གཤེན་རབ་མི་བོའི་འཁྲུངས་ཡུལ་གྱི་སྐོར།

རྩོམ་ཡིག་འདི་ཐེངས། 200260 བཀླགས་འདུག

59969114f1ce5

གཤེན་རབ་མི་བོའི་འཁྲུངས་ཡུལ་འོལ་མོ་ལུང་རིང་ནི། བོན་གྱི་མཁས་པ་ཁག་གཅིག་གིས་ས་ཚིགས་ཀྱི་ཡུལ་དབུས་དང་ཡོན་ཏན་གྱི་ཡུལ་དབུས་གཉིས་སུ་ཕྱེས་ནས་དང་པོ་བོད་ཡུལ་གྱི་གངས་ཏི་སེ་ལ་ངོས་འཛིན་བྱས་པ་དང་། གཉིས་པ་སྟག་གཟིག་འོལ་མོ་ལུང་རིང་ཡིན་ལ་དེ་ནི་དག་ཞིང་ཞིག་སྟེ་ནུབ་བདེ་བ་ཆེན་པོའི་ཞིང་ཁམས་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་དེར་བགྲོད་དགོས་ན་རྫུ་འཕྲུལ་སོགས་ནུས་པ་ཁྱད་པར་བ་ཞིག་མེད་ན་སོ་སྐྱེ་རང་ཁ་ལྟ་བུས་དེར་འགྲོ་མི་ཐུབ་པ་ལྟ་བུ་གསུང་ཡོད།
དོན་དངོས་སུ་སྟོན་པའི་འཁྲུངས་ཡུལ་དེ་དག་པའི་ཞིང་ཁམས་སྐྱེ་བོ་ཕལ་པའི་སྤྱོད་ཡུལ་ལས་འདས་པ་ཞིག་ཡིན་ན་སྟོན་པའི་ལོ་རྒྱུས་ལྷ་སྒྲུང་ལྟ་བུ་ལས་འགྲོ་བ་མི་དང་མཐུན་པའི་ལོ་རྒྱུས་ཤིག་བཤད་ཐབས་བྲལ་བ་རེད། འོན་ཀྱང་གཡུང་དྲུང་བོན་གྱི་གཞུང་ལུགས་རྣམས་སུ་ལེགས་པར་གཟིགས་ན་སྟོན་པའི་འཁྲུངས་ཡུལ་དེ་དག་ཞིང་ཞིག་ཏུ་བཞེངས་བཀོད་བྱས་པ་དེ་སྟོན་པའི་ཆེ་བ་བརྗོད་བྱེད་དང་གང་ཟག་སོ་སོས་དག་སྣང་སྦྱངས་ན་དག་ཞིང་གཙང་མ་ཞིག་མཇལ་རྒྱུ་ཡོད་པ་རྒྱུ་མཚན་དུ་བྱས་པ་ཙམ་ལས་སྐྱེ་བོ་ཐ་མལ་པས་བགྲོད་མི་ཐུབ་པའི་དག་ཞིང་ཞིག་མིན་པར་གསལ་པོར་བསྟན་ཡོད། དཔེར་ན་ཤར་རྫ་རིན་པོ་ཆེའི་ལེགས་བཤད་མཛོད་ཀྱི་ཚིག་ཟིན་ལ་ཡོན་ཏན་གྱི་དབུས་དང་ས་ཚིགས་ཀྱི་དབུས་གཉིས་སུ་བསྙད་ཡོད་ནའང་དོན་དུ་དེ་གཉིས་གཅིག་ཏུ་ཞལ་བཞེས་གནང་བར་གསལ་ཐག་ཆོད་པ་འདུག་སྟེ། དེ་ཉིད་(ཤོག་ངོས།༡༠)ལས། ཏི་སེ་ལ་ཡོན་ཏན་གྱི་དབུས་སྟག་གཟིག་ན་ཡོད་པའི་ཏི་སེ་དང་། ས་ཚིགས་ཀྱི་དབུས་བོད་ཀྱི་ཏི་སེ་གཉིས་སུ་ཡོད་པས་ལུང་འདིའི་ཏི་སེ་དང་མཚོ་མ་པང་སྤོས་རི་ངད་ལྡན་སོགས་ནི་སྟག་གཟིག་ནས་འབབ་ཅིང་དེ་ནས་རྒྱ་གར་ལ་འབབ་པའོ། ཞེས་སོ། དེས་གང་བསྟན་ན་ཡོན་ཏན་གྱི་དབུས་དང་ས་ཚིགས་ཀྱི་དབུས་གཉིས་སུ་བཤད་པ་ཙམ་ལས་དོན་དུ་གཉིས་སུ་མེད་པར་གཅིག་རང་ཡིན་ཞིང་། དེ་ཡང་ཆུ་བཞིའི་འགོ་བོ་བོད་ཡུལ་གྱི་གངས་ཏི་སེ་རང་ལ་འཛུག་གུ་གཙུགས་ཡོད་པ་ཤེས་ཐུབ། ཇི་ལྟར་ཤེས་ནུས་ཞེ་ན། སྟག་གཟིག་ན་གངས་ཏི་སེ་དང་མཚོ་མ་པང་སྤོས་རི་ངད་ལྡན་སོགས་ཡོད་པ་དང་། ད་དུང་ཆུ་བོ་ཆེན་པོ་བཞི་ཡོད་ཅིང་དེ་དག་གི་ཆུ་སྣེ་རྒྱ་གར་ལ་འབབ་པའི་ཚུལ་གསུངས་པས་རྒྱ་གར་ལ་འབབ་པའི་ཆུ་བོ་བཞི་བོད་ཡུལ་གྱི་གངས་ཏི་སེ་ནས་འབབ་པར་མངོན་སུམ་ཚད་མས་གྲུབ་པས་སྒྲུབ་བྱེད་གཞན་གང་ཡང་མི་དགོས་སོ།

་་་་་་་་་་་་་སྤྱིར་དུས་རབས་བཅུ་གསུམ་ཡན་གྱི་ལོ་རྒྱུས་རྣམས་སུ་ཡོན་ཏན་གྱི་དབུས་དང་ས་ཚིགས་དབུས་ཞེས་གཉིས་སུ་ཕྱེས་པའི་དཔེ་ཆ་ད་བར་ཁོ་བོས་མ་མཐོང་ལ་དུས་རབས་བཅུ་བཞི་པའི་ནང་དུ་བྱུང་བའི་དཔེ་ཆ་རྣམས་སུ་དེ་གཉིས་སུ་ཕྱེས་ཡོད་པ་མ་ཟད། དེའི་རྒྱབ་བརྟེན་གྱི་ལུང་ས་པན་གྱིས་བཞེེད་པའི་ལྷ་སྒྲུང་ཡ་མཚན་པ་ཞིག་དྲངས་ཡོད་དེ། དར་རྒྱས་གསལ་སྒྲོན་(ཤོག་ངོས།༢༤༧)ལས། ད་ལྟའི་ཏི་སེ་འདི་ས་སྐྱ་པན་ཆེན་ན་རེ། སྤྲེའུའི་རྒྱལ་པོ་ཧ་ནུ་མ་དྷས་སྟག་གཟིག་ཡུལ་གྱི་གངས་ཏི་སེ་ནས་ཚལ་གཅིག་བཅད་ནས་ལག་པས་ཁྱེར་བ། བོད་ཡུལ་དུ་འཕངས་བ་ལས་གྲུབ་པར་བཤད་དེ། སྡོམ་གསུམ་ལས། ཧ་ནུ་མ་དྷས་འཕངས་བ་ཡི། གངས་གྱི་དུམ་བུ་ཚལ་པ་ཞིག ཏི་སེ་ཡིན་ཞེས་གྲོག་མཁར་སྨ། དེ་ནི་དབང་ཕྱུག་ཆེན་པོའི་གནས། ས་སྲུང་བུ་ཡི་རྟེན་པའི་ས། དགྲ་བཅོམ་ལྔ་བརྒྱ་བཞུགས་པའི་ཡུལ། ད་ལྟའི་ཏི་སེ་འདི་མ་ཡིན་ནོ། ཞེས་གསུངས་པས། ཡོན་ཏན་གྱི་ཡུལ་དབུས་ནི་སྟག་གཟིག་གི་ཏི་སེ་ཡིན་ན་ཡང་། ས་ཚིགས་ཀྱི་དབུས་ད་ལྟའི་ཏི་སེ་འདི་ཡིན་ཏེ། རྩ་འགྲེལ་ལས། འཛམ་བུ་གླིང་གི་དབུས་གངས་ཏི་སེ། ཞེས་བཤད་དོ། ས་སྐྱའི་སྡོམ་གསུམ་ལས་བཤད་པའི་གཏམ་རྒྱུད་དེ་ཡུལ་དབུས་ལ་གཉིས་སུ་ཕྱེས་པའི་དཔེ་ཁུངས་དངོས་ཡིན་ལ། བོན་པོ་རྣམས་ཀྱིས་དེ་མཐོང་བ་ནས་བཟུང་ཡོན་ཏན་གྱི་ཡུལ་དབུས་སྟག་གཟིག་འོལ་མོ་ལུང་རིང་ཞེས་པའི་དག་ཞིང་ཞིག་བོད་ལས་ལོགས་སུ་ཡོད་པར་བཤད་ནས་དེར་བགྲོད་དགོས་ན་རྫུ་འཕྲུལ་གྱི་སྟོབས་མེད་ན་མི་ཐར་བར་བསྐྱོན་ཏེ། རིགས་ངན་མ་དག་པ་བོད་ཀྱི་སོ་སྐྱེས་དུས་ནམ་ཡང་མི་མཐོང་ཞེས་རང་གིས་རང་ལ་མཐོང་ཆུང་དང་དམའ་འབེབས་ཀྱང་བྱས་ཡོད། དེས་ནི་དམ་ཆོས་བོད་དུ་དྲངས་པ་ནས་བཟུང་རྒྱ་གར་ནས་བྱུང་བའི་རིག་གནས་གང་འདྲ་ཞིག་ཡིན་ནའང་བརྟག་མི་དགོས་པར་རྣམ་པར་དག་པ་ཞིག་ཡིན་ཤར་ཤར་དང་བོད་རང་ས་ནས་བྱུང་བའམ་བོད་པས་བྱས་པའི་རིག་གནས་གང་འདྲ་ཞིག་ཡིན་ཡང་ལྷད་མ་དང་བཅོས་མ་རྣམ་པར་མ་དག་པར་འཛིན་པའི་སྲོལ་ངན་ཞིག་བྱུང་ཡོད་པས། དེའི་ཤུགས་རྐྱེན་བོན་པོ་ལ་ཐེབས་པར་གསལ་པོར་མཚོན་ཡོད། བོན་པོའི་་ཡིག་རྙིང་རྣམས་སུ་ཡང་ཡང་བཀོལ་སྤྱོད་བྱས་པའི་སྟག་གཟིག་དེ་ནི་དོན་དངོས་ཀྱི་སྟག་གཟིག་གི་ཡུལ་དེ་ཡིན་ལ་གཤེན་རབ་ཀྱི་འཁྲུངས་ཡུལ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྟག་གཟིག་ཀྱང་དེ་གཅིག་བུ་ཡིན། དེ་ནི་གངས་ཏི་སེའི་ནུབ་ཕྱོགས་སུ་ཡོད་པའི་ཡུལ་སྡེ་ཆེན་པོ་འགའ་ལ་སྔར་དུས་སུ་སྟག་སྡེ་དང་གཟིག་འཕེན་ཞེས་བརྗོད་ལ་དེ་གཉིས་ཀྱི་བསྡུས་མིང་ལ་སྟག་གཟིག་ཏུ་འབོད་པ་དང་སྐབས་འགར་ནུབ་སྟག་གཟིག་ཅེས་བཤད་པས་གོང་དུ་ལེགས་བཤད་མཛོད་དུ་བཤད་པའི་སྟག་གཟིག་ནི་དེ་ཡིན་པར་ངེས་ཏེ། རྒྱ་གར་ལ་འབབ་པའི་ཆུ་བཞིའི་ཐོན་ཁུངས་དེ་ལས་གཞན་པའི་སྟག་གཟིག་ཅེས་པ་ཞིག་ལོ་རྒྱུས་གང་ལས་ཀྱང་མ་བཤད་པས་སོ། ལུང་པ་དེའི་འགོ་གངས་ཏི་སེ་དང་ཧ་ཅང་ཉེ་ཞིང་འདབ་སྦྲེལ་ཡིན་པས་དེར་ཏི་སེ་ཡོད་པ་དང་ཆུ་བཞི་དེ་ནས་འབབ་པར་གསུངས་པ་དངོས་གསལ་རེད། སྤྱིར་ལོ་རྒྱུས་ནང་དུ་རྟག་གཟིགས་དང་། ཏ་ཟིག་གམ་ཏ་ཇིག སྟག་གཟིག་ཅེས་སོགས་ཡིག་གཟུགས་དང་སྒྲ་དོན་མི་མཐུན་པ་དུ་མ་འབྲི་ཚུལ་བྱུང་ཡོད་ནའང་དོན་ལ་རྟག་གཟིགས་ཞེས་པ་དེ་ཕྱིས་འབྱུང་གི་ཡི་གེ་འགའ་ཤས་ནང་དུ་ཐོན་ཡོད་པས་དེའི་དོན་ནི། བདེ་བར་གཤེགས་པས་དུས་རྟག་ཏུ་གདུལ་བྱ་ལ་གཟིགས་པའི་གནས་མཆོག་ཡིན་པས་ན་དེ་ལྟར་བརྗོད། དེ་ནི་དག་ཞིང་འོལ་མོ་ལུང་རིང་གི་ཆེ་བརྗོད་ལྟ་བུ་ལས་གཞན་པའི་ལུང་པ་ཞིག་གི་མིང་ཡིན་པའི་བཟོ་མེད།  དག་ཞིང་ངམ་རྟག་གཟིགས་འོལ་མོ་ལུང་རིང་ནི་གང་ཟག་སོ་སོའི་དག་སྣང་གི་མོས་བློའི་ཡུལ་ཙམ་ལས་དངོས་པོ་གདོས་བཅས་སུ་གྲུབ་པའི་ཡུལ་ཞིག་མིན་པས་ས་སྟེང་འདི་ན་བཙལ་བ་བླུན་པོ་ཡིན། ཡང་དེང་དུས་མཁས་པ་རྣམས་ཀྱིས་སྟག་གཟིག་གམ་ཏ་ཟིག་ཅེས་པ་དེ་ཨ་རབ་པའི་ལུང་པ་པར་ཤ་དང་ཨ་ཕ་གྷ་ན་སོགས་ལ་སྔར་དུས་སུ་ཏ་ཟིག་གམ་ཏ་ཇིག་ཏུ་འབོད་པས་དེ་ཡིན་པར་བཤད་དོ། དེར་བོན་བསྟན་དར་མྱངས་བའི་ལོ་རྒྱུས་ཡོད་ཀྱང་གཤེན་རབ་ཀྱི་འཁྲུངས་ཡུལ་ཡིན་པར་རློམ་ན་འགལ་བ་དུ་མ་ཞིག་འབྱུང་ངེས་པར་ཐེ་ཚོམ་ཅི་ཞིག་དགོས་ཏེ། གཤེན་རབ་ཀྱི་འཁྲུངས་ཡུལ་གངས་ཏི་སེའི་མདུན། མཚོ་མ་པང་གི་འགྲམ། ཆུ་བཞིའི་འགོ་བོ་ཞེས་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་ཀུན་གྱིས་བཤད་པས་ཡུལ་དེར་དེ་འདྲ་ཞིག་སུས་ཀྱང་མཐོང་མྱོང་མེད་པས་སོ། །

་་་་་་་་་་་་་་འགའ་ཞིག་གིས་འོལ་མོ་ལུང་རིང་ལ་སྟག་གཟིག་གི་ཡུལ་ཞེས་བྲིས་ཤིང་འགྲེལ་བཤད་ཀྱང་དོན་མཐུན་མིན་གང་ལྟར་ཡང་དེར་འགྲོ་ན་མདའ་ལམ་ཞིག་བརྒྱུད་དགོས་པ་དང་དེའི་ལམ་བར་ན་སྟག་དང་གཟིག་སོགས་ཀྱི་གཅན་འཕྲང་འཇིགས་སུ་རུང་བ་ཞིག་ཡོད་པའི་ཚུལ་བསྙད་ནས་སྟག་གཟིག་ཅེས་པའི་མིང་བཏགས་དོན་ཡང་དེ་ཡིན་པར་བཤད། འོན་ཀྱང་སྔར་བྱུང་ཡིག་རྙིང་རྣམས་སུ་བཤད་པའི་སྟག་གཟིག་ནི་གོང་དུ་བཤད་པ་ལྟར་གངས་ཏི་སེའི་ནུབ་ཕྱོགས་སུ་གནས་པའི་ཡུལ་སྡེ་ཆེན་པོ་དེ་དག་གི་བསྡུས་མིང་ཡིན་པའི་ཚུལ་ནི། བསྒྲགས་པ་གླིང་གྲགས་(ཤོག་ངོས། ༨༩)ལས། དེ་ལ་ཡུལ་ཆེན་པོ་བཅོ་བརྒྱད་ནི། ཤར་ན་རྒྱ་ནག་དང་ཁྲི་དུན་གཉིས། བྱང་ན་གེ་སར་དང་ཧོར་གཉིས། ནུབ་ན་སྟག་སྡེ་དང་གཟིག་འཕེན་གཉིས། ལྷོ་ན་རྒྱ་གར་དང་ཁ་ཆེ་གཉིས། དབུས་ན་གངས་ཀྱི་ར་བ་ཅན་དང་དགུའོ། ཞེས་པའི་ཡུལ་ཆེན་གྱི་སྡོམ་ཚིག་འཆད་སྐབས་སྟག་སྡེ་དང་གཟིག་འཕེན་ཞེས་ཡུལ་སོ་སོར་སྨོས་པ་དང་དེ་རྗེས་ཡུལ་སྡེ་རྒྱས་བཤད་སྐབས་སྟག་གཟིག་ཅེས་གོང་གི་སྟག་སྡེ་དང་གཟིག་འཕེན་གཉིས་བསྡུས་ནས་བྲིས་འདུག་སྟེ། ནུབ་སྟག་གཟིག་གི་མཐའ་ན། ཀོའུ་ལི་དང་ཕུ་ན་གཉིས། ཞེས་དང་། བྲག་གཡུང་དྲུང་དོན་སྤུངས་ཕག་ནག་འདུར་བ་འདྲ་བ། སྟག་གཟིག་ན་ཡོད། ཅེས་དང་། སྟག་གཟིག་ན་རི་གཡུང་དྲུང་ཁྱིལ་གཙུག་ཡོད་པས། གཡུང་དྲུང་ལྟ་བུའི་བསམ་གཏན་སྐྱེ། ཞེས་དང་། གེ་སར་དང་སྟག་གཟིག་གི་བར་ནི། སྟོང་ཉིན་གིང་གཉེན་དམར་ནག་གིས་བཅད། སྟག་གཟིག་དང་རྒྱ་གར་གྱི་བར་ནི། མོན་མཚོ་ནག་པོ་གཏིང་རིང་གིས་བཅད། ཅེས་སོ། དེ་ལྟར་དཔེ་ཆ་འདིའི་ནང་དུ་སྟག་གཟིག་ཅེས་པ་མང་དུ་སྨོས་ཡོད་ནའང་སྟག་སྡེ་དང་གཟིག་འཕེན་གཉིས་ཀྱི་བསྡུས་མིང་ལས་གཞན་པའི་སྟག་གཟིག་ཅེས་པའི་ལུང་པ་ཡན་འགར་བ་ཞིག་ཡོད་པའི་ཚུལ་རྩ་བ་ནས་གསལ་མེད། འདི་དང་མཚུངས་པའི་སྒ་སྟོན་གྱི་མཛོད་འགྲེལ་དང་གླེང་གཞི་བསྟན་པའི་བྱུང་ཁུངས་ལས་ཀྱང་བཤད་དོ། །ཁོ་བོའི་བསམ་པར་འདི་ནི་སྔར་སྟོན་པ་གཤེན་རབ་མི་བོའི་སྐབས་སུ་གཡུང་དྲུང་གི་བོན་སྤེལ་སའི་གཙོ་བོ་དང་རྗེས་སུ་གདུང་སོབ་མུ་ཆོའི་སློབ་མ་སྟག་གཟིག་གི་མཁས་པ་དམུ་ཚ་ཏྲ་ཧེ་དང༌། ཁྲི་ཐོག་པར་ཙ། འགུ་ཧུ་ལི་སྤར་ཡ་སྟེ་མཁས་པ་དེ་གསུམ་ནི་ལུང་པ་འདི་ནས་ཡིན་པ་མ་ཟད། སྟག་གཟིག་གི་ཡུལ་འོལ་མོ་ལུང་རིང་ཅེས་སྟག་གཟིག་དང་འོལ་ལུང་གཉིས་སྦྲེལ་ནས་བྱུང་བའི་ཚིག་གི་འཕྲོས་གཞི་ཡང་འདི་མིན་ནམ་སྙམ།

་་་་་་་་་་་་་མདོར་ན་སྟོན་པ་གཤེན་རབ་མི་བོའི་འཁྲུངས་ཡུལ་ནི་སྟོན་པའི་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་སོགས་ལ་དཔྱད་ན་གངས་ཅན་བོད་ཀྱི་ཡུལ་ལྗོངས་གངས་རིན་པོོ་ཆེའི་སྐོར་རྒྱུད་རང་ལ་ལ་ངོས་བཟུང་ཡོད་པ་གསལ་པོར་ཤེས་ཐུབ། དེ་ཡང་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་(ཤོག་ངོས།༢༥༢)ལས། ལྷོ་འཛམ་བུ་གླིང་གི་དབུས་དཀྱིལ། རི་བོ་གངས་ཅན་ཏི་ཙེའི་(སེའི)དྲུང་། མ་ཕམ་གཡུ་མཚོའི་འགྲམ། སྤོས་རི་ངད་ལྡན་གྱི་རྩ་བ། ཆུ་བོ་བཞི་འདུས་ཀྱི་འགོ་བོ། ཞང་ཞུང་གི་ཡུལ་པད་མ་རྒྱས་པའི་དབུས་དཀྱིལ་ན། སངས་རྒྱས་ཀྱི་ཞིང་ཁམས་ནི། ཉམས་དགའ་བ། ཡིད་དུ་འོང་བ། བསིལ་དྲོད་ཀྱི་ཁོད་སྙོམས་པ། རང་བཞིན་བག་དྲོ་བ། ཞིང་ཁམས་དང་ས་སྐོར་ཡང་། རྩི་སྨན་དང་མེ་ཏོག་གི་ཚལ་རྒྱས་པ། ཕྱི་སྐོར་གྱི་མུ་ཁྱུད་ལ། དཔག་བསམ་དང་ལྕགས་རིས་ཁྱུད་མོ་འཁོར་བ། དེའི་དབུས་སུ་མེ་ཏོག་ཨུད་དཔལ་སྔོན་པོའི་ཁ་ལ་ཆགས་ཏེ། མཚན་དང་ལྡན་པའི་སྐྱེས་བུ། སྐུ་མདོག་གཡུ་ག་ལྗང་གི་འདོག་འདྲ་བ། མཚན་དང་དཔེ་བྱད་དུ་ལྡན་པ། སྐུ་བལྟ་བས་ཆོག་མི་ཤེས་པ། བལྟ་ན་སྡུག་པ། ངོ་མཚར་ཆེ་བ། ཡིད་དུ་འོང་བ། དང་ཁ་སྤྲོ་བ། ཡིད་ཁ་བདེ་བ། ཐབས་ལ་མཁས་པའི་སྐྱེས་བུ། རིག་པ་གསལ་བ་ལ། སྟོབས་དང་ལྡན་པ། རྨད་དུ་བྱུང་བ། དོན་མི་བསྙེལ་བའི་གཟུངས་དང་ལྡན་པ། སོ་སོའི་སྒོ་གང་ལས་ཀྱང་མ་འགག་པ། བཀའ་རྒྱ་ཆེ་བར་གསུང་པ། ལུང་གྲངས་མང་བར་མཁྱེན་པ། མན་ངག་མདོར་འདུས་པར་བསྡུད་པ། དེ་ལྟ་བུ་སྐྱེས་བུ་ཞིག་འཁྲུངས་ཏེ། དབུ་ལ་དབང་གི་པྲོག་ཞུ་ནི་མནབས། སྐུ་ལ་དར་ཟབ་ཀྱི་ན་བཟའ་ནི་གསོལ། ཕྱག་ན་གཡུ་ཡི་ཆག་ཤིང་ལ་གསེར་གྱི་གཡུང་དྲུང་རིས་ཅན་ཞིག་བསྣམས་ནས། པད་མའི་གདན་ལ་བཞུགས་སོ། ཞེས་གསུངས་སོ། དེ་བཞིན་མཛད་མདོ་འབྲིང་པོ་གཟེར་མིག་(ཤོག་ངོས།༣༠)ལས། དེ་ནས་འོད་དཀར་པོ་མདའ་གང་བ་ཞིག་ཏུ་སྤྲུལ་ནས། འཇིག་རྟེན་གྱི་ཁམས་ནུབ་ཕྱོགས་ཀྱི་གླིང༌། ཆུ་བོ་བཞི་འདུས་ཀྱི་འགོ ལྷོའི་འཛམ་བུ་གླིང་གི་དམིག འོལ་མོ་ལུང་རིངས། མཁར་བར་པོ་སོ་བརྒྱད་ཀྱི་ནང་ན། ཡབ་རྒྱལ་བོན་ཐོད་དཀར་གཟིམས་པའི་སྤྱི་བོའི་གཙུག་ཏུ་བབས། ཞེས་སོ། མཛད་མདོ་བསྡུས་པ་མདོ་འདུས་(ཤོག་ངོས།༧༥)ལས། གཤེན་ཡུལ་འོལ་མོ་ལུང་རིང་ནི། དཔག་ཚད་ལྔ་བཅུར་ཆུ་ཞེང་མཉམ། གླིང་བཞི་རི་རབ་ཚུལ་དུ་གྲུབ། ལྷོ་འཛམ་བུ་གླིང་གི་ནུབ་བྱང་ན། མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས། འཛམ་གླིང་པྲིཀྵ་ཤིང་གི་རྩ། རི་བོ་གངས་ཅན་ཏི་སེའི་དྲུང་། མཚོ་ནི་མ་པང་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་མགོ རི་བོ་སྤོས་རི་ངད་ལྡན་ཉེ་བའི་ས། རི་ནག་པོ་དགུ་འདུས་ཀྱི་ར་བ་སྟེ། ཆུ་བོ་པཀྵུ་དང་ནི་སིནྡྷུས་བཅད་པ་སྟེ། དུས་གསུམ་སྟོན་པ་འབྱུང་བའི་ཞིང་།ཞེས་དང་། ཡང་དེ་ཉིད་(ཤོག་ངོས།༧)ལས། དེ་ཡང་ཁྱད་པར་འཛམ་གླིང་དབུས། རི་བོ་གངས་ཅན་ཏི་ཙེ་ནི། གཡུང་དྲུང་དགུ་བརྩེགས་རི་ཞེས་བྱ། ཆུ་ཞེང་དཔག་ཚད་ལྔ་བརྒྱའོ། རི་ནི་སྤོས་རི་ངད་ལྡན་དང་། བར་ན་མཚོ་ནི་མ་དྲོས་པ། ཆུ་ཞེང་དཔག་ཚད་ལྔ་བཅུ་བ། ཕྱོགས་བཞིར་ཆུ་བཞི་ཡོད་པ་དང་། སེམས་ཅན་བཞིའི་ཁ་ནས་ཆུ་བཞི་འབབ་པ་ནི། གང་གཱ་ཤར་ཕྱོགས་གླང་ཆེན་ཁ་ནས་འབབ། སིནྡྷུ་ལྷོ་ཕྱོགས་ཁྱུ་མཆོག་ཁ་ནས་འབབ། པཀྵུ་ནུབ་ཕྱོགས་རྟའི་ཁ་ནས་འབབ། སི་ཏ་བྱང་ཕྱོགས་རྨ་བྱའི་ཁ་ནས་འབབ། ཅེས་དང་། རྩ་རྒྱུད་ཉི་ཟེར་སྒྲོན་མ་(ཤོག་ངོས།༢༩)ལས། འོལ་མོ་ལུང་རིངས་ལྷོ་ཕྱོགས་ན། རྒྱ་གར་ཤ་བ་ལམ་པ་ཡོད། རི་ནི་བྱ་རྒོད་སྤུངས་པ་ཡོད། རྡོ་རྗེ་གདན་གྱི་གྲོང་ཁྱེར་ཡོད། དེའི་ནུབ་ན་ཨུ་རྒྱན་ཡུལ་ཡོད། ཤར་ལྷོ་ན་རྒྱ་ནག་རི་བོ་རྩེ་ལྔ་ཡོད། ལྷོ་ན་མོན་གྱི་རྒྱལ་ཁམས་ཡོད། ཤར་ན་ཙ་རི་ཙ་ཀོང་ཡོད། ལྷོ་ནུབ་སྲིན་པོ་མུ་སྟེགས་གླིང་། ཞེས་པ་འདིས་འོལ་མོ་ལུང་རིང་ཡུལ་གང་དུ་ཡོད་པ་གསལ་བར་བྱས་ཏེ། དབུས་འོལ་མོ་ལུང་རིང་བཞག་ནས། རྒྱ་གར་དེའི་ལྷོ་ཕྱོགས་ན་ཡོད་པ་དང་། རྒྱ་ནག་དེའི་ཤར་ལྷོ་ན་དང་། མོན་གྱི་ཡུལ་ནི་བལ་ཡུལ་ཕྱོགས་སུ་ངོས་འཛིན་བྱེད་སྲོལ་འདུག་པས་དེ་ནི་ལྷོ་དང་། ཨོ་རྒྱན་ནུབ་ན་ཡོད་པ་སོགས་བཤད་པས་མ་ཟད། དཔལ་ཆེན་གྱི་ཁམས་འགྲེལ་(ཤོག་ངོས།༡༡༧)ལས། བལྟམ་ཞིང་སྐྱེ་བ་བཞེས་པ་ལ་ཡང་ལྷོའི་དགོངས་པ་ནི། གསལ་བ་འོད་ཀྱི་གླིང་ལ་སྐུ་བཙའ་སྟེ། ཆོ་འཕྲུལ་གྱི་མཛད་པ་དྲུག་ཅུ་རྩ་གཅིག་དང་ལྡན་པ་ཉིད་ཀྱིས་ཐུགས་ལ་གསལ་བ་ཞིག་སྐུ་འཁྲུངས་ཏེ། འདི་ཡི་དགོངས་པ་ནི་འཛམ་བུ་གླིང་གི་དཀྱིལ་མ་དྲོས་པའི་མཚོ་དང་གངས་རི་ཅན་དུ་སྐྱེ་བ་བཞེས་པར་གསལ་བ་ཡིན་ནོ། ཞེས་སོ། །

་་་་་་་་་་་་དེས་ན་གཤེན་རབ་མི་བོའི་འཁྲུངས་ཡུལ་དངོས་ནི་བོད་གངས་ཅན་ལྗོངས་རང་ཡིན་པ་དང་གཤེན་རབ་ནི་བཀྲུས་ན་མ་དག་པའི་བོད་མི་ཞིག་ཡིན་པར་ཤེས་དགོས་པ་གལ་ཆེ། ཁ་ཅིག་ན་རེ། འོལ་མོ་ལུང་རིང་བོད་ཡུལ་ཡོད་ན་འོལ་མོ་ལུང་རིང་གཡུང་དྲུང་དགུ་བརྩེགས་ནི། སངས་རྒྱས་སྟོང་དང་རྩ་གཉིས་བྱོན་པའི་གནས། ཡོན་ཏན་ཕུན་སུམ་ཚོགས་པའི་ཞིང་མཆོག་འདི་ལ་འཕོ་འགྱུར་ཞིག་བྲལ་མེད། མེ་བདུན་ཆུ་གཅིག་དུས་ལ། དཔག་ཚད་གཅིག་ལས་འཕགས། སྲིད་པ་ཡེ་སངས་ཡུལ་དང་འབྲེལ་བར་བཞུགས། ཞེས་པའི་ལུང་དེ་དང་་འགལ་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་ནི་འོལ་གླིང་གི་ཆེ་བ་བརྗོད་པ་ཙམ་ཡིན་པ་ལས་དོན་ལ་དེ་ལྟར་ཡིན་དགོས་པའི་ངེས་པ་མེད་པའི་ཕྱིར། གལ་ཏེ་དེ་ལ་བཤད་པ་དེ་འདྲ་བྱས་པ་ལྟར་དོན་ལ་གནས་དགོས་ན་གངས་རིན་པོ་ཆེ་ཡང་དེ་ལྟར་ཡིན་པར་ཐལ། དེ་ལ་བཤད་པ་དེ་འདྲ་བྱས་པ་ཡོད་པའི་ཕྱིར་ཏེ། ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས། ཁྱད་པར་འཕགས་པའི་གངས་རི་མཚོ་གསུམ་འདི་ཉིད་ནི། འབྱུང་བ་ལྔ་ལ་བརྟེན་ནས་ཆགས་པའི་རི་མ་ཡིན་ཞིང་། དེ་གང་ཞེ་ནའང་། བདེ་བར་གཤེགས་པ་གཙོ་བོ་བཞི་དང་ཡི་དམ་མགོན་པོ་རྣམ་གསུམ་གྱི་སྤྲུལ་པའི་གནས་ཡིན་ཞིང་། རི་ནི་རང་བྱུང་ལྷུན་ལ་རྫོགས་པ་བསྐལ་པ་གསུམ་གཡོས་ཀྱང་མི་འཇིགས་པ། བྲག་ནི་རིན་པོ་ཆེའི་དབྱིག་བྲག་ཡིན་པས། རླུང་རྡོ་རྗེ་རྒྱ་གྲམ་འཕྱོས་ཡང་མི་བསྐྱོད་པ། རྡོ་རྣམས་ནི་ཨར་མོ་ལི་ཀ་ཆེན་པོ་ཡིན་པས། རྡོ་རྗེའི་ཕ་ལམ་མངགས་ཀྱང་མི་ཆོད་པ། གངས་ནི་རྒྱལ་བའི་བྱིན་བརླབས་ཡིན་པས། བསྐལ་པའི་མེ་བདུན་ཤར་ཡང་མི་ཞུ་བ། མཚོ་ནི་རྒྱ་མཚོའི་འོབ་མ་ཡིན་པས་དམྱལ་མེ་བརྒྱད་འཁྲུག་ཀྱང་མི་དྲོས་པའོ། །དེ་རྣམས་ནི་དུས་ཀྱི་ཐ་མ་རུ་མེ་ཆུ་ས་རླུང་གི་མི་འཇིག་ཅིང་ནམ་མཁའ་ལ་ཟག་མེད་དུ་གཤེགས་པའོ།། ཞེས་གསུང་པའི་ཕྱིར།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *