རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་ངོ་སྤྲོད།

རྩོམ་ཡིག་འདི་ཐེངས། 247499 བཀླགས་འདུག

Gyalshen Logo

/

རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་། 

www.gyalshen.org

       [རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་]ནི་ཨ་རིའི་ San Francisco, Bay Area རུ་ཁྲིམས་མཐུན་དེབ་སྐྱེལ་ 501(c) རྟགས་ཅན་ཞང་ཞུང་དང་བོད་ཀྱི་རིག་གཞུང་སློབ་གཉེར་ཚོགས་སྡེ་ཞིག་ཡིན་ཞིང་། དམིགས་ཡུལ་གཙོ་བོ་ནི་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་འགའ་ཡིག་བསྒྱུར་དང་འཆད་ཁྲིད་བརྒྱུད་ནས་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ཞང་བོད་ཀྱི་ཐུན་མིན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་ཀྱི་གཞུང་ལུགས་ཇི་ལྟར་ངོ་སྤྲོད་ཆེད་ཡིན། དེ་བཞིན་རང་རེའི་དགོན་སྡེ་ཁག་གི་མཁན་སློབ་བླ་ཁྲི་དང་། དགེ་བའི་བཤེས་གཉེན་སོགས་གདན་དྲངས་ཏེ་སློབ་ཁྲིད་དང་རིག་གཞུང་ཁྱབ་སྤེལ་གྱི་ཕྱོགས་ནས་ཞང་བོད་ཤེས་རིག་གི་བསྟན་པར་སྲི་ཞུ་མི་དམན་པ་ཞིག་བསྒྲུབས་དང་སྒྲུབ་བཞིན་པའི་ཁུལ་དུ་མཆིས། ད་ཆར་རྒྱལ་གཤེན་བོན་ཚོགས་ཀྱི་ཡན་ལག་ཏུ་གྱུར་བའི་ཚོགས་སྡེ་བཅུ་ལྷག་རྒྱལ་ཁབ་འདྲ་མིན་དུ་ཡོད།

། 

རྒྱལ་གཤེན་དཔེ་སྐྲུན་ཁང་།

www.gyalshenstore.com

          [རྒྱལ་གཤེན་དཔེ་སྐྲུན་ཁང་]ནི་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་གི་མིང་བརྡས་བརྒྱན་པ་ཙམ་ལས་དོན་ལ་དཔེ་སྐྲུན་ཁང་རང་གི་མིང་ཐོག་ཏུ་ཨ་རིར་ཟུར་ནས་དེབ་སྐྱེལ་ཞུས་པ་དང་། དཔེ་སྐྲུན་གྱི་འགྲོ་གྲོན་སོགས་ཟུར་འཛར་ཡིག་ཆ་སྐབས་བསྟུན་གྱིས་ཡོ་རོབ་ཏུ་ཡོད་པའི་[བྱ་འཕུར་ཐེབས་རྩ་ཚོགས་པ་] www.chaphur.org བརྒྱུད་ནས་གཏོང་བཞིན་ཡོད། དེ་བཞིན་འདི་ནས་དཔར་སྐྲུན་བྱེད་བཞིན་པའི་དཔེ་དེབ་རྣམས་ཀྱང་རང་རེའི་བོན་དཔེ་ཁག་སྐྱར་དཔར་དང་ཡང་དཔར་ལྟ་བུ་མ་ཡིན་པར་ད་ལྟའི་སྤྱི་ཚོགས་ཁྲོད་རྩོམ་རིག་གི་ཁ་ཕྱོགས་སྔར་ལས་ཡར་རྒྱས་སུ་གཏོང་བར་དམིགས་ཏེ། ད་ལྟའི་རྩོམ་པ་པོའི་དཔུང་ཚོགས་ཀྱི་རྩོམ་ཡིག་གསར་པའི་རིགས་དཔར་དུ་བསྐྲུན་ནས་རྩོམ་པ་པོ་ཁོང་ཅག་གི་ཤེས་རབ་ཀྱི་སྒོ་གླེགས་སྔར་ལས་ཀྱང་འབྱེད་ཕྱིར་ཞབས་ཞུ་སྒྲུབ་བཞིན་པའི་ཁུལ་དང་། དེར་མ་ཟད་ནུབ་ཕྱོགས་སྤྱི་ཚོགས་སུ་ཉེ་བར་མཁོ་བའི་བོན་གྱི་དཔེ་དེབ་མང་ཙམ་ཞིག་དབྱིན་ཇི་དང་། སི་པེན་སྐད། རྒྱ་སྐད་སོགས་སུ་བསྒྱུར་ནས་དཔེ་བསྐྲུན་བྱས་དང་བྱེད་བཞིན་པ་ཡིན།

རྒྱལ་གཤེན་བོན་སྒྲ།

www.gyalshenbondra.com

          [རྒྱལ་གཤེན་བོན་སྒྲ་]ནི་ཞང་བོད་ཀྱི་རྩོམ་རིགས་སྣ་མང་འཛོམས་པའི་བོན་གྱི་དྲ་ཚིགས་ཆེན་པོ་ཞིག་ཡིན་ཞིང་སྤྱི་ལོ་༢༠༡༥ལོར་རྩོམ་གྲོགས་འགའ་དང་མཉམ་དུ་ཤེས་རབ་ཀྱི་དཔུང་བ་ལྷན་དུ་སྦྲེལ་ནས་གསར་དུ་སྒོ་ཕྱེས་པ་དང་། དྲ་རྒྱའི་ཁ་ཕྱོགས་དང་དམིགས་ཡུལ་གཙོ་བོ་ཡང་རི་བོ་གངས་རྒྱལ་ཏི་སེ་དང་དཔང་མཉམ་ཞིང་མ་ཕམ་གཡུ་མཚོ་ལྟར་གཏིང་ཟབ་པའི་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་ཡངས་པའི་ཁྱོན་ཀུན་དུ་དར་སྤེལ་དང་། དེ་བཞིན་ཐུགས་སྤོབས་ལྷ་ལམ་ལས་ཡངས་ཤིང་མཛད་རྗེས་རི་བོ་ལས་མཐོ་བའི་སྐུ་དྲིན་ཅན་ཞང་བོད་ཀྱི་བཙད་པོ་རིམ་བྱོན་གྱི་ལོ་རྒྱུས་དང་མཛད་རྗེས། གནའ་བོའི་དགོན་སྡེ་དང་རི་གྲོང་། གལ་ཆེའི་མི་སྣ་ངོ་སྤྲོད། དེ་བཞིན་གནའ་དེང་ཤེས་བྱ་རིག་པའི་གནས་སྤྱི་དང་ལྷག་པར་དུ་བོན་གྱི་ཐུན་མིན་རིག་གནས་ཀྱི་སྙིང་པོ་སྲོག་ཏུ་བཟུང་བའི་དཔྱད་རྩོམ་གྱིས་མཚོན་པའི་རྩོམ་རིག་སྣ་ཚོགས་ཤར་ནུབ་གང་སར་གནས་པའི་དོན་གཉེར་ཅན་ཚོར་ལྟ་ཀློག་སྤྱོད་བདེའི་ཁོར་ཡུག་དཔེ་མེད་ཅིག་སྐྲུན་ཨེ་ཐུབ་བསམ་པ་ཡིན་ལ། དེ་བཞིན་འབད་པ་ཡང་བྱེད་བཞིན་ཡོད། དེར་མ་ཟད་ལོ་ཤས་གོང་དུ་རྒྱལ་གཤེན་བོན་སྒྲའི་ངོས་ནས་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་ཞིག་ཀྱང་སྤེལ་བ་སོགས་ཞང་བོད་གཉིས་ཀའི་རྩོམ་རིག་ཤེས་བྱའི་བསྟན་པར་ཕན་པའི་ལས་དོན་ཕྲན་བུ་རེ་སྒྲུབ་བཞིན་མཆིས། 

རྒྱལ་གཤེན་ནོར་མཛོད།

www.gyalshenstore.com

          [རྒྱལ་གཤེན་ནོར་མཛོད་]ཅེས་པ་བོན་སྤྱོད་ཉམས་ལེན་པ་དག་ལ་བོན་གྱི་དཔེ་དེབ་གཙོས་ཉེ་བར་མཁོ་བའི་བོན་སྤྱོད་ཅ་དངོས་རིགས་སྟབས་བདེའི་ངང་དུས་ཐོག་ཏུ་མཁོ་སྤྲོད་བྱེད་མཁན་ཞིག་ཡིན་ཞིང་། དེའང་ནམ་ཞིག་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་འདི་ནུབ་ཕྱོགས་ཀྱི་ཆོས་ཚོགས་མང་ཆེ་བ་ལྟར་ནུབ་ཕྱོགས་པ་ཚོར་ལག་སྟོང་བཟེད་ནས་འདུག་མི་དགོས་པར་རྒྱལ་གཤེན་ནོར་མཛོད་གྱིས་བོན་ཚོགས་འདིའི་རང་ཁ་རང་གསོ་ཞིག་ཡོང་བར་རེ་བལྟོས་བྱེད་བཞིན་པ་དང་། དེར་མ་ཟད་འདི་ནས་བཟོས་པའི་[རྒྱལ་གཤེན་སྨན་སྤོས་]དང་ཉམས་ལེན་གྱི་འགྲིག་ཆས་སོགས་ཀྱིས་མཚོན་དངོས་ཟོག་མང་པོར་འབྲེལ་ཡོད་རྣམས་ཀྱིས་གདེངས་འཇོག་ཡག་པོ་འཐོབ་བཞིན་ཡོད། 

བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་

ཕྱི་ལོ་༢༠༢༠ཟླ་༢ཚེས་༡༥ཉིན་

ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *