སེམས་ཀྱི་གདུང་བ་དང་ས་མཐའི་སྨིག་རྒྱུ།

རྩོམ་ཡིག་འདི་ཐེངས། 32394 བཀླགས་འདུག

80718776_2643441522377515_5369096203927552000_n

སེམས་ཀྱི་གདུང་བ་དང་ས་མཐའི་སྨིག་རྒྱུ།

(མཁས་པའི་དབང་པོ་༧རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་དཔལ་བཟང་པོ་མཆོག་ལ་རྗེས་དྲན་དུ།)

/

རང་བྱུང་མཛེས་སྡུག་འོད་ཀྱིས་འབར་བ་ས་འཛིན་སྒེག་མོའི་ཡང་རྩེ་ནས།།

གནས་ལྔའི་བང་མཛོད་གཏེར་དུ་སྦྲུམ་པ་མུ་ཏིག་ཤེལ་དཀར་བུམ་པ་ཞིག།།

གློ་བུར་མུན་པའི་བྲག་ལ་བརྡབས་པ་མི་རྟག་སྒྱུ་མའི་རང་གཟུགས་དེས།།

རྟག་འཛིན་གདོན་གྱི་ཚང་དུ་ཡུར་བའི་བྱིས་པའི་ཁྱུ་ཚོགས་སྡུག་ཏུ་བཙུད།།

/

སྐྱེ་དང་འཇིག་པའི་ཕྲ་རག་ཡོད་ཚད་མིག་གི་དབང་པོས་མཐོང་བ་དང་།།

སྐྱོ་དང་གདུང་བའི་སྒྲ་ཡི་རླབས་ཕྲེང་རྣ་བའི་གླེགས་བུར་འཛུལ་ན་ཡང་།།

གནས་ལྔ་རིག་པའི་བང་མཛོད་རེ་རེ་གློ་བུར་མཇལ་བར་བསྐལ་བ་འདི།།

བདག་ཅག་ས་མཐའི་འགྲུལ་བཞུད་པ་ལ་ཕྲག་ཏུ་ལྕི་བའི་གདུང་བ་ཞིག། །

/

མཐའ་མེད་རི་ལུང་བྱེ་བའི་ཕྲེང་བ་ལྕགས་ཀྱིས་སྦྲེལ་བའི་མཚོ་མཐའ་ནས།།

དྲན་པའི་གདུང་བ་མཆི་མའི་ཐིགས་པ་འགྲམ་པའི་ཚོས་ཀྱིས་སྐྱོར་བཞིན་དུ།།

སྐྱེས་མཆོག་དམ་པའི་གཤེགས་ཤུལ་དེ་རུ་ཡི་གེའི་འཕྲེང་བ་སྤེལ་བ་འདི།།

མགོན་པོ་གང་ལ་རྗེས་དྲན་མཚོན་པའི་དད་གདུང་མིག་ཆུའི་ཕྲེང་བ་ཡིན།།

/

མདོ་སྨད་ས་འཛིན་ཆོལ་ཁའི་རྟ་ཕོར་སྣང་སེམས་དབྱིངས་སུ་ཞིག་པའི་སྡེར།།

རྒྱལ་བསྟན་རིན་ཆེན་ནོར་བུའི་ཕྲེང་བ་མཁའ་ལ་མཛེས་པའི་གོང་བུ་ཅན།།

ལྷོ་གླིང་འཛིན་མའི་ཁྱོན་དུ་བརྗིད་ཅིང་ཁྱད་པར་འཆད་དང་རྩོད་པའི་སྡེ།།

གངས་རི་དཀར་པོའི་ཀློང་ནས་མངོན་པ་དམ་པ་ཁྱེད་ཀྱི་བཀའ་དྲིན་ཡིན།།

/

བསླབ་པ་རིན་ཆེན་ཆུ་འཛིན་དཀར་པོ་མཁའ་ལ་དལ་གྱིས་འཕྱུར་བ་ལས།།

ཟབ་ལམ་གདམས་ངག་འཆ༵ད་པའི་གྲུ་ཆར་སྐལ་ལྡན་ཞིང་དུ་བསིལ་བ་དང་།།

ས་ཕྱོགས་ཀུན་ནས་སློབ་བུའི་ཁྱུ་ཚོགས་མ་བོས་ངང་གིས་འདུས་པར་གྱུར།།

བསྟན་དང་འགྲོ་བའི་མཆོད་སྡོང་གང་གི་བཀའ་དྲིན་རྒྱ་མཚོ་སུ་ཡིས་གཞལ།།

/

ལི་ཁྲིའི་གོས་ཀྱིས་མཛེས་པར་བཀླུབས་པ་ཤེས་རབ་ལྷ་ཡི་གདེངས་ཀ་ནས།།

ལུང་རིག་མགྲིན་པའི་སྒྲ་བརྒྱ་ལྡིར་ཞིང་རྩོ༵ད་པའི་གར་སྟབས་སྒྱུར་བའི་ཚེ།།

ཕྱོགས་འཛིན་ལོག་རྟོག་བྲག་རིའི་ཕྲེང་བ་བྱེ་མའི་ཀླུང་དུ་ཐལ་བར་བརྫིས།།

དམ་པ་གང་གི་མཚན་སྙན་ཐོས་ཙམ་རྒོལ་བའི་ཚོགས་རྣམས་རྒྱང་དུ་བཟུར།།

/

འཇམ་མཉེན་ཕྱག་གི་རོལ་མོའི་སྒྱུ་རྩལ་དྲུག་འགྱུར་དབྱངས་སུ་རྩེན་པ་ལས།།

ལེགས་བཤད་རྩོ༵མ་གྱི་རྒྱ་མཚོའི་ཕྲེང་བ་ལུང་དང་རིགས་པའི་རྒྱན་གྱིས་སྤུད།།

ཕྱི་རབས་བློ་གྲོས་རྟེན་དུ་བཞེངས་པ་གསུང་རབ་བམ་པོ་བྲག་ལྟར་བརྩིགས།།

བདག་ཅག་སྐལ་ལྡན་ཞིང་འདིར་མཛེས་སོ་དམ་པ་གང་ལ་བཀའ་དྲིན་ཆེ།།

/

སྐྱེ་དང་འཇིག་པའི་འཁོར་ལོའི་ཕྲེང་བར་ཟུག་རྔུའི་སྡུག་བསྔལ་མྱོང་ངེས་ཀྱི།།

འཁོར་བའི་རང་བཞིན་ཀུན་ཏུ་གྲུབ་པ་མིག་གིས་མཐོང་བ་ཉིད་ལགས་ཀྱང་།།

མགོན་པོ་གང་གིས་མཉམ་མེད་བླ་མ་ཞིང་དུ་གཤེགས་པའི་ཚུལ་བཟུང་སྟེ།།

བོན་འཆད་ངང་ནས་ཞི་བར་གཤེགས་སོ་རྒྱལ་བའི་སྲས་པོ་ཁྱེད་ལ་འདུད།།

/

རྟག་འཛིན་གདུལ་བྱའི་སྣང་ངོར་སྟོན་པ་དུས་ཀྱི་མཐའ་མའི་སྐབས་སུའང་།།

“ང་བཞིན་བྱས་ན་ང་བཞིན་འོང་བའི་”ཐུགས་ཀྱི་དམ་ཚིག་གནད་དུ་ཚུགས།།

བླ་ཆེན་དྲན་པའི་གསེར་གྱི་གདམས་ངག་ཉམས་དང་རྟོགས་པའི་རྒྱན་དུ་སྤྲོས།།

བླ་མེད་ཐེག་པའི་ཁྲི་ལ་བཞེངས་པའི་གྲུབ་པའི་ཡང་རྩེར་ཁྱེད་ཉིད་འཕགས།།

/

མདོར་ན་འདིར་སྣང་སྒྱུ་མའི་འཁོར་ལོར་ཉིན་མཚན་ཡུག་གིས་འཁོར་བའི་བུ།།

བདག་སོགས་སྐྱེ་དགུ་འདུ་འཛི་གཡེང་བས་ཐར་བའི་སྐས་ལམ་གཅོད་པ་དག།།

ཐུགས་རྗེས་ཟུངས་ཤིག་འཁོར་ལོའི་མངའ་བདག་རྗེ་བཙུན་སྨྲ་བའི་སེང་གེ་སྟེ།།

ཚེ་རབས་ཀུན་ཏུ་ལམ་སྣ་དྲོངས་ཤིག་བསྟན་དང་འགྲོ་བའི་དེད་དཔོན་ལགས།།

/

       གཡུང་དྲུང་བོན་གྱི་བསྟན་པའི་འདུས་སྡེ་ཆེན་པོ་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་མཁན་ཟུར་དམ་པ་མཁས་པའི་དབང་པོ་༧རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་དཔལ་བཟང་པོ་མཆོག་སྐུ་ཞི་བའི་དབྱིངས་སུ་བདེ་བར་གཤེགས་ནས་བགྲང་བྱ་གཅིག་འཁོར་བར་རྗེས་དྲན་དང་། ཤེས་ལྡན་འབྲེལ་ཡོད་ཁག་ཅིག་ནས་དེ་འབྲེལ་རྩོམ་ཡིག་ཅིག་བསྐུལ་བའི་ངོར་ཁོ་བོས་ཀྱང་༧རྗེ་བཙུན་དམ་པ་གང་གི་སྐུ་མདུན་ནས་ཡུལ་ལུང་གི་ལུགས་སྲོལ་ལྟར་ཐོག་མར་དཔེ་ཁྲིད་ཞུ་བའི་རྟགས་དང་རྟེན་འབྲེལ་གྱི་འགོ་ཐོག་མར་བཙུགས་པ་དང་། རྗེས་སུ་དམ་པ་གང་གི་སྐུ་མདུན་ནས་མདོ་ཕྱོགས་ཀྱི་དཔེ་ཁྲིད་གང་འཚམས་ཤིག་ཀྱང་ཞུས་མྱོང་བའི་བསྐལ་བཟང་ཐོབ་པ་སོགས་བཀའ་དྲིན་རྗེས་དྲན་ཆེད་དང་། ཁྱད་པར་དུ་སྣང་ཞིག་དགོན་པ་ཚང་གི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེར་བཀའ་དྲིན་གཞལ་ཟླ་བྲལ་བའི་མཁས་པའི་དབང་པོ་དམ་པ་གང་ལ་བཀའ་དྲིན་མཚོན་ཕྱིར་དུ་ཚིགས་སུ་བཅད་པ་ས་བཅུའི་གྲངས་ལྡན་འདི་བྱ་འཕུར་བླ་མ་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་ཨ་རིར་བརྟེན་གཞི་བྱས་པ་<<རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་>>ནས་ཕུལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *