲྭ་ས་ལ་བཞུགས་ན། མདོ་གཡུང་དྲུང་ཀློང་རྒྱས་ཚར་ལྔ་བཅུ། ཕ་ཡུལ་ལ་ཕེབས་ན་ཚར་བརྒྱ་གསུང་དགོས། གོང་མ་རྣམས་ཀྱི་གསུང་རྒྱུན་ཡིན། ཞེས་གསུངས། འོན་ཀྱང་གཙོ་བོ་དགོན་པ་གྲྭ་ཚང་གི་སྒྲིག་ལམ་ཚུལ་བཞིན་ཁྱེར་ནས། བསླབ་པ་སློབ་གཉེར་མཐིལ་ཕྱིན་པ་ཞིག་གནང་དགོས་རྒྱུ་གལ་ཆེ་གསུངས། རྒྱ་གར་གྱི་ཧ་ལུ་བ་དང་ལ་དྲུ་ས་མོ་ས་བཅས་ལ་ཐུགས་མཉེས་པོ་ཡོད། ཁྱེད་བཞུགས་དུས་དགོན་པའི་ནང་ལ་དྲོད་གཅིག་ཡོད།  ཐམས་ཅད་ཀྱི་སེམས་ནང་འཛེམས་ཟོན་གཅིག་ཡོད།  ཨ་ཙི་རིན་པོ་ཆེ་ཡི་ཐུགས་དང་འགལ་མི་ཡོང་ན་བསམ་པ་ཞིག་ཡོད། ང་ཚོ་སེར་སྐྱ་མི་མང་སློབ་ཕྲུག་སུ་འདྲ་ཞིག་ཡིན་ནའང་། ཕྱི་ནས་ནང་དུ་འབྱོར་དུས། རྔན་པའམ་འབབ་ཀྱི་དང་པོ་ཁྱེད་ལ་འབུལ་དུ་འགྲོ། དང་པོ་ཉིད་ནས་རིན་པོ་ཆེ་ལ་རྔན་པ་ཞིག་ག་རེ་ཉོས་དགོས་ན་བསམ་པའི་སེམས་ཚོར་ཞིག་ངང་གིས་འཁོར། དེ་ནི་ཕ་མ་དང་བུ་ཕྲུག་གི་བར་གྱི་བརྩེ་སེམས་ཟེར་བ་དེ་ཡིན་པ་འདྲ། ཁྱེད་ཀྱི་གསེར་ཞལ་མཇལ་དུས་སེམས་པ་དགའ། ཁྱེད་ཐུགས་དགྱེས་ན་ང་ཚོ་ཤིན་ཏུ་དགའ། མཚམས་རེར་བཀའ་བཀྱོན་འདྲ་རགས་དུས་སེམས་པ་ཅུང་ཙམ་ཕམ་སྲིད་ནའང་། དད་པ་དང་དམ་ཚིག་ལ་སེལ་ནམ་ཡང་བཞུགས་མ་མྱོང་།

་་་་་་་་་་་་་་་་་་རྒྱལ་བ་མཉམ་མེད་ཆེན་པོས་ཀྱང་སྐུ་ཚེ་ཧྲིལ་པོའི་ནང་འདོད་ཆུང་ཆོག་ཤེས་དང་བྱ་བྲལ་ཉམས་ཆུང་གི་ཚུལ་བཟུང་ནས་བཞུགས་པ་ལས། གཞན་ལ་དགག་པ་དང་སྐྱོན་བརྗོད་ཟུར་ས་དམའ་འབེབ་ཀྱི་རིགས་སོགས་བྱེད་མྱོང་བའི་ལོ་རྒྱུས་ཡེ་ནས་མེད། དེ་བཞིན་རིན་པོ་ཆེ་མཆོག་ནས་ཀྱང་སྐུ་ཚེའི་ཧྲིལ་པོའི་ནང་འདོད་ཆུང་ཆོག་ཤེས་དང་དམན་ས་ཁོ་ན་བཟུང་སྟེ། ཆོས་ལུགས་ཐམས་ཅད་ལ་མཐུན་སྒྲིལ་དང་། ཐབས་ལ་མཁས་པའི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྐྱོང་བའི་ཐབས་ལ་འབད་པ་རྩལ་དུ་བཏོན་པ་ལས། སུ་དང་གང་ལ་ཡང་ཕྲག་དོག་དང་སྐྱོན་བརྗོད་ཟུར་ཟའི་རིགས་ཚིག་གཅིག་ཀྱང་གནང་མྱོང་མེད། དེ་བཞིན་ང་རང་ཚོ་ཡིན་ནའང་། གོང་མ་རྣམས་ཀྱི་མཛད་སྤྱོད་ཇི་བཞིན། སྤྱི་དོན་དང་སྒེར་དོན་གཉིས་ལས། སྤྱི་དོན་གཙོ་བོར་བཟུང་ནས། བདག་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེར་ཞབས་འདེགས་ཞུ་རྒྱུ་དང་། འགྲོ་བ་སེམས་ཅན་ལ་བདེ་སྐྱིད་བསྐྲུན་ཐབས་བྱ་རྒྱུ་ལས་གཞན་པའི་ལས་འགན་ཅི་ཡང་མེད་པས། དོན་མེད་ཆགས་སྡང་རྨོངས་གསུམ་དང་།དགོས་མེད་ཀྱི་རྩོད་པ་དང་རྩོད་སྤོངས་ཀྱི་ལས་ལ་མ་གཡེང་བར་བྱ་རྒྱུ་གལ་ཆེ་བར་མཐོང་ངོ་།

                                                  སློབ་བུ་ཉི་མིང་པས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *