དྲིན་ཆེན་བླ་མའི་མཆོད་པ་བརྒྱད་ཀ་ཡར་དར།།
རྩོམ་ཡིག་འདི་ཐེངས། 66717 བཀླགས་འདུག
།
གནམ་སའི་བར་ནས་འོད་མདངས་གཡོས་ཏེ་རིགས་དྲུག་སྤྱི་ལ་སྦྱིན་པ་སྟེར།།
ཐར་པའི་ས་བོན་དྲོད་གཤེར་འཕྲད་ནས་མངོན་སངས་རྒྱས་པའི་ཡལ་འདབ་རྫོགས།།
ས་གསུམ་ཐོགས་མེད་ཆིབས་ཁ་བསྒྱུར་ཏེ་རྣམ་གཞིའི་གདུལ་བྱ་དྲོད་ཀྱིས་བསྲོས།།
མ་རིག་བདུད་སྡེའི་གཡུལ་ངོ་བཟློགས་ནས་བདེ་ཆེན་ཁ་ལོ་སྟོབས་ཀྱིས་བསྒྱུར།།
།
རྒྱལ་གཤེན་ཐེག་དགུའི་གཤོག་པ་བརྐྱངས་ཏེ་དབུ་མའི་ལམ་གྱི་མཁའ་རུ་འཕུར།།
དུས་ཀྱི་རྩུབ་རླུང་དྲག་པོའི་ཁྲོད་ནས་ཐབས་ཤེས་ཟུང་གིས་བསྟན་འགྲོ་བསྐྱོངས།།
ཁྲི་གཙུག་རྒྱལ་བའི་ངང་ཚུལ་བཟུང་ཏེ་ངུར་སྨྲིག་རྒྱལ་མཚན་སྲིད་རྩེར་བསྒྲོན།།
མཛད་འཕྲིན་ཆུ་བོའི་རླབས་དཀར་རྩེན་པས་སྐྱེ་དགུ་དད་པའི་བྱིན་རླབས་བསྩལ།།
།
སྨན་གྱི་རི་ནས་ཤེས་རབ་འཁྲུངས་ཏེ་སྨྲ་སེང་མི་ཡི་རྣམ་པར་རོལ།།
བཀའ་ལུང་མི་ཟད་རིན་ཆེན་མཚོ་ནས་འདོད་འབྱུང་དབྱིག་གི་ནོར་བུ་བླངས།།
ཕན་བདེའི་འབྱུང་གནས་གཤེན་བསྟན་རིན་ཆེན་ཐུགས་ཀྱི་དགོངསཔའི་རྩལ་ལས་འཁྲུངས།།
བསྐལ་སྟོང་སངས་རྒྱས་ཁྲི་མ་འབུམ་གྱི་ཞལ་ཚབ་གཅིག་བསྡུས་ཁྱེད་ཉིད་འདུད།།
།
གཤེན་བསྟན་རྒུད་པ་ཡོད་དགུ་བསལ་ཏེ་རྣམ་མཁྱེན་སྟོན་པའི་གདུང་སོབ་མཛད།།
ལྔ་སྙིགས་དམུ་རྒོད་མུན་པའི་གཡང་ནས་ཟོལ་མེད་སྙིང་རྗེའི་ཤུགས་ཀྱིས་བསྐྱབས།།
ཚད་གསུམ་གཞུ་མོ་སྟོབས་ཀྱིས་བཀུག་སྟེ་ལྔ་རིག་མདའ་མོ་ལྟང་ཀ་སྤྲད།།
རྨོངས་པའི་དབུལ་སྒོ་དལ་གྱིས་བཏོར་ནས་རིག་པའི་ཡེ་ཤེས་སྒོ་མོ་ཕྱེས།།
།
རྟག་གཟིགས་སྤུངས་སོ་ཆེ་ཆུང་བསྟུན་ཏེ་དམར་སྦྲག་ཞང་ཞུང་ཡི་གེར་བསྐྲུན།།
སྨར་ལ་ཆེ་ཆུང་གཉིས་སུ་བསྒྱུར་ནས་གཟབ་ཤར་འཕྲུལ་སྒྲོན་བོད་ལ་གནང་།།
ཤ་རིའི་བཀའ་དྲིན་གཞལ་མཐའ་མེད་ཀྱང་ཁྱེད་ཉིད་དེ་ལས་དེ་མཐུད་ཡིན།།
བླ་མ་ཁྱེད་ཀྱི་མཛད་བཟང་ཕར་མཐའ་གཏིང་དཔོག་དཀའ་བ་ནམ་མཁའི་ཁྱོན།།
།
སྐལ་ལྡན་བུ་སློབ་བྱིན་ཆར་ཕབས་ཏེ་མཁས་མང་སྐར་ཚོགས་དབུས་ན་བརྗིད།།
སྐལ་དམན་ལོག་ལྟའི་འཇིགས་པ་གཞོམ་ནས་ཐར་པའི་སྲོག་གི་ཀ་བ་བཙུགས།།
བདེན་འཛིན་བྲག་ཆེན་རི་བོ་བཤིག་སྟེ་བདེན་མེད་ལྟ་བའི་ཉི་མ་ཤར།།
ཞྭ་དཀར་བོན་གྱི་གཙུག་རྒྱན་དམ་པ་གངས་རིའི་མགོན་པོ་ཁྱེད་ལ་འདུད།།
།
ཞལ་གསུང་བདུད་རྩིའི་ཐིག་པ་རེ་ལ་འོད་སྟོང་འཕྲོ་བའི་ལམ་སྟོན་རེ།།
རང་ཉིད་བརྩོན་འགྲུས་སྤོབས་པ་ཡོད་ན་བར་ཆོད་མེད་པའི་ཞལ་བཞེས་ཏེ།།
བླ་མ་ཁྱེད་ཀྱིས་གནང་བར་བསམ་ཏེ་ཕྱི་རྐྱེན་ནང་སེམས་དཀའ་སྡུག་གང་།།
ཞུམ་མེད་ཡ་ཆུང་སྤོབས་པས་ཁེངས་ནས་ལྔ་ཟུང་རྒྱ་མཚོ་མཐུང་བཞིན་མཆིས།།
།
འཁོར་འདས་རང་དབང་གྱུར་པའི་བླ་མས་བསྟན་འགྲོའི་དོན་ཆེན་གོ་ལྔས་བསྒྲུབས།།
ད་དུང་མི་འཇིགས་གདོང་ལྔའི་ཁྲི་ལ་མི་འགྱུར་གཡུང་དྲུང་གཤིས་སུ་བརྟན།།
ཕན་བདེའི་འབྱུང་གནས་སྐྱབས་ཀྱི་དམ་པ་ཞབས་པད་བསྐལ་པ་ཁྲི་ཕྲག་བར།།
མགོན་མཛད་དྲིན་ཆེན་ནམ་ཡང་མ་ནུབ་སོར་བཅུའི་ཐལ་མོ་སྙིང་ཁར་ཟུམ།།
བསམ་ཚུལ་ཕྲིས།