གྲུབ་ཆེན་རིན་པོ་ཆེ་དྲན་པའི་གདུང་དབྱངས།

རྩོམ་ཡིག་འདི་ཐེངས། 195182 བཀླགས་འདུག

unnamed
 །
དུས་གསུམ་རྒྱལ་ཀུན་དགོངས་པའི་ཀློང་ཡངས་ཐུགས་རྗེའི་རང་རྩལ་ནུས་པའི་དཔལ།།
ལྔ་བདོའི་དུས་ཀྱི་མཐའ་མ་འདི་རུ་བསྟན་འགྲོའི་བདག་པོ་ཤར་བ་ཉིད།།
མཁས་གྲུབ་བྱེ་བའི་གཙུག་ན་མངོན་འཕགས་ནམ་མཁའ་རྒྱལ་མཚན་ཞེས་བྱ་བའི།།
ཕྱི་ནང་གསང་གསུམ་མཛད་པའི་མཚོ་ལས་ཆུ་ཐིགས་ཙམ་ཞིག་འདི་རུ་འབྲི།

ཐོག་མར་གཟུགས་སྐུ༵འི་ཙན་དན་དྲི་བསུང་སྟོད་ཀྱི་གངས་དཀར་འདབ་རོལ་འཐུལ།།
བར་དུ་གསུང༵་གི་ཆུ་རྒྱུན་རིང་མོ་ཕྱོགས་མེད་རྒྱལ་ཁམས་གང་ནས་བཞུར།།
མཐའ་མར་ཐུགས༵་དགོངས་གསེར་གྱི་རིལ་བུ་གནམ་མཐོང་ཟླ་བའི་རྩེ་ནས་བླངས།།
གསང་གསུམ་ཡོན༵་ཏ༵ན་རིན་ཆེན་གཏེར་མཆོག་བསྟན་འགྲོར་ཕུལ་བའི་འཕྲིན༵་ལས༵་རྨད།།
སྤྱིར་ན་ལྷུན་གྲུབ་འབྱོར་བའི་སྦྲང་ཆར་བཤད་སྒྲུབ་གནས་གཞིའི་པད་ཚལ་གསོས།།
སྒོས་སུ་བསྟན་པའི་རུ་དར་སྔོན་མོ་མཐོ་མཐོ་ནམ་མཁའི་དབྱིངས་ལ་ཕྱར།
ལྷག་ཏུ་ཕྱོགས་ཡོངས་བཙུན་མའི་སྡེ་རུ་གྱེར་བསྟན་སྲོག་གི་ཀ་རིང་བཙུགས།།
ཡོད་ཚད་བསྟན་འགྲོའི་སྒེག་མོའི་སྐྲ་ལ་སྦྱིན་པའི་རྒྱན་དུ་སྤེལ་བར་རྨད།།
འོལ་གླིང་ཡུལ་ནས་གཤེན་རབ་མི་བོས་བྱ་སྤྲེའུ་དཀའ་ཐུབ་ཚུལ་མཛད་དེ།།
རང་གིས་རང་བཅོམས་འདུལ་བྱ་འགྲོ་བ་བདེ་བར་དྲངས་པའི་ཚུལ་ཅི་ལྟར།།
མྱི་ཟས་སྤངས་པའི་དཀའ་བའི་འཁོར་ལོ་ཞེ་བཅད་དྲག་པོས་བསྐོར་བས་ན།།
གདུལ་དཀའི་སེམས་ཅན་རྒྱུད་ཀྱི་ཀོ་བ་ཁ་ནང་ལྕེ་བས་རླན་རླན་བྱས།།
གསང་སེམས་བླ་མེད་རྩེ་རུ་སོན་ཞིང་སྣང་བཞི་ཟད་སར་ཕྱིན་ན་ཡང་།།
མཚན་ཉིད་ཐེག་པའི་ཐར་ལམ་མ་བོར་ལུས་ངག་དགེ་བའི་ཐེམ་སྐས་འཛེགས།།
སྙན་གྲགས་འབྲུག་སྟོང་མཁའ་རུ་ལྡིར་ཞིང་འབྱོར་བ་ཕུན་སུམ་ཚོགས་ན་ཡང་།།
དེ་ལ་སྡང་བའི་དགྲ་རུ་སྣང་སྟེ་ཆོག་ཤེས་འཚོ་བའི་ལང་ཚོ་རྨད།།
གོས་དཀར་གངས་ཀྱིས་རབ་ཏུ་སྤྲས་ཤིང་སྙིང་རྗེ་གསེར་གྱི་ཕྲེང་བ་བསྣམས།།
བླ་མེད་ལྟ་བའི་གནམ་འཕང་རབ་བཅད་སྲ་བ་ས་ཡི་ཏིང་འཛིན་ཅན།།
གློ་བུར་འདི་ནས་བདེ་བའི་ཞིང་ལ་ཕྱི་མིག་མེད་པར་འབྲོས་པ་ནས།།
ཤུལ་ལུས་མུན་པའི་ཁང་ཁྱིམ་འདི་རུ་ཕྲུ་གུ་མང་པོར་སྡུག་མཚོ་འཁྱིལ།
གངས་རི་ཕྲེང་བས་མཐར་ནས་སྐོར་བའི་ཚངས་པའི་ཁ་དབུགས་འཕྱོ་ས་ནས།།
དྲན་པའི་མིག་ཆུས་མཁུར་ཚུས་བརླན་བཞིན་གྲུབ་ཆེན་དམ་པ་གླེང་བ་འདི།
བླ་མ་དམ་པའི་བཀའ་དྲིན་ཚུལ་མཚོན་རྗེས་དྲན་དད་པའི་རྡོ་རིང་དང་།།
ཤུལ་ལུས་སློབ་བུ་འཁོར་ཚོགས་བཅས་ལ་གདུང་བའི་སེམས་པ་མཉམ་སྐྱེད་ཡིན།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *