རྫོགས་པ་ཆེན་པོའི་རྒྱུད་སྡེ་ཆེན་པོ་བཞིའི་ནང་ཚན་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་མ་བུ་ཆ་ལག་བཅས་ཀྱི་བྱུང་ཚུལ་སྐོར་རོབ་ཙམ་བརྗོད་པ།

རྩོམ་ཡིག་འདི་ཐེངས། 322657 བཀླགས་འདུག

2008-Lopon_Tenzin_Namdak_600_350རྫོགས་པ་ཆེན་པོའི་རྒྱུད་སྡེ་ཆེན་པོ་བཞི་ལས་གཉིས་པ་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ནི། སྟེང་ལྷ་ཡུལ་དུ་བསྒྲགས་པ་དང་། བར་མི་ཡུལ་དུ་བསྒྲགས་པ། འོག་ཀླུ་ཡུལ་དུ་བསྒྲགས་པ་དང་གསུམ་མོ། དེ་རེ་རེ་ལ་རྒྱུད་ལུང་མན་ངག་གསུམ་གསུམ་རེ་ཡོད་པས། སྟེང་ལྷ་ཡུལ་དུ་བསྒྲགས་པའི་སྐོར་ལ། རྒྱུད་ནི། རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་དང་། བྱང་ཆུབ་སེམས་ཀྱི་ཐིགས་པ་ཉི་ཤུ་རྩ་གཉིས་པ། རྒྱུད་བུ་ཆུང་བཅུ་གཉིས་བཅས་སོ། ལུང་ནི། རྫོགས་པ་ཆེན་པོ་ལུང་དྲུག། མན་ངག་ནི། མན་ངག་ལེའུ་བརྒྱད་པ། སྟོན་པ་ཡེ་གཤེན་གཙུག་ཕུད་ཀྱི་སྟོང་ཐུན་། ལུང་ཉི་མ་དགུ་སྐོར། ལྟ་བ་ལ་ཤན་སྒྲོན་མ། བར་མི་ཡུལ་དུ་བསྒྲགས་པའི་སྐོར་ལ། རྒྱུད་ནི་དྲུག་སྟེ། གཡུང་དྲུང་གསང་བ་དབང་གི་རྒྱུད། བ་ག་མངོན་རྫོགས་ཀྱི་རྒྱུད། ཕུན་སུམ་ཚོགས་པའི་རྒྱུད། གོལ་སྒྲིབ་རྣམ་པར་ཕྱེ་བའི་རྒྱུད། ཐམས་ཅད་མ་ལུས་རྫོགས་པའི་རྒྱུད། རྩ་བ་གཅིག་ལ་རྣམ་པར་བགྲང་བའི་རྒྱུད་བཅས་སོ། ལུང་ནི། རྫོགས་ཆེན་སེམས་དོན་སྡེ་བཅུ།  མན་ངག་ནི། ཐུགས་ཀྱི་བརྣགས་པ་སྐོར་གསུམ། འོག་ཀླུ་ཡུལ་དུ་བསྒྲགས་པའི་སྐོར་ལ། རྒྱུད་ནི། རྫོགས་པ་ཆེན་པོའི་ཐུགས་རྒྱུད་སྨར་བྱང་རྣམ་གསུམ། ལུང་ནི། ལྟ་བ་སེང་གེ་སྒྲ་བསྒྲགས། མན་ངག་ནི། མན་ངག་འཁོར་བ་དོང་སྤྲུག མན་ངག་ལུང་གི་ཚད་མ། དེ་ལྟར་རྒྱུད་ལུང་མན་ངག་གསུམ་གསུམ་སྟེ་དགུ་པོ་དེ་དག་ནི། སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཚེ་ལོ་བརྒྱ་པའི་མགོན་པོ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཆེའི་བཀའ་ཡིན། དེ་ཡང་བོན་སྐུའི་ཐུགས་ཉིད་རྣམ་པར་དག་པ་དེ། རྫོགས་སྐུ་གཤེན་ལྷ་འོད་དཀར་གྱི་ཐུགས་ལ་ཤར། རྫོགས་སྐུས་ཏིང་ངེ་འཛིན་དགོངས་པའི་ངང་ནས་སྤྲུལ་སྐུ་སྟོན་པ་གཤེན་རབ་མི་བོ་ལ་བརྒྱུད། སྟོན་པ་འདིའི་མཚན་གྱི་རྣམ་གྲངས་ནི། སྟོན་པ་འཆི་མེད་གཙུག་ཕུད་དང་། སྟོན་པ་ཡེ་གཤེན་གཙུག་ཕུད་ཅེས་སོགས་མང་དུ་སྣང་། འདིར་བཀོད་པའི་བསྒྲགས་གསུམ་བཀའ་སྐོར་དེ་ཀུན་མཁྱེན་ཉི་མའི་བཀའ་བརྟེན་འགྱུར་དཀར་ཆག་དང་། དབྲ་སྟོན་སུ་ལའི་བཀའ་འགྱུར་དཀར་ཆག་གཉིས་ཏོག་ཙམ་མི་འདྲ་ནའང་གཙོ་བོ་དེ་གཞིར་བཟུང་ནས་བླ་མའི་ཞལ་ཁྲིད་ཀྱིས་བརྒྱན་ཏེ་བཀོད་པའོ།

་་་་་་་་་་་་་བསྒྲགས་པ་སྐོར་གསུམ་བྱུང་བའི་རྒྱུ་མཚན་ནི། སུམ་ཅུ་རྩ་གསུམ་གྱི་ལྷ་གནས། གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་སྟོན་པ་འཆི་མེད་གཙུག་ཕུད་ཉིད་བཞུགས་ནས། ཚིག་དང་ངག་ཏུ་ཕྱུང་ནས་གསུམ་དུ་ཕྱེས་ཏེ། ལྷ་ཀླུ་མི་ཡི་གཤེན་གསུམ་ལ་བསྟན། ལྷ་གཤེན་ཡོངས་སུ་དག་པས་རྒྱས་པ་ལུང་དྲུག་གཏན་ལ་ཕབས་ནས། རིན་པོ་ཆེའི་བྱང་བུ་ལ་རིན་པོ་ཆེའི་ཡི་གེ་བྲིས་ནས། སྟེང་ལྷ་ཡུལ་དུ་བསྒྲགས་ཤིང་དར་བར་མཛད་དོ། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས། འབྲིང་པོ་སེམས་དོན་སྡེ་བཅུ་གཏན་ལ་ཕབས་ནས། ཤོག་གུ་དཀར་པོ་ལ་སྣག་ཚ་ནག་པོས་བྲིས་ནས། བར་མི་ཡུལ་དུ་དར་ཞིང་རྒྱས་པར་མཛད་དོ། ཀླུ་གྲུབ་ཡེ་ཤེས་སྙིང་པོས་མན་ངག་ཉུང་ལ་འདུས་པ་སེང་གེ་སྒྲ་བསྒྲགས་དང༌། འཁོར་བ་དོང་སྤྲུག་གཉིས་གཏན་ལ་ཕབས་ནས། དུང་ཤོག་དཀར་ལ་གཡུའི་ཡི་གེ་བྲིས་ནས། འོག་ཀླུ་ཡུལ་དུ་དར་ཞིང་རྒྱས་པར་མཛད་དོ། སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་རིན་པོ་ཆེས་ང་ཚོ་ལ་དཔེ་ཁྲིད་གནང་སྐབས་རིན་པོ་ཆེ་ལ་ཕྱག་དཔེ་བྲིས་མ་རྙིང་པ་དབུ་ཤོག་རྣམས་གསེར་བྲིས་བྱས་པའི་བསྒྲགས་གསུམ་པོད་ཚན་ཆེན་པོ་གཉིས་ཡོད་པ་ཞིག་འདུག། རིན་པོ་ཆེས་དེ་ང་ཚོའི་འཛིན་གྲྭ་ལ་ཞལ་ཁྲིད་རྒྱས་པ་ཚར་གཅིག་དང་། ལི་ཤུའི་དྲང་ངེས་གཉིས་དང་ཞལ་ཤེས་གསུང་སྒྲོན་སྦྲག་མ་ཞལ་ཁྲིད་དང་དེ་འཕྲོ་ལུང་གསུང་སོང་། ༼གཞུང་ཁྲིད་ཆ་ཚང་ཚར་ཉིན་སྒྲུབ་ཁང་ནང་ནས་གཏོར་མ་སྨན་རཀ་གདན་འདྲེན་ཞུས་ནས་མཆོད་རྫས་རྣམས་རིན་པོ་ཆེའི་མདུན་ཅོག་ཐོག་ཏུ་བཤམས་ནས་རྫོགས་ཆེན་བཀའ་སྲུང་བྱ་ར་མ་གསུམ་རྗེས་གནང་མཛད་སོང་། དེ་ཡང་རིན་པོ་ཆེས་ཕྱག་སིལ་བཀྲོལ་ནས་མ་གསུམ་བསྐུལ་པ་ཚར་གཅིག་གསུངས། སྒྲུབ་ཁང་ལྷ་མཆོད་ཡེ་ཤེས་འོད་ཟེར་མཆོག་ནས་སྨན་རཀ་ཕུད་ཅོག་འགའ་ཤས་ཕྱི་ལ་མཆོད་སོང་། དེ་ནས་རིན་པོ་ཆེས་གཤང་ཟུར་བཀྲོལ་མཛད་བཞིན་རྗེ་རིན་པོ་ཆེས་མཛད་པའི་ལྷ་དང་སྲུང་མ་འཁོར་བའི་སྨོན་ལམ་ཚར་གཅིག་གསུངས། དེ་ནས་སློབ་མ་རྣམས་ཀྱིས་སྨན་རཀ་གཏོར་མ་ལ་ལག་པས་འཆང་ཙམ་རེ་བྱེད་བཞིན་རིན་པོ་ཆེ་ནས་སློབ་མ་རྣམས་ཀྱིས་བྱ་ར་མ་གསུམ་ལ་མཆོད་བསྟོད་རྒྱུན་དུ་དགོས་པར་བཀའ་སློབ་ནན་པོར་གནང་སོང་། འདིར་གསལ་བཤད་དགོས་པ་ཞིག་ལ་རྩོམ་འདི་ཐོག་མར་བྲིས་དུས་འདི་བརྗེད་ནས་འབྲི་རྒྱུ་ལུས་འདུག རྗེས་སུ་དྲན་སོས་པས་རིན་པོ་ཆེའི་ཕྱག་ལེན་སྲུང་མ་རྗེས་གནང་བྱེད་སྟངས་འདི་བླ་མ་གོང་མ་ནས་མར་བརྒྱུད་ཡོང་བའི་ཐུན་མིན་གྱི་ཕྱག་སྲོལ་ཞིག་ཡིན་པས་མ་འོངས་པར་རྗེས་འཇུག་རྣམས་ལ་ཕན་ཐོག་ཡོང་སྙམ་ནས་མཆན་གྱི་ཚུལ་དུ་བྲིས་པ་ཡིན།༽ གཞུང་ཆེན་འདི་དག་དཔེ་ཁྲིད་གནང་རིང་སློབ་མ་རྣམ་པས་སྐབས་སྐབས་སུ་ལི་ཤུའི་ཕྱི་སྒྲུབ་དང་ནང་སྒྲུབ་ཐུགས་སྒྲུབ་གསང་སྒྲུབ་དང་། ཞི་བ་ཀུན་བཟང་དོན་འཕྲིན་ཁྲོ་བོ་མཆོག་ལྔ་བཅས་སྦྲག་མ་ཚོགས་འཁོར་འབུལ་དགོས་པ་དང་། ཁྲིད་ལུང་ཆ་ཚང་གྲུབ་མཚམས་སུ་གཏང་རག་ཚོགས་འཁོར་རྒྱས་འབུལ་དང་། སྙ་ཆེན་བླ་མའི་དབང་ཁྲིད་དང་། ཡང་རྩེ་ཀློང་ཆེན་གྱི་དབང་བཞི། རྒྱལ་ཐེབས་སྤྱི་བླུགས་ཀྱི་དབང་བཅས་ཞུ་དགོས་པ་ནི། བླ་མ་གོང་མ་ནས་བརྒྱུད་པའི་ཕྱག་ལེན་ཡིན་པར་སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་རིན་པོ་ཆེའི་ཞལ་རྒྱུན་ནོ། ཁོ་བོས་ཀྱང་འདིའི་དབང་བཞི་ཆ་ཚང་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། སྐྱབས་རྗེ་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་རྣམ་པ་གཉིས་ཀའི་ཞལ་སྔ་ནས་ཞུ་བའི་སྐལ་པ་ཐོབ་སོང་བས་སྐྱབས་རྗེ་རྩ་བའི་བླ་མ་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ཤེས་བྱ་ཐམས་ཅད་མཆོད་པའི་མཎྜལ་དུ་དམིགས་ནས་འབུལ་ལོ། རིན་པོ་ཆེའི་ཕྱག་དཔེ་བསྒྲགས་གསུམ་དེའི་ནང་དུ་བཀའ་འགྱུར་དཀར་ཆག་ནང་ལ་མ་འཁོད་པའི་ལེའུ་ཕྲན་དུ་མ་ཡོད་པ་དེ་དག་ནི། ཀུན་མཁྱེན་ཉི་མས། དེ་གསུམ་གྱི་འགྲེལ་དང་ཆ་ལག་ཆ་རྐྱེན་གཞན་རྣམས་ནི་ལི་ཤུ་སོགས་ཀྱིས་མཛད་པའི་བཀའ་བརྟེན་དུ་མངོན་ནོ། ཞེས་གསུང་འདུག་པས་དེ་དག་མིན་ནམ་སྙམ། འོན་ཀྱང་དེའི་ནང་འགའ་ཤས་བཀའ་དང་བཀའ་བརྟེན་གང་ཡིན་བརྟག་པར་དཀའ་བའི་གནས་ཀྱང་དུ་མ་འདུག་པས་བསྟན་པ་ལ་ཤ་ཞེན་ཆེ་བའི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ། དེའི་ནང་རྫོགས་ཆེན་ལུང་དྲུག་འགྲེལ་བ་དེ་མཁའ་འགྲོ་ཅོ་ཟ་བོན་མོས་མཛད་པར་བླ་མའི་ཞལ་ཁྲིད་དང་། མན་ངག་ལུང་གི་ཚད་མའི་འགྲེལ་དེ་མཁས་པ་མི་བཞིས་ཐུགས་གྲོས་གནང་ནས་མཛད་པ་དེའི་མཇུག་ཏུ་གསལ། ད་དུང་བསྒྲགས་གསུམ་གྱི་དགོངས་འགྲེལ་བླ་མ་ལི་ཤུ་སྟག་རིང་གིས་མཛད་པའི་རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་ཞེས་པའི་པོད་ཚན་ཆེན་པོ་གཉིས་ཡོད། དེའི་ནང་གཙོ་བོ་ནི། ཡང་རྩེའི་དྲང་དོན་དང་ངེས་དོན་གཉིས་ཡིན། དེ་གཉིས་ནི་འོག་ཀླུ་ཡུལ་དུ་བསྒྲགས་པའི་རྒྱུད་སྨར་བྱང་གི་འགྲེལ་བ་ཡིན་པ་དེ་གཉིས་ཕན་ཚུན་གོ་བསྡུར་བྱས་ན་ཤེས་ནུས་སོ། ཡང་རྩེ་ཀློང་ཆེན་གྱི་འགྲེལ་བ་གཞན་ནི། ཡང་རྩེ་ཀློང་ཆེན་གྱི་འགྲེལ་པ་ཉི་ཟེར་སྒྲོན་མ་ཞེས་པ་ཡང་རྩེའི་ལོ་རྒྱུས་སྐོར་རྒྱས་བཤད་བྱས་པ་ཞིག་ཡོད། དེའི་མཛད་པ་པོ་སྟག་ཚ་བླ་མ་རྒྱལ་མཚན་ཡིན་པར་འགྲེལ་དེ་ཉིད་ལས་གསལ་པོར་བཀོད་ཡོད་དེ། དེའི་བརྒྱུད་རིམ་གྱི་ལོ་རྒྱུས་བཤད་སྐབས་སུ། དེས་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་ལ་བརྒྱུད། བླ་མ་དེའི་དྲུང་དུ་སྟག་ཚ་བླ་མ་རྒྱལ་མཚན་བདག་གིས་ཞུས་སོ། ཞེས་སོ། ད་དུང་ཡང་རྩེ་ཀློང་ཆེན་གྱི་དྲང་དོན་འབྱེད་པའི་ལྡེ་མིག་དང་། ཡང་རྩེ་ཀློང་ཆེན་གྱི་ངེས་དོན་འབྱེད་པའི་ལྡེ་མིག་ཅེས་པ་གཉིས་ཡོད། དེ་གཉིས་ཀྱི་མཛད་པ་པོ་སུ་ཡིན་པ་ལེགས་པར་མ་བརྟགས་ན་ཧ་ཅང་གསལ་པོ་དེ་འདྲ་མེད། འོན་ཀྱང་དྲང་དོན་འབྱེད་པའི་ལྡེ་མིག་གི་འཇུག་བྱང་དུ་ཞང་ཡིག་དེ་ལ་ལེགས་པར་དཔྱད་ན་ལ་རམ་ཅི་པར་ཝེར་ཞི་དང་། ངེས་དོན་འབྱེད་པའི་ལྡེ་མིག་གི་མཇུག་བྱང་དུ་ཅི་པར་ཝེར་ཞི་ཞེས་པ་གསལ། ལ་རམ་ནི་ཞང་སྐད་དུ་སྟག་ལ་འཇུག་ཅིང་ཅི་པར་བླ་མ་དང་ཝེར་ཞི་རྒྱལ་མཚན་ཡིན་པས། དེ་ལྟར་ན་དྲང་ངེས་དེ་གཉིས་ཀྱི་མཛད་པ་པོ་ཡང་སྟག་ཚ་བླ་མ་རྒྱལ་མཚན་ཡིན། ད་དུང་ཡང་རྩེའི་འགྲེལ་བ་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པའི་ངེས་དོན་གྱི་འགྲེལ་བ་ལེགས་བཤད་ནམ་མཁའི་རྒྱན་འགྲེལ་ཞེས་པ་ཞིག་ཡོད། དེ་ལྟར་སྟག་ཚ་དང་སྐྱབས་སྟོན་གྱི་མཛད་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་དོལ་པོའི་དཔེ་རྙིང་མ་དཔེ་བྱས་ནས་འཕྲུལ་དཔར་བྱས་པ་ཞིག་ཡོངས་འཛིན་རིན་པོ་ཆེ་ནས་༡༩༩༥ལོར་སྒྲུབ་གྲྭ་བ་ལ་ཞལ་ཁྲིད་རྒྱས་གནང་མཛད་སོང་། སྐབས་དེར་ཁོ་བོར་ཡང་གདམས་ངག་དེ་དག་ཉན་པའི་གོ་སྐབས་ཐོབ་པས་དགའ་བ་ཚད་མེད་བརྟས། ད་དུང་རང་གྲོལ་བླ་མ་རྒྱལ་མཚན་གྱི་མཛད་པའི་ཡང་རྩེའི་འགྲེལ་བ་ཞིག་ཡོད་པར་ཐོས་ཀྱང་ཁོ་བོའི་མཇལ་མྱོང་མེད། ཀུན་མཁྱེན་ཉི་མའི་རྣམ་ཐར་ནང་དུ་ལྟ་བ་སེང་གེ་སྒྲ་བསྒྲགས་ཀྱི་འགྲེལ་བ་ཞིག་ཡོད་པར་གསུངས་འདུག དེ་ནི་སོག་སྡེ་སྤྲུལ་སྐུས་དཔར་བསྐྲུན་གནང་བའི་བརྟེན་འགྱུར་ནང་དུ་སེང་གེ་སྒྲ་བསྒྲགས་ཀྱི་འགྲེལ་བ་ཞིག་འདུག་དེ་མིན་ནམ་སྙམ། མཛད་བྱང་མ་གསལ་ཡང་ཅོ་ཟ་དང་ལི་ཤུ་གང་རུང་ཡིན་པར་སེམས་སོ། ད་དུང་བླ་མ་སྙ་ཆེན་པོ་ལི་ཤུ་སྟག་རིང་གིས་མཛད་པའི་བསྒྲགས་པ་སྐོར་གསུམ་གྱི་ཕྱི་ལྟ་བ་སྤྱི་གཅོད་ཡིན་པར་གསུང་པའི་གཏན་ཚིགས་གལ་མདོ་རིག་པའི་ཚད་མ་ཞེས་པ་ནམ་རྒྱུན་ཡོངས་གྲགས་ཀྱི་མཚན་དུ་རྫོགས་ཆེན་ཚད་མ་གལ་མདོ་འབོད་པ་དེ་ཡིན། དེ་ནི་འགོ་ནས་མཇུག་བར་རྫོགས་པ་ཆེན་པོའི་ལྟ་སྒོམ་སོགས་གཏན་ཚིགས་རིག་པའི་ལམ་ནས་ཁ་ཅིག་དགག རང་ལུགས་བཞག མི་མཐུན་པའི་རྩོད་པ་སྤངས་པའི་གཞུང་ལུགས་ཧ་ཅང་གལ་ཆེན་ཞིག་ཡིན། སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་རིན་པོ་ཆེས་སྤྱི་ལོ་དགུ་བཅུ་གོ་ལྔ་དྲུག་གི་སྐབས་སུ་ང་ཚོའི་འཛིན་གྲྭ་དང་དགེ་བཤེས་མང་བ་ཞིག་ལྷན་དུ་ཟླ་བ་གསུམ་ཙམ་རིང་ཚད་མ་གལ་མདོའི་ཚིག་འབྲུ་རེ་ལ་ཡང་ལུང་དང་རིགས་པའི་སྒོ་ནས་ཡོངས་འཛིན་ཐུ་བོ་སངས་རྒྱས་བསྟན་འཛིན་གྱི་ཞལ་རྒྱུན་དང་། རིན་པོ་ཆེ་མཆོག་གི་རྣམ་འཔྱོད་དང་ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཟུང་འབྲེལ་གྱི་སྒོ་ནས་འགྲེལ་བཤད་ཞིབ་ཕྲ་བསྐྱོན་གནང་སོང། དེ་ལ་བརྟེན་ནས་བློ་དམན་བདག་ལའང་རྫོགས་པ་ཆེན་པོའི་ལྟ་སྒོམ་དང་ལྷག་པར་སྔགས་རྫོགས་ཀྱི་ལྟ་བའི་ཁྱད་པར་སོགས་ལ་མིག་ཕྱེས་པ་བཞིན་དུ་གོ་རྟོགས་གསར་པ་མང་པོ་ཐོབ་པ་དང་། སྔགས་རྫོགས་ཀྱི་ལྟ་བའི་རྨང་གཞིའང་རྒྱུད་ལ་བཏིང་ཐུབ་པ་བྱུང་བས་ས་སྒོང་ཆེན་པོ་འདིའི་རྡུལ་ཕྲན་གྲངས་ལས་ཀྱང་མང་བའི་བསོད་ནམས་ལྷག་པ་ཞིག་ཐོབ་པས་རིན་པོ་ཆེ་ལ་བཀའ་དྲིན་ཆེ་སྙམ་པ་ཡང་ཡང་འབྱུང་གིན་ཡོད། དེའི་གཏང་རག་གི་ཚུལ་དུ་ཁོ་བོས་རྫོགས་ཆེན་ཚད་མ་གལ་མདོའི་ནང་གི་ལུང་འདྲེན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་གཏན་ཚིགས་གལ་མདོ་རིག་པའི་ཚད་མ་ལས་ལུང་གི་ལྡེ་མིག་ཅེས་པ་ཞིག་བསྒྲིགས་ནས་རྒྱུན་དུ་ཁ་འདོན་བྱེད་བཞིན་ཡོད།

་་་་་་་་་་་དེ་ལྟར་རྫོགས་ཆེན་གྱི་གཞུང་ཚོགས་ཆེན་པོ་དེ་དག་གི་ལོ་རྒྱུས་ནི། བོན་སྐུ་ཀུན་ཏུ་བཟང་པོས་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་བརྒྱུད། གཤེན་ལྷས་སྤྲུལ་སྐུ་སྟོན་པ་གཤེན་རབ་མི་བོ་ལ་བརྒྱུད། གཤེན་རབ་ཀྱིས་ཡོངས་སུ་དག་པ་ལ་གསུངས། དེས་རྒྱལ་གཤེན་མི་ལུས་བསམ་ལེགས་ལ་བརྒྱུད། དེས་ཀླུ་གྲུབ་ཡེ་ཤེས་སྙིང་པོ། དེས་འོད་ཟེར་དཔག་མེད། དེས་མུན་པ་ཀུན་གསལ། དེས་འཕྲུལ་གཤེན་སྣང་ལྡན། དེས་གསང་བ་འདུས་པ། བླ་མ་འདི་གཉིས་ནི་དགོངས་རྒྱུད་དགུའི་ནང་ཚན་འཕྲུལ་གཤེན་དང་གསང་འདུས་གཉིས་མིན་པར་ཤེས་དགོས། འདི་འདྲ་མཚན་གཅིག་པའི་བླ་མ་སྔ་ཕྱི་རྣམས་ནོར་བ་སོང་བ་ལོ་རྒྱུས་རྣམས་སུ་མང་དུ་མཐོང་རྒྱུ་ཡོད་པས་དུས་རབས་ལ་གཞིགས་ནས་དཔྱད་པ་བྱེད་རྒྱུ་གལ་གནད་ཆེ། གསང་བ་འདུས་པས་མཁས་པ་མི་བཞི་ལ་བརྒྱུད་དེ་སྟོང་རྒྱུང་མཐུ་ཆེན་དང་། ཤ་རི་དབུ་ཆེན། ལྕེ་ཚ་མཁར་བུ། གྱིམ་ཚ་རྨ་ཆུང་། དེས་མཁས་པ་ཉི་ཤུ་ལ་བརྒྱུད། མཁས་པ་ཉི་ཤུ་ནི། སྟག་སྒྲ་དོས་འཛུགས། བྷེ་བོན་ཤོད་ཁྲམ། གུ་རིབ་བཙན་དོར། ཕུ་ལུ་གྲུ་འཛིན། གྱིམ་ཏང་རྨ་བོ། སུམ་པ་མུ་ཕྱ། ཧས་པོ་དུག་འདུལ། དོད་དེ་རྒྱལ་བ། སྟག་སྒྲ་གྱིམ་ཤག། ལྗང་ཚ་འཕེན་སྣང་། མ་གཉན་བཞི་བཙན། ཕྱིས་པོ་མོན་པ། ལྷ་གཉེར་བཞི་བཙན། སྐུ་གཤེན་རྨ་བོན། སློབ་དཔོན་གསས་ཆེན། ལི་ཤུ་སྟག་རིང་། དྲན་པ་ནམ་མཁའ། ཁྲི་ཟུངས་སྟོང་ལོད། ཁྲི་སྟོང་རྒྱལ་པོ། མཁའ་འགྲོ་ཅོ་ཟ་བོན་མོ་བཅས་ལ་རིམ་དང་སྤུངས་མར་ཅི་རིགས་སུ་བརྒྱུད་ནས་ཞང་བོད་གཉིས་ཀའི་ལྗོངས་སུ་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་ལྟར་གྱུར་ཡོད།  དུས་རབས་བརྒྱད་པའི་ནང་དུ་ཁྲི་སྲོང་ལྡེའུ་བཙན་གྱིས་གཡུང་དྲུང་བོན་བསྣུབས་སྐབས་སུ་སྙ་ཆེན་པོ་ལི་ཤུ་སྟག་རིང་དང་མཁའ་འགྲོ་ཅོ་ཟ་བོན་མོ་གཉིས་ཀྱིས་གཞུང་ཚོགས་འདི་དག་ལྷོ་བྲག་ཁོམ་མཐིང་གི་ལྷ་ཁང་ནང་གཏེར་དུ་སྦས་ནས་གཏེར་བདག་བྱ་ར་མ་གསུམ་ལ་བཅོལ། རྗེས་སུ་སྤྱི་ལོ་༡༠༨༨ལོར་ལྷ་རྗེ་གཞོད་སྟོན་དངོས་གྲུབ་གྲགས་པས་གཏེར་ཞལ་ཕྱེས། དེའི་ཚུལ་ནི། མཁའ་འགྲོ་མ་བྱ་ར་མ་གསུམ་གྱིས་ལྷ་རྗེ་གཞོད་སྟོན་ལ་བོན་གཏེར་འདོན་དགོས་པའི་ལུང་བསྟན་བྱས་པ་ལ་བརྟེན་ནས་ཁོང་ལྷོ་བྲག་ཁོམ་འཐིང་ལྷ་ཁང་ལ་ཕེབས། དཀོར་གཉེར་གཏམ་ཤུལ་གྱི་བཙུན་པ་ཞིག་ཡོད་པས་བཀོར་གཉེར་རྩད་བཅད་པས་ཆོད།། དེ་ས་ཆ་ཁུག་ཀྱོག་ཅིག་ཏུ་བོས་ནས་ལྷ་ཁང་ནས་གཏེར་ཞིག་འདོན་དགོས་པས་ལྡེ་མིག་གནང་དང་ཁྱེད་ལ་བརྔན་པ་སྦྱིན་བྱས་པས། དཀོར་གཉེར་ན་རེ། གཏམ་ཤུལ་དུ་བྱོན་དང་གྲོས་བྱ་ཟེར། དེར་ཕེབས་ནས་བཀོར་གཉེར་ལ་རྟ་བཟང་པོ་ཞིག་བྱིན་ནས་ལྡེ་མིག་སྟེར་བར་བྱས། འབྲུག་ལོ་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་བཞི་ཉིན་ལྷུ་བོན་སྤྱི་ཚབ་ཟེར་བའི་མི་ཞིག་ཞབས་ཕྱི་རུ་ཁྲིད་ནས་དེར་བྱོན། བཀོར་གཉེར་གྱིས་ལྡེ་མིག་སྟེར་ནས་དགོང་མོ་མུན་རུབ་ཙམ་ནས་ལྷ་ཁང་གི་སྒོ་ཕྱེས་ནས་ནང་ལ་འཛུལ། རྣམ་པར་སྣང་མཛད་ཀྱི་སྐུ་བརྙན་གྱི་རྒྱབ་ལོག་ཏུ་ཀེ་ཚང་སྒོ་ཆུང་ཅན་མང་པོ་ཡོད་པའི་ནང་ནས་གཅིག་སྒོ་ཕྱེས་པས་ཤོག་དྲིལ་ཞིག་བྱུང་། དེ་ཁྱེར་ནས་ཕྱིར་ཕེབས་ནས་རི་ཟུར་བྲག་འགོ་ཞིག་ལ་ཤོག་དྲིལ་གཟིགས་རྟོགས་མཛད་པས་ཐམས་ཅད་ཆོས་དཔེ་ཕ་རོལ་ཕྱིན་བཅུའི་སྐོར་ཞིག་མ་གཏོགས་བོན་དཔེ་མེད། ལྷ་རྗེས་མཁའ་འགྲོ་མས་བོན་གྱི་ལུང་བསྟན་པ་ཡིན་པས་ད་རུང་བསྐྱར་ནས་བལྟ་དགོས་གསུངས་ནས་ཆོས་དཔེ་རྣམས་བྲག་འོག་ཏུ་ཆུས་མི་འཇིག་པར་བྱས་ནས་སྦས། ཡང་བསྐྱར་ཚེས་བཅོ་ལྔ་ཉིན་གཡོག་པོ་སྔོན་ལ་བཏང་ནས་བཀོར་གཉེར་ནས་ལྡེ་མིག་བླངས། དཀོར་གཉེར་ན་རེ། ཉིན་མོ་མ་སྡོད་འགྲོ་དགོས།  བཙུན་པ་ཀུན་གྱིས་ཚོར་ན། ཁྱེད་རང་བསད་དེ་འགྲོ། ང་ཡང་བསད་དེ་འགྲོ་བས་སོང་ཟེར། དེ་ནས་ཁོང་དཔོན་གཡོག་གཉིས་ཀྱིས་མར་མེ་ཞིག་ཁྱེར་ནས་མུན་རུབ་པ་དང་ལྷ་ཁང་དུ་འཛུལ། མཛོད་སྒོ་བཅོ་ལྔ་ཡོད་པའི་གོང་མ་གསུམ་གྱི་དབུ་མའི་སྒོ་ཕྱེས་པས་ཤོག་དྲིལ་མང་དུ་རྙེད། གཟིགས་པས་ཐམས་ཅད་བོན་དཔེར་འདུག་པས་ཤིན་ཏུ་དགྱེས་ནས་ཁ་བྱང་ཀློག་གིན་བསྡད་པས་ནམ་ལང་པ་མ་ཚོར། ལྷ་རྗེས་ད་ཇི་ལྟར་བྱེད་གསུངས་པས། གཡོག་པོ་ན་རེ་། ང་ལ་ཐབས་ཡོད་ཀྱིས་ཟེར་ནས། སྣང་མཛད་ལ་འཛེགས་ནས། སྐེ་རགས་ལ་ཐག་པ་བྱས་ནས། ལྷ་རྗེ་སྤྱན་དྲངས་ནས་དཀོར་མཛོད་ཀྱི་སྟེང་དུ་བཞུགས་སུ་བཅུག གཡོག་པོ་སྒོ་རྒྱབ་ཏུ་བསྡད་དོ། ཉིན་གང་བླ་མ་དཔོན་གཡོག་གཉིས་དེ་འདྲ་བྱས་ནས་བཞུགས། དེའི་ཉིན་མོ་ལྷ་ཁང་མཇལ་མཁན་མི་གསུམ་བཞི་བྱུང་། དགོང་མོ་མུན་རུབ་ནས་གཏེར་ཤོག་རྣམས་ཁྱེར་ནས་ཕྱིར་ལ་ཐོན། ད་དུང་དེར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བེར་དང༌། སིང་ལྡིང་གི་སྒ། གསེར་གྱི་ཡོབ་ཆེན་ལ་འཕྲ་མེན་གྱིས་འཕྲ་བཏབ་པ། གསེར་སྲབ་གཡུ་ཐུར། ཕྱག་ལྕགས། རྔུལ་གྱི་ཆག་སྒྲོག མེ་ཤེལ་ལ་སོགས་བཀོར་ནོར་མང་པོ་འདུག་སྐད། ལྷ་རྗེས་མཁའ་འགྲོ་མས་བོན་གཏེར་མ་གཏོགས་ནོར་མ་གནང་བས་འཁྱེར་མི་ཉན་གསུངས། ཡང་རྩེ་ཀློང་ཆེན་གྱི་འགྲེལ་བ་ཉི་ཟེར་སྒྲོན་མ་ལས། དེར་ཡུལ་དུ་ཕེབས་པ་དང༌། སྐུ་མཚམས་མཛད་ནས་གཟིགས་རྟོགས་མཛད་པས། ཕལ་ཆེས་མཁྱེན་པར་གདའ། ཐུགས་གསང་སྟོན་པའི་འཁོར་ལོ་མ་མཁྱེན་ནས། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ། མཁའ་འགྲོ་མ་ལ་གསོལ་བ་གདབ་པས། མཁའ་འགྲོ་མ་མཆེད་གསུམ་དངོས་སུ་བྱོན་ནས་གསུང་བསྒྲགས། སྲོད་ལ་ནག་མོ་སྲིད་རྒྱལ་གྱིས། འཁོར་ལོའི་གནད་བྱང་སྔགས་ཀྱི་རྩ་ཚིག་བཀྲོལ། གུང་ལ་སྨུག་མོས་འོད་གསལ་བཞི་སྦྱོར་དང༌། འཕོ་བའི་གནད་ཡིག་འདུག་སྟངས་གསུངས༌། ཐོ་རང་དཀར་མོས་ཉམས་གསུམ་དྲོད་བཞི་རྟགས་དྲུག་རྩ་རླུང་གནད་རྣམས་དང༌། ལག་ལེན་དམར་ཁྲིད་བྱས་ཏེ་སྙན་དུ་བརྒྱུད། ལྷ་རྗེས་རང་གི་མ་མཁྱེན་པ་ཐམས་ཅད་མཁའ་འགྲོ་མ་ལ་ཞུས་པས། མཁའ་འགྲོ་མས་ཞལ་ནས་གསུངས། ལྷ་རྗེས་གསན་ནས་སྙན་དུ་བརྒྱུད་པས། དེས་ན་འདི་ལ་སྙན་ཁུང་གི་བརྒྱུད་པ་ལ་ལོག་རྟོག་གི་དྲི་མས་མ་གོས་པའོ། ཞེས་སོ། ལྷ་རྗེ་གཞོད་སྟོན་གྱི་གཏེར་སློབ་ལ་སྔ་བ་འོར་སྟོན་དབང་ཕྱུག་གྲགས་ཀྱིས་རྟ་ངང་པ་འབུམ་ཐང་བྱ་བ་ཕུལ་ནས་ཞུས། དེ་ནས་གཏེར་སློབ་མང་དུ་འཕེལ། དེའི་ནང་ནས་གཙོ་ཆེ་བ་ཐུགས་ཀྱི་སྲས་བཞི། མཁས་བཙུན་བཞི་ཡིན། དང་པོ་ནི། ཡར་འབྲོག་གི་འོར་སྟོན་སྤུན་གཉིས་དང་། གཏམ་ཤུལ་གྱི་བླ་མ་མཉེ་སྟོན། ལ་སྟོད་ཀྱི་བྱར་པ་འབུམ་ཁྲི་འོད། གཉིས་པ་བཞི་ནི། ཏམ་ཤུལ་གྱི་བླ་མ་སྙི་སྟོན། ལ་སྟོད་ཀྱི་བྱར་པ་བཀྲ་ཤིས་འོད། ཤབ་ཀྱི་ཞང་སྟོན་ནམ་མཁའ། དབུས་རུའི་བླ་མ་ཇོ་ལྡེ་དང་བཞི་ཡིན། ད་དུང་ལྷ་རྗེ་ཆེན་པོའི་སྐུའི་སྲས་གཞོད་སྟོན་སྨོན་ལམ་གྲགས། དེའི་སྐུའི་སྲས་གཞོད་སྟོན་བསོད་ནམས་གྲགས། དེའི་སྐུའི་སྲས་གཞོད་སྟོན་བཀྲ་ཤིས་རྩེ། ལྷ་རྗེའི་ཐུགས་ཀྱི་སྲས་ལྷོ་པ་སེ་བོ། དེའི་ཐུགས་ཀྱི་སྲས་བྲ་སྒོམ་ཤེས་རབ་འབར་རྣམས་ལའང་བརྒྱུད་དོ། དེ་རྣམས་ཀྱི་ནང་ནས་གདམས་ངག་འདིའི་གཏེར་བརྒྱུད་འཛིན་པའི་བླ་མ་ནི། རྒྱ་སྟོན་ཇོ་ལྡེ་ཡིན། རྒྱ་སྟོན་ཇོ་ལྡེས་ཞིག་པ་སྣང་སེང་ལ་བརྒྱུད། དེས་སྐྱོ་སྟོན་སྔགས་དཔལ་ལ་བརྒྱུད། དེས་གཡོ་སྟོན་ལྷུན་དཔལ་ལ་བརྒྱུད། དེས་སེང་གེ་འབྲུག་སྒྲ་ལ་བརྒྱུད། དེས་བོན་ཞིག་བློ་བདེ་ལ་བརྒྱུད། དེས་རྟོགས་ལྡན་གཡུང་དྲུང་རིན་ཆེན་ལ་བརྒྱུད། དེས་མཁས་བཙུན་ཤེར་གྲུབ་ལ་བརྒྱུད། དེས་གུ་རུ་ཡོན་ཏན་སེང་གེ་ལ་བརྒྱུད དེས་རང་གྲོལ་སྤྲུལ་སྐུ་ཆེན་པོ་བླ་མ་རྒྱལ་མཚན་ལ་བརྒྱུད། དེས་བསྟན་པའི་རྒྱལ་ཐེབས་བློ་གྲོས་བསྟན་པ་རྒྱལ་མཚན། དེས་དྲིན་ཅན་མཁན་སློབ་རྣམ་གཉིས། དེས་མཁས་བཙུན་རིན་ཆེན་འོད་ཟེར། དེས་མཁས་བཙུན་ནམ་མཁའ་འོད་ཟེར། དེས་རྟོགས་ལྡན་གྲགས་པ་སེང་གེ། དེས་མཉམ་མེད་བཀྲ་ཤིས་རྒྱལ་མཚན། དེས་མཁས་གྲུབ་རིན་ཆེན་བཀྲ་ཤིས། དེས་སྔགས་འཆང་བསོད་ནམས་ཡེ་ཤེས། དེས་སློབ་དཔོན་བསྟན་པ་འོད་ཟེར། དེས་མཚན་ལྡན་ཉི་མ་འོད་ཟེར། དེས་འཁྲུལ་ཞིག་གཡུང་དྲུང་ཚུལ་ཁྲིམས། དེས་ལྡོང་སྒོམ་བསྟན་པ་ལྷུན་གྲུབ། བླ་མ་ཚེ་དབང་ལྷུན་གྲུབ། རྣལ་འབྱོར་ནམ་མཁའ་ལྷུན་གྲུབ། གཡུང་དྲུང་གཙུག་ཕུད། གཡུང་དྲུང་རྣམ་དག མཚན་ལྡན་རྒྱལ་བ་བློ་གྲོས། མཆོག་སྤྲུལ་མི་འགྱུར་རྒྱལ་མཚན། མགྲོན་རྡོག་བསོད་ནམས་རྒྱལ་མཚན། མེ་སྟོན་ཉི་མ་རྒྱལ་མཚན། ཉི་མ་བསྟན་འཛིན། བསོད་ནམས་ཕུན་ཚོགས། ཤེས་རབ་གཡུང་དྲུང་། སངས་རྒྱས་བསྟན་འཛིན། བསྟན་འཛིན་ཚུལ་ཁྲིམས། ཕུན་ཚོགས་བློ་གྲོས། རྒྱལ་བ་བློ་གྲོས། བསྟན་པ་བློ་གྲོས། ཡོངས་འཛིན་སངས་རྒྱས་བསྟན་འཛིན། དམ་པ་དེས་བདག་གི་བླ་མ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་ལ་བརྒྱུད་དོ།

་་་་་་་་་་་ཡང་བརྒྱུད་རིམ་གཞན་ཞིག་ནི་རང་གྲོལ་བླ་མ་རྒྱལ་མཚན་ནས་རིམ་པས་རྒྱུད་གསུམ་མདོ་འཛིན་མཉམ་མེད་ཆེན་པོ་ལ་བརྒྱུད་ཚུལ་ཞིག་འདུག རང་གྲོལ་བླ་མ་རྒྱལ་མཚན་ནི། བྲུ་རྒྱལ་བའི་ཕྱག་ཕྱི་བ་ཨ་ཐོག་ཡེ་རིན་དང་དུས་མཉམ་ཡིན་ཞིང་ཁོང་གིས་ལ་སྟོད་རི་པ་ཤེར་བློའི་དྲུང་དུ། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཞུས། གུ་རུ་ཡོན་ཏན་སེང་གེ་ལ། རྫོགས་ཆེན་བསྒྲགས་པ་སྐོར་གསུམ། ཡོངས་རྩེ་ཀློང་ཆེན་རྣམས་ཞུས། མདོར་ན་བླ་མ་འདི་ནི་བསྒྲགས་གསུམ་དང་ཞང་ཞུང་སྙན་རྒྱུད་གཉིས་ཀའི་བརྒྱུད་པ་འཛིན་པའི་དམ་པའི་སྐྱེས་བུ་ཞིག་གོ བླ་མ་འདི་ནས་རིམ་པས་གདམས་ངག་འདི་རྗེ་རིན་པོ་ཆེ་ལ་བརྒྱུད་པའི་ཚུལ་ནི། ཡོངས་འཛིན་སངས་རྒྱས་བསྟན་འཛིན་གྱིས་མཛད་པའི་བླ་བརྒྱུད་རྣམས་ལ་ཚོགས་འཁོར་འབུལ་བའི་བསྟོད་ཕྱག་ཨུ་དུམ་ཝ་རའི་ཆུན་པོ་ལས། གཞོད་སྟོན་མན་བསྒྲགས་གསུམ་དང་ཡང་རྩེ་ཀློང་ཆེན་སྐོར་རྣམས་ལེའུ་རེ་རེ་བཞིན་བརྒྱུད་པ་ཁ་འཐོར་སྣ་ཚོགས་འདུག་ཀྱང་། བརྒྱུད་པའི་མདོ་འཛིན་མཉམ་མེད་ཆེན་པོ་ནས་གོང་བཞིན་འགྲེས་ཤེས་པར་མཛོད། ཅེས་གསུངས་སོ། འོ་ན་དེའི་བརྒྱུད་པ་མཉམ་མེད་ཆེན་པོ་ལ་ཐུག་ཚུལ་ཇི་ལྟར་ཡིན་ཞེ་ན། བདག་གི་བླ་མས་ལི་ཤུའི་ནང་སྒྲུབ་ཀྱི་ཕྱག་བཞེས་ལས། ཡོན་ཏན་སེང་གེ་བླ་མ་རྒྱལ་མཚན་དང་། རྣམ་རྒྱལ་ཀ་ར་མཁས་གྲུབ་རིན་བློ་དང་། ཤེས་རབ་རྒྱལ་མཚན་རིན་ཆེན་རྒྱལ་མཚན་དང་། ཞེས་གསུང་པས། རང་གྲོལ་བླ་མ་རྒྱལ་མཚན་ནས་རྣམ་རྒྱལ་ཀ་ར་དང་དེས་མཁས་གྲུབ་རིན་བློ་དེས་རྗེ་རིན་པོ་ཆེ་ལ་བརྒྱུད་འདུག་པས་ཡོངས་འཛིན་རྣམ་གཉིས་ཀྱི་དགོངས་བཞེད་གཅིག་པར་སེམས་སོ། སྤྱིར་བསྒྲགས་གསུམ་ནི་བྲུ་ཡི་བརྒྱུད་རིམ་ནང་ལ་དེའི་གོང་ནས་ཡོད་པ་ཡིན་ཏེ། འགྲོ་མགོན་བདུད་རྩི་རྒྱལ་མཚན་གྱི་རྣམ་ཐར་ལས། བཀའ་ལྷོ་བྲག་མའི་བོན་སྡེ་བསྒྲགས་པ་སྐོར་གསུམ་མམ། ཁྱད་པར་རྫོགས་ཆེན་ལུང་དྲུག་ལས་སོགས་རྣམས། ཡབ་ལ་ཉན་གསན་མཛད་དོ། ཞེས་གསུངས་སོ། མདོར་ན་བརྒྱུད་པའི་མདོ་འཛིན་རྗེ་རིན་པོ་ཆེ་མཉམ་མེད་ཆེན་པོ་ཡིན་པར་འདུག་གོ། མཉམ་མེད་ཆེན་པོས་གདན་ས་བ་རིན་ཆེན་རྒྱལ་མཚན་ལ་བརྒྱུད། དེ་ནས་རྒྱལ་བ་སྨན་རི་བའི་མཁན་རབས་མུ་ཏིག་འཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་བྱུང་ངོ་། མཐར་མཇུག་ཏུ་རྫོགས་པ་ཆེན་པོའི་ཀློང་སྒོམ་མངོན་གྱུར་བ་སྨན་རིའི་མཁན་པོ་བསྟན་པ་བློ་གྲོས་ཀྱི་ཞལ་སྔ་ནས་ཡོངས་འཛིན་ཐུ་བོ་སངས་རྒྱས་བསྟན་འཛིན་གྱིས་གཞུང་ཆེན་འདིའི་མ་བུ་ཆ་ལག་དང་བཅས་པའི་དབང་ལུང་མན་ངག་ཡོངས་སུ་རྫོགས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་སྦྱང་མཛད། ཡོངས་འཛིན་ཐུ་བོ་དེས་ཡོངས་འཛིན་ཆེན་མོ་དཔོན་གསས་བླ་མ་སྐྱབས་རྗེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ལ་དཔེ་ཐོབ་དོན་ཐོབ་ཀྱི་སྒོ་ནས་བརྒྱུད་ཅིང་བསྩལ། སློབ་དཔོན་བསྟན་རྣམ་རིན་པོ་ཆེས་ཀྱང་གཞུང་ལུགས་ཆེན་མོ་འདིའི་ཚིག་དོན་གཉིས་ཀ་ལ་དབང་བསྒྱུར་གྱི་རྟོགས་པ་ཐོབ་ཅིང་གདམས་པ་རྒྱས་བསྡུས་ཐམས་ཅད་བདག་གིར་མཛད་དེ་མཁྱེན་རབ་ཐོགས་པ་མེད་པ་ཙམ་དུ་མ་ཟད། དོན་དུ་གཡུང་དྲུང་བོན་གྱི་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཏུ་མཛད་དེ་ད་ལྟའི་དུས་སུ་བསྟན་པ་རིན་པོ་ཆེའི་བརྒྱུད་པའི་མདོ་འཛིན་ཆེན་མོར་གྱུར་པ་ལགས་སོ། ལྷག་ཏུ་ད་སྐབས་རྒྱལ་ཕྱི་ནང་ཡུལ་གྲུ་གང་སར་སྔགས་རྫོགས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གྱི་བྱ་བ་བྱེད་པ་ཉི་མའི་འོད་ཟེར་ལྟར་ཁྱབ་པ་འདི་ནི་རིན་པོ་ཆེའི་མཛད་འཕྲིན་དང་བཀའ་དྲིན་ཉག་གཅིག་ཡིན་པ་ནི། ཟོལ་བསྟོད་ཙམ་མིན་པར་སྤྱན་ལྡན་ཀུན་གྱི་མཐོང་ཡུལ་དུ་གྱུར་པའོ། ཞེས་པ་འདི་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་གྱིས་འཚོ་བའི་སྒྲུབ་གྲྭའི་མཁན་མིང་འཛིན་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་རྩ་བའི་བླ་མའི་གདན་ས་གསུམ་པ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་སྤྱི་ལོ་༢༠༡༩ཟླ་བ་༡༠ཚེས་༡༡ཉིན་མཇུག་རྫོགས་པར་བྲིས།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *