བླ་ཡིད་སེམས་གསུམ་གྱི་སྐོར།

རྩོམ་ཡིག་འདི་ཐེངས། 197944 བཀླགས་འདུག

screen-shot-2016-12-02-at-8-01-39-pm

ནང་དོན་གནད་བསྡུས། རྩོམ་འདིར་སྐྱེ་འགྲོ་སྲོག་དབུགས་ཀྱིས་བསྡུས་པའི་འགྲོ་བ་ཡོངས་ཀྱི་རྒྱུད་ལ་ཡོད་པའི་བླ་ཡིད་སེམས་གསུམ་གྱི་སྐོར་ནས་རྒྱལ་བའི་བཀའ་དང་འཕགས་པའི་ལུང་རྣམས་ཀྱི་དགོངས་དོན་ཟབ་མོ་རྣམས་བསྡུས་ཤིང་སྐྱེ་དགུ་འགྲོ་བའི་བདེ་སྡུག་ལེགས་ཉེས་ཐམས་ཅད་ནི་བླ་དར་གུད་ལ་རག་ལས་པས་དང་པོ་བླ་ཡིད་སེམས་གསུམ་གྱི་འབྱུང་ལུགས་དང་། གཉིས་པ་བླ་ཡི་ངོ་བོ་དང་བྱེད་ལས་བླ་དེ་ཉམས་ན་དར་བའི་ཐབས་བླ་བསླུ་སོགས་ཀྱིས་རྟེན་གྱི་གང་ཟག་དེ་བླ་ཚེ་ཉམས་པ་དང་བདེ་སྐྱིད་དབང་ཐང་ཉམས་པ་རྣམས་གསོ་ཐབས།   བར་ཆོད་དགྲ་བགེག་བྱད་མས་མཐུ་གཏད་ཅིང་བླ་འཕྲོག་པ་དང་ཚེ་ཟད་འཆི་བའི་དུས་སུ་གཤེད་མས་བླ་ཁྱེར་བ་དེ་དག་འགུག་སྒྲོལ་སྤོར་གསུམ་ལ་སོགས་ཐབས་ཁྱད་པར་ཅན་གྱིས་བླ་ཡིད་སེམས་གསུམ་རྟེན་གཅིག་ཏུ་བསྡུས་ནས་བདེ་གནས་དང་ཐར་ལམ་ལ་བཀོད་ཚུལ།    གསུམ་པ་སེམས་དང་ཡིད་ཀྱི་ངོ་བོ་དང་དབྱེ་བ་བྱེད་ལས་སོགས་ངོས་འཛིན་བྱས་ཡོད།

བརྡ་ཆད་གཙོ་བོ། བླ། ཡིད། སེམས།

སངས་རྒྱས་བསྟན་པ་ཆགས་པའི་གཞི་མ་རུ།།

གནས་སྐབས་སེམས་ཅན་ཞི་བདེར་བཀོད་པའི་སྨིན།།

སྲིད་གཤེན་ཐེག་པའི་གྱེར་སྒོ་བླ་མེད་བོན།།

སྟོན་མཛད་དམུ་སྲས་བརྒྱ་བའི་མགོན་པོར་འདུད།།

སྲིད་གཤེན་ཐེག་པའི་ལྟ་སྤྱོད་ཟབ་མོའི་དོན།།

བླ་ཡིད་སེམས་ཀྱི་འདོད་དོན་ཟུར་ཙམ་ཞིག།

ཁོ་བོའི་བཀའ་ལུང་རྒྱ་མཚོའི་བཅུད་བསྡུས་ཏེ།།

དཔྱད་གཞིའི་ཟིན་ཐོ་ཙམ་ཞིག་འདི་ན་བསྒྲིགས།།

་་་་་་་་་་་གཤིན་པོ་ལ་འདྲེན་སྟོན་བྱེད་པའི་གང་ཟག་ཞིག་ཡིན་ཕན་ཆད་བླ་ཡིད་སེམས་གསུམ་ཞེས་པ་དེ་ངེས་པར་དུ་ངོས་ཟིན་དགོས་ཏེ། འདུར་བརྒྱུད་ལས། བླ་ཡིད་སེམས་གསུམ་མ་ཤེས་ན། འདྲེན་སྟོན་པ་རྣམ་འདྲེན་ཐབས་མེད། ཅེས་གསུངས་པ་ལྟར། འདྲེན་རྒྱུ་གང་ཟག་གང་ཡིན་ཚེ་འདི་ལས་འདས་ནས་ཕྱི་མའི་ལྔ་ལམ་དུ་འགྲོ་སྐབས་སུ་རང་གིས་གཅེས་པར་བཟུང་བའི་མི་ནོར་ཡུལ་མཁར་སོགས་རྗེས་སུ་ལུས་པ་རྣམས་ལ་ཆགས་ཞེན་དང་བཅས་པས་ལས་ཀྱི་སྲིད་པའི་ཤ་གཟུགས་ཅན་དེའི་བླ་ནི་ལུག་སྤྱང་ཀིས་འདེད་པ་བཞིན་དུ་ལན་ཆགས་ཀྱི་བདག་པོ་རྣམས་ཀྱིས་རང་དབང་མེད་པ་འདེད། ཡིད་ཀྱང་རི་བྲག་ཁང་ཁྱིམ་ལ་སོགས་ངེས་མེད་དུ་འཇུག་ཅིང་བྱ་སྒྲོ་རླུང་གིས་གཡེང་བ་ལྟ་བུའི་རྟེན་མེད་དུ་གྱུར་ནས་རེ་ས་དང་སྐྱབས་ས་མེད་པའི་སྐབས་དེར། རྗེས་སུ་ལུས་པའི་བུ་ཚ་དང་ཉེ་འབྲེལ་དང་བླ་མ་དཀོན་མཆོག་གསུམ་པོ་སོགས་ལ་སྐྱབས་སུ་འཚོལ་བའི་སྐབས་དེར། ཤུལ་དུ་ལུས་པ་རྣམས་ཀྱིས་གཤིན་པོའི་ཆེད་དུ་འདུར་དང་བྱང་ཆོག་སོགས་ཀྱི་དགེ་རྩ་བཏང་བ་ལ་བརྟེན་ནས་བདེ་གནས་དང་ཐར་ལམ་རྙེད་དགོས་པ་ཡིན་པས། དེའི་སྐབས་སུ་འདུར་དང་བྱང་ཆོག་ལ་འཇུག་པའི་གང་ཟག་དེས་གཤིན་པོའི་བླ་ཡིད་སེམས་གསུམ་བཀུག་ནས་དམིགས་རྟེན་ཕུང་པོ་དང་མཚན་བྱང་གང་ཡིན་པ་དེ་ལ་གཅིག་ཏུ་བསྡུ་དགོས་པ་ཡིན་པར་བརྟེན། དེ་གསུམ་གྱི་ངོ་བོ་དང་ཁྱད་པར་བྱེད་ལས་སོགས་མ་མཁྱེན་ཐབས་མེད་ཆགས་ཡོད་པས། གདུལ་བྱ་བླ་ཡིད་སེམས་གསུམ་ཞེས་པ་དེ་ཇི་ལྟར་ཡིན་པར་མ་ཤེས་ན་འདུལ་བྱེད་ཀྱི་འདྲེན་སྟོན་དང་བྱང་བཞུ་བ་འདུར་གྱི་ཕྱག་ལས་རྣམས་ཀྱང་མུན་པའི་མཛུབ་བརྡ་དང་འདྲ་སྟེ། འདུར་རྒྱུད་ལས། དེ་ལྟར་མ་རྟོགས་ཚེ་འདས་དོན་བྱེད་ན། ལོང་བས་ལོང་བ་ཁྲིད་པ་འདྲ། ལག་སྦྲེལ་གཡང་ལ་ལྟུང་བར་འདྲ། ཞེས་གསུངས་སོ།།

དང་པོ་བླ་ཡིད་སེམས་གསུམ་གྱི་ངོ་བོ་ངོས་འཛིན་ཚུལ་ནི། བླ་ནི་ཀུན་གཞི་རྒྱུད་ལྡན་གྱི་གང་ཟག་རྣམས་ཀྱི་ཚེ་དང་སྲོག་ལ་འབྲེལ་བ་གཏིང་ཟབ་ཡོད་པའི་དངོས་པོ་ཞིག་ཡིན་ཞིང་། གང་ཟག་ལ་ལྷན་སྐྱེས་སུ་གྲུབ་པ་ཡིན་ཏེ། གསང་ལུང་ལས། བླ་ནི་སྲོག་གི་རྗེས་འགྲོ་བྱེད། ཅེས་གསུངས་པ་དང་། རིན་ཆེན་ཕྲེང་བའི་གཞུང་ལས། གཤེད་དང་བླ་གཉིས་དང་པོ་སྐྱེ་ཡང་ལྷན་ཅིག་སྐྱེས། བར་དུ་རྐྱེན་དང་འགྲོགས། ཐ་མ་ལས་ཀྱི་གཤེད་དང་དབང་དུ་འཆི། ཞེས་སོ།། བླ་དེ་ཉམས་པ་དང་འཁྱམས་པ་དང་ལྷ་འདྲེས་ཁྱེར་བ་ལ་སོགས་འབྱུང་སྐབས་གང་ཟག་དེ་ལ་ནད་དང་གོད་ཁ་འཆི་བ་ལ་སོགས་ཡོང་བས་རྒྱུན་དུ་བླ་རྟེན་གསོལ་བ་དང་། ལུས་ལ་བླ་གཡུ་འདོགས་པ་དང་བླ་བསླུ་བའི་ཆོ་ག་ལ་སོགས་ཡོད། བླ་རྟེན་ནི་ཕྱི་ནང་གི་དངོས་པོ་གང་བཟང་སོ་སོས་གང་གཅེས་པ་དང་ཆགས་ཞེན་ཆེ་བའི་དངོས་པོ་སོགས་ལ་རྟེན་བཅའོ།། ཁྱད་པར་དུ་ན་བཟའ་དྲི་མ་ཅན་ལ་རྟེན་བཅའ་ཏེ། མུ་ཆོའི་ཁྲོ་འདུར་ལས། དང་པོ་མ་ལས་བཙས་པ་ནས། ཐ་མ་ཤི་ལ་ཐུག་པའི་བར། གསོན་རོགས་ན་བཟའ་དྲི་མ་ཅན། ཞེས་དང་། སྐྱོ་རོགས་གསོན་རོགས་གོས་ལ་བྱས། སྐྱིད་རོགས་སྡུག་རོགས་གོས་ལ་བྱས། ཅེས་པས་སོ།། བླ་འཁྱམས་པའི་དུས་ནི། གཉིད་དང་རྨི་ལམ་གྱི་སྐབས་སུ་བག་ཆགས་ལྡངས་བ་དང་ཡིད་སེམས་དང་འབྲེལ་བས་ཡིད་ལུས་སུ་ཤར་ཏེ་སྔ་ཕྱི་ད་ལྟའི་གནས་ངེས་མེད་དང་ཡུལ་ངེས་མེད་ལ་འཁྱམས་པ་ཡིན་ཏེ། ཉི་ཟེར་ཞགས་པ་ལས། བླ་ནི་འདུ་བྱེད་བག་ཆགས་རྗེས་སུ་འཁྱམས། ཀུན་གཞིའི་བག་ལ་གནས་ཤིང་བཟང་ངན་དེ་ལ་གསོག ཅེས་དང་། ཤེལ་ཁྲབ་བསྐང་བ་ལས། བཅོ་ལྔ་ནམ་གྱི་ཕར་མ་ཚུར་ཕྱེད་ལ། མི་རྣམས་ཐམས་ཅད་ཆེ་ཉལ་ཆུང་ཉལ་དུས། བླ་རྣམས་ཐམས་ཅད་ཆེ་འཁྱམས་ཆུང་འཁྱམས་དུས། ཞེས་དང་། བྱང་ཁྲུས་ལས། བླ་ཞེས་པ་དེ་འཁྲུལ་པའི་རྗེས་སུ་འགྲོ་བ་དང་། རྣམ་པར་ཅི་ཡང་མ་ངེས་པ་རྫུན་ཞིང་ཕྱི་ནང་ཀུན་ཏུ་ཡིད་ཀྱི་རྣམ་ཤེས་དང་མཉམ་དུ་རྒྱུ་བའོ།། དཔལ་ཚུལ་བསྟན་འབྱུང་ལས། བླ་ནི་དེ་དག་ལ་འཕོས་མཆེད་པ་བའི། ཡིད་སེམས་འབྲེལ་བ་ཆ་ཤས་གཏད་མེད་དུ་སྣང་བ་གང་འཕྲད་དང་འགྲོགས་ཡན་པར་འཁྱམས། དེས་ན་མེ་ལས་བྱུང་བའི་དུ་བ་བཞིན། ཡིད་སེམས་ལས་སྐྱེས་དེའི་སྲོག་ལྡན་ནོ།། ཞེས་པས་ཡིད་སེམས་དང་འབྲེལ་ཞིང་། ཡུལ་སྣ་ཚོགས་ལ་ཡན་པར་འཁྱམས་པའི་རྨི་ལམ་གྱི་ལུས་ལྟ་བུ་ཞིག་ཏུ་བསྟན་ནོ།། གཞན་ཡང་བླ་ནི་འབྱུང་བ་དང་གཟའ་སྐར་སོགས་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་བཤད་སྲོལ་ནི། བླ་གཟའ་དང་བླ་སྐར། གཤེད་གཟའ་དང་གཤེད་སྐར་སོགས་དུ་མ་ཡོད་པས། རང་གི་བླ་གཟའ་བླ་སྐར་ལ་འཕྲད་ན་སྟབས་ལེགས་པ་དང་བྱ་བ་ལམ་དུ་འགྲོ་བ་དང་ཚེ་བསོད་དབང་ཐང་རྒྱས་པ་འགལ་རྐྱེན་བར་ཆད་མེད་པར་ལེགས་པའི་ཡོན་ཏན་གོང་དུ་འཕེལ་བར་དང་། གཤེད་གཟའ་དང་གཤེད་སྐར་ལ་འཕྲད་དུས་བྱ་བ་གང་བྱས་ཀྱང་ལམ་འགྲོ་མེད་པ་དང་རླུང་རྟ་གུད་པ་འབྱུང་ཁམས་ཆ་མི་མཉམ་པ་སྐྲག་སྔངས་ཆེ་བ་ཚེ་ལ་བར་ཆད་འོང་བར་སོགས་དང་བླ་ཡལ་བ་སོགས་ཉེན་ཁ་དུ་མ་ཡོད། བླ་དེར་གང་ཟག་གི་ལུས་ལ་གནས་དུས་ལུས་ཀྱི་ཆ་གཅིག་ཁོ་ན་ལ་གནས་པ་མ་ཡིན་ལུས་མགོ་མཇུག་བར་གསུམ་ལ་རྗེ་ལེན་བྱས་ནས་འགྲོ་བ་ནི་དཔེར་ན་ཚེས་གཅིག་རྐང་མཐིལ་དུ་གནས་པ་དང་། ཚེས་གཉིས་ལ་བོལ་གོང་ནས་རིམ་གྱིས་བཅོ་ལྔར་སྤྱི་བོ་ནས་ལུས་ཀུན་ལ་ཁྱབ་པར་གནས་པ་ལྟ་བུའོ།། གང་ལྟར་བླ་ཞེས་པ་དེ་རང་རང་ལུས་ལ་གནས་ཤིང་ཕྱི་ཡུལ་གྱི་དངོས་པོ་ཁག་དང་འབྲེལ་བ་ཟབ་མོ་ཡོད། དངོས་པོ་དེ་ཉིད་ཡིད་སེམས་གང་གི་ཚོགས་པ་མ་ཡིན་ལ་ཀུན་གཞིའི་སྟེང་གི་བག་ཆགས་ངན་པ་ཡང་མིན། འོ་ན་གང་ལྟར་ཡིན་ཞེ་ན། འདིར་མཁས་པ་དུ་མས་བཞད་ཚུལ་མང་ཡང་། ཁ་ཅིག་གི་ཀུན་གཞི་རྣམ་ཤེས་ལ་འདོད་པ་དང་། ཁ་ཅིག་གི་ཀུན་གཞི་སྟེང་གི་བག་ཆགས་ལ་འདོད། ཁ་གཅིག་གི་རྩ་རླུང་ཐིག་ལེའི་དྭངས་མ་ཞིག་ལ་འདོད་པ་སོགས་མི་མཐུན་པ་སྣ་སོགས་ཡོད་ན་ཡང་། བླ་དེ་ཀུན་གཞི་སྟེང་གི་བག་ཆགས་ལ་བཞག་ན་བག་ཆགས་དེ་ཀུན་གཞི་ལ་ཆགས་པའི་དྲི་མ་ཞིག་འཇོག་དགོས་པས། དེ་ལྟར་ན་བླ་འཁྱམས་ཞེས་པ་དང་བླ་ལྷ་འདྲེས་ཁྱེར་ཞེས་པའང་བག་ཆགས་འཁྱམས་པ་དང་བག་ཆགས་ལྷ་འདྲེས་ཁྱེར་བ་ཡོད་ཟེར་དགོས་པས། བག་ཆགས་དེ་ཀུན་གཞི་དང་བྲལ་ཏེ་འཁྱམས་ཚུལ་དང་ཁྱེར་ཚུལ་ཇི་ལྟར་ཡིན་མིན་དང་། བླ་གཤེད་མས་ཁྱེར་བ་དང་བླ་འཁྱར་ཚུལ་བླ་གནས་བརྗེ་ལེན་སོགས་འགྲེལ་དཀའ་བར་མ་ཟད། གབ་འགྲེལ་ལས། བག་ཆགས་ཀྱི་རྗེས་སུ་འགྲོ་མཁན་དང་། བག་ཆགས་གསོག་མཁན་ཞིག་ལ་བླ་ཞེས་གསུངས་སོ།། འོ་ན་བླ་ཞེས་པ་དེ་ག་འདྲ་ཞིག་ལ་ངོས་འཛིན་རྒྱུ་ཡིན་ཟེར་ན། བླ་ནི་སྲོག་གི་རྗེས་འགྲོ་བྱེད་གསུངས་པ་ལྟར། འབྱུང་བའི་དྭངས་མའི་འབྱུང་ཁམས་ཕྲ་མོ་ཞིག་གམ་ནུས་པ་ཞིག་དབང་ཤེས་ཀྱི་གཞལ་མི་ཐུབ་པའི་དངོས་པོ་ཞིག་ལ་ངོས་འཛིན་དགོས་པས། དེ་ཉིད་ལུས་ཀྱི་སྲོག་དང་འབྲེལ་བས་བླ་ནི་སྲོག་གི་རྗེས་འགྲོ་བྱེད། ཅེས་གསུངས་སོ།། རྣལ་འབྱོར་པས་ལུས་སེམས་ཀྱི་གནས་ལ་བརྟེན་ནས་བསྒོམས་པས་དགེ་མཚན་དུ་མ་འབྱུང་བ་དང་། རྟེན་འབྲེལ་གྱི་དབང་གིས་དེ་ཉིད་རང་བྱུང་ཁམས་ཀྱི་དངོས་པོ་དང་འབྲེལ་ཞིང་དེའི་དབང་གིས་དེ་ཉིད་འཕེལ་འགྲིབ་འབྱུང་སྐབས་འཕེལ་ན་གང་ཟག་དེ་བདེ་སྐྱིད་ལེགས་ཚོགས་འབྱུང་བ་དང་། འགྲིབ་ན་མི་བདེ་བ་དང་བླ་ལྷ་འདྲེས་བརྐུས་པ་དང་སྲོག་ལ་བར་ཆད་འབྱུང་བ་སོགས་མི་ལེགས་པའི་རྟགས་མཚན་དུ་མ་ཤར་བ་ནི་བླ་དར་གུད་ལ་རག་ལས་པ་ཡིན། བླ་འགུག་ཚུལ་ལ། གསོན་པོའི་དུས་སུ་བླ་ཕྱི་ཡུལ་གྱི་འབྱུང་བའི་དངོས་པོ་ཁག་ལ་འཁྱམས་པ་དང་རྨི་ལམ་གྱི་སྐབས་དང་སྔངས་སྐྲག་ཆེན་པོ་ཤོར་བ་དང་ལྷ་འདྲེས་ཆོ་འཕྲུལ་དབང་གིས་བླ་དེ་ཉིད་ཚུར་རང་གི་ལུས་སོགས་ལ་འཕྲད་མ་ཐུབ་ནས། ལུས་ཀྱི་སྟོབས་ཉམས་པ་དང་ན་ཚ་དང་གོད་ཁ་སོགས་འབྱུང་སྐབས་ཚེ་སྒྲུབ་དང་བླ་བསླུ་བའི་ཆོ་ག་ལ་བརྟེན་ནས་ཆོ་གའི་མཆོད་རྫས་སོགས་ཚངས་པ་དང་། ཚེ་མདའ་ཚེ་རིལ་ཚེ་ཆང་བླ་རྡོ་དཀར་ནག་བླ་གཡུ་བླ་གཟུགས་སོགས་དགོས་ཆས་ཐམས་ཅད་ཕུན་སུམ་ཚོགས་པ་བསགས་ལ་སྒྲུབ་གཤེན་གྱིས་ཚེ་སྒྲུབ་དང་བླ་བསླུ་བའི་ལས་རིམ་ལ་འཇུག་ནས་དམིགས་ཡུལ་གྱི་བླ་ཚེ་སྲོག་གསུམ་དང་འབྱུང་བ་ལྔ་ཡི་བཀྲག་མདངས་བླ་ཚེ་ཉམས་པ་ཐབས་ཅད་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནས་རང་དབང་མེད་པ་ཐུགས་རྗེ་སྟོབས་ཀྱིས་བཀུག་ནས་དམིགས་ཡུལ་གྱི་ཤ་ཁྲག་དྲོད་དབུགས་བཞི་ལ་བསྟིམས་པར་བསམ་མོ།།

་་་་་་་་་་་་དེ་ནས་བླ་ཁུག་དང་མ་ཁུག་བརྟགས་ནས། བླ་མ་ཁུག་ན་བླ་རྡོ་ནག་པོ་ལག་ཏུ་ཟིན་པ་དང་བླ་ནས་ཉུང་བ་དང་། བླ་གཡུ་དང་བླ་མདའ་ལ་མདངས་བཀྲག་མེད་པ་དང་། བླ་གཟུགས་བསྐོར་ཚེ་བླ་གཟུགས་ཀྱི་གཡོན་དང་རྒྱབ་བསྟན་པ་སོགས་འབྱུང་བ་དང་། བླ་ཁུག་པའི་རྟགས་ནི། བླ་རྡོ་དཀར་པོ་ཟིན་པ་དང་བླ་གཡུ་དང་བླ་མདའ་སོགས་ལ་བཀྲག་མདངས་རྒྱས་པ་དང་། བླ་ནས་མང་བ་དང་། བླ་གཟུགས་ཀྱང་དམིགས་ཡུལ་དང་དཀྱིལ་འཁོར་ལ་གཡས་དང་མདུན་བསྟན་པར་ཡོད་དོ།། དེ་ལྟར་ན་བླ་བསླུ་བྱེད་ཚུལ་མང་ཡང་མདོར་ན་སྒྲུབ་གཤེན་གྱིས་བླ་ཁྱེར་བའི་ལྷ་འདྲེའི་ལག་ནས་ཐུགས་རྗེ་ནུས་སྟོབས་ཀྱིས་ཕྲོགས་ནས་བླ་རྟེན་གང་ཡིན་པ་དེ་ལ་བསྡུ་མ་ནུས་ན། ཆོ་གའི་སྒོ་ནས་གདངས་དབྱངས་སྙན་སྙན་དང་ཆས་གཟབ་གཟབ་ཇི་ལྟར་བྱེད་ཀྱང་བླ་འགུག་པའི་ནུས་པ་དབེན་པའོ།། དེ་ནས་མ་རུང་ཞིང་བཅུའི་དགྲ་བགེགས་གནོན་བསྲེགས་ཀྱི་སྐབས་སུ་འགུག་ཚུལ་ལ། གནོད་པར་བྱེད་པའི་དགྲ་བགེགས་དེ་ཉིད་རང་གི་ཕ་བསད་པའི་ལག་དམར་ལྟ་བུ་དམིགས་ནས་ཞེ་སྡང་དབང་གིས་འགུག་པ་སོགས་མ་ཡིན་ཏེ། འདུར་རྒྱུད་ལས། སྲིད་གཤེན་དམ་ལོག་གནར་མེད་དམྱལ་བར་སྐྱེས། ཞེས་གསུངས་སོ།། འོ་ན་ཅི་ལྟར་དགོས་ཞེ་ན། གཞི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། ལས་སྦྱར་ལ་མཁྱེན་པ་གསོལ་བ་དང་། གཟུ་དཔང་གསོལ་བ་དང་། འགུག་ཅིང་འབྲོས་ལམ་བཅད་པ་དང་། ར་མདའ་སྦྲན་ཞིང་ལ་ཡོག་དར་བདར་བ། ལྷ་དང་ཕྱེ་ཞིང་གཤེན་དང་སྤྲད་པ་དང་། བྱད་དུ་བཅུག་པ་དང་། འབྲུབ་ཁང་ནས་དྲང་པ་དང་། ཕུར་པ་གདབ་པ་དང་། མདའ་ཐུན་རྡེ་འ་དང་། མཚོན་གྱིས་རྡེག་པ་དང་། ཉུང་ཟོར་རྡེག་པ་དང་། སྣ་ཚོགས་ཐུན་གྱིས་བྲབ་པ་དང་། ཐོ་བས་བརྡུང་བ་དང་། བསྒྲལ་ཞིང་ཤ་ཁྲག་ཁྲོ་བོའི་ཞལ་དུ་བསྟབས་པ་དང་། རྣམ་ཤེས་བོན་ཉིད་དབྱིངས་སུ་སྤར་བ་སོགས་རེ་རེ་བཞིན་སྔགས་ཚིག་དང་ཏིང་འཛིན་སོགས་མཚུངས་བ་དང་། གཞན་ཡང་ལས་ཀྱི་ཁ་ཚ་དགུ་དང་། སྲོག་གི་གཟེར་འདེབས་གསུམ། དྲག་པོའི་མཐའ་སྡུད་གསུམ། ཆོ་གའི་འཆིངས་བ་གསུམ་སོགས་དེ་དག་གང་ཡང་གཞི་སྙིང་རྗེའི་བཟུང་། ཁོག་ལྟ་བས་དབུབ། དོན་བོན་ཉིད་ལ་བསྡུ་དགོས་ཏེ། གཏིང་རྫོགས་ལས། དེ་ལྟ་བདག་སྒྲུབ་པ་པོའི་སེམས་དང་། གཟས་པ་པོ་འབེན་གྱི་སེམས་དང་། ཕུར་པ་གཡུང་དྲུང་ཐུགས་གསུམ་ཡེ་ནས་སེམས་ཉིད་ཉག་གཅིག་སོ་སོར་མི་གནས། གང་ཡང་མ་གྱུར་གུད་ན་མི་དམིགས་ཞེས་པ་ལྟར། བདག་དང་ཡུལ་དང་ལྷ་གསུམ་རང་གི་རོལ་པ་འགག་མེད་ཆེན་པོ་གཟེར་འདེབས་པའོ།། གཤིན་པོའི་བདེ་གནས་ཀྱི་ཆེད་དུ་བྱང་ཆོག་གི་སྒོ་ནས་བླ་འགུག་ཚུལ་ནི། དཀར་རུ་གྲུབ་དབང་རིན་པོ་ཆེའི་འདྲེན་ཆོག་ཐུགས་རྗེའི་ཞགས་པ་ལས། ཡར་མར་གྱི་ཟང་ཐལ་མ་གཏོགས་དབང་པོ་འབྲིང་རྣམ་ནི་ལས་ཀྱི་འབྲེལ་བའི་ལུས་སེམས་གཅིག་པ་དེ་སོ་སོར་བྲལ་ཚེ། ཞག་གསུམ་མམ་ཞེ་དགུའི་བར་དུ་ནི་ལུགས་སྤྱང་ཀས་འདེད་པར་ལྟར་དུ་ལན་ཆགས་ཀྱི་བདག་པོ་རྣམས་ཀྱིས་རང་དབང་མེད་པར་འདེད། ཡིད་ནི་ཀུན་གཞིའི་བག་ལ་ཞ་ཞིང་བུ་ཆུང་གཉིད་ལོག་པ་ལྟ་བུ་དྲན་མེད་འགྲོ། སེམས་ནི་རྟེན་མེད་བྱ་སྒྲོ་རླུང་གི་ཁྱེར་བ་ལྟ་བུ་དགེ་སྡིག་རྒྱུ་འབྲས་ཀྱིས་དེད་དེ་རིགས་དྲུག་གི་གནས་སུ་ཁ་རྒྱུད་པ་ཡང་འབྱུང་། དེ་ཕྱིར་བླ་ཡིད་སེམས་གསུམ་གཅིག་ཏུ་བསྡུ་དགོས་པའོ།། ཞེས་གསུངས་པ་དང་། ལྷ་གཉེན་ཤེལ་སྒོང་ལས། བྱང་ཆུབ་སེམས་ལ་ཐར་པ་དང་ལྟུང་བ་མེད་དེ་ལྟུང་ས་འཁོར་བ་ཉིད་བོན་ཉིད་ལས་མི་གཞན་མ་གྱེས་པའི་ཚུལ་དམྱལ་བའི་གནས་ཀྱང་བོན་ཉིད་དབྱིངས་གསུངས་པ་བཞིན་ལ། འོན་ཀྱང་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་འཁྲུལ་སྣང་སྲིད་པའི་གྲོང་དུ་འཁྱམས་ཤིང་སྡུག་བསྔལ་བ་ལས། དེ་དག་འཁོར་བའི་གནས་ནས་མ་དྲངས་ན་བདེ་བའི་གནས་དང་དུས་ནམ་ཡང་མི་འཕྲད་པ་ནི་འདྲེན་ཆོག་ཐུགས་རྗེ་ཞགས་པ་ལས། དང་པོ་ལྷན་སྐྱེས་ཡེ་ཤེས་ཀྱི་རང་ངོ་མ་ཤེས་པའི་རྐྱེན་གྱིས། ཤེས་ནས་རང་སེམས་དགྲ་རུ་ལང་ཞིང་ལྷན་ཅིག་སྐྱེས་པའི་བདུད་ཟ་འདྲེ་ཤི་གཤེད་དངོས་སུ་གྱུར་ནས་རང་དགྲ་དང་རང་གཤེད་བྱེད་ཅིང་དགེ་བའི་ཕན་ཡོན་མི་ཐོབ་ཐར་བའི་གེགས་བྱེད། སྡིག་པ་དངོས་སུ་སྨིན་ཞིང་ངན་སོང་གི་གཏིང་དུ་ཕུལ། སེམས་ཀྱང་བྱེའུ་ཆུང་ཁྲ་ཡིས་བདས་པ་ལྟར་དུ་འགྲོ་བ་དེ་གཤེད་དང་ཕྲལ་དགོས་ཏེ། འདུལ་རྒྱུད་ལས། ཚེ་འདས་གཤེད་དང་མ་ཕྲལ་ན། ཐར་ལམ་ཐོབ་ཏུ་མི་སྟེར་བས། ཤྭ་བ་ཁྱི་དང་ཕྱེ་འདྲ་དགོས། ཞེས་གསུངས་སོ། དེ་ལྟ་ན་དང་པོ་བླ་རྟེན་བཞེངས་དགོས་ཏེ། མུ་ཆོ་ཁྲོ་འདུར་ལས་དང་པོ་བླ་འཁོར་མ་བཞེངས་ན། བཀའ་ཐུགས་ཕབ་པའི་རྟེན་མེད་པས་ཅེས་གསུངས་པ་ལྟར། ལུང་ལས། བླ་འཁོང་ཆ་བདུན་མ་བཞེངས་ན་བླ་ཡིད་རྟེན་ལ་ཕབ་ཐབས་མེད། ཅེས་གསུངས་པ་ལྟར། སྐུ་རྟེན་ནམ་མཁའ་གསུང་རྟེན་མཚན་བྱང་ཐུགས་རྟེན་དེ་ཉིད་ན་བཟའ། ཟངས་གསེར་དང་ཤེལ་ཟངས་ལྕགས་གཡུ་ལྔ་སོགས། བླ་འཁོར་གང་དགོས་དམིགས་ཡུལ་གྱི་ཞེན་ཆགས་སྐྱེས་པའི་དངོས་པོ་གང་ཡོད་བློ་ཡིས་དཔག་ནས་བཞག་དགོས། དམུ་ཆོ་ཁྲོ་འདུར་ལས།  ཀུན་རྫོབ་མཚན་མའི་བླ་འཁོར་རྣམས། དགའ་ཡུལ་བགྲོད་པའི་དགོས་སུ་ཆེ། དེ་བས་འདས་པའི་འཕང་བཙུན་ཁྱོད། ད་ནི་དགའ་ཡུལ་བགྲོད་རན་པས། བླ་འཁོར་འདི་ལ་བླ་མ་ཐོག འཕང་ཆ་འདི་ལ་ཡིད་མ་ལུས། ཉེ་གདུང་འདི་ལ་ཐུགས་མ་འཕྲེང་།  ཀླེག་ཆོགས་འདི་ལ་བླ་མ་འཁྱམས། ཞེས་གསུངས་སོ།། དེ་ལྟ་བུ་དམིགས་ཡུལ་དེའི་བླ་ཡིད་སེམས་གསུམ་གཅིག་ཏུ་བསྡུས་ནས་བདེ་བའི་གནས་སུ་དྲང་དགོས་པས། གང་གིས་དྲང་ན་རྟོགས་པའི་གདིང་གསུམ་དང་། ཐུགས་རྗེ་རྩལ་གསུམ་རིག་པའི་ངར་གསུམ་དོན་གྱི་ཡོན་ཏན་གསུམ་དང་ལྡན་པས་དྲང་དགོས་པ་ཡིན། གདིང་གསུམ་ནི། ལྟ་བའི་གདིང་གི་གང་ཤར་ཐད་དཀར་ཆོད་པ་སྤྲུ་གྲིའི་འཁོར་ལོ་ལྟ་བུའོ།། སྒོམ་པའི་གདིང་གཉེན་པོའི་སྒྲིབ་པ་བཅོམ་པ་ཤེལ་བྲག་ལ་ཤེལ་སྐས་བཙུག་པ་ལྟ་བུ། སྤྱོད་པའི་གདིང་གི་སྣང་ཚད་སྒྱུར་མར་འཆར་བ་ཆུ་ཟླའི་འཁོར་ལོ་ལྟ་བུའོ།། རྩལ་གསུམ་ནི། སྙིང་རྗེའི་རྩལ་གྱིས་དམིགས་བྱ་དམ་དུ་འཆིངས་པ་འཕྲུལ་གྱི་ཞགས་པ་ལྟ་བུ་དང་། དམིགས་པའི་རྩལ་གྱིས་དམིགས་བྱ་གནས་ནས་འདྲེན་པ་ཁབ་ལེན་རྡོས་ལྕགས་ཕྱེ་འཐེན་པ་ལྟ་བུ། ནུས་པའི་རྩལ་གྱིས་ཤི་གཤེད་གནས་ནས་བསྐྲད་པ་དབང་ཆེན་རྒྱལ་པོའི་བཞེན་འདེབས་པ་ལྟ་བུའོ།། ངར་གསུམ་ནི། རིག་པ་མེ་ལྟ་བུས་ཚེ་འདས་ཀྱི་ཉོན་མོངས་སྲེག་པ་དང་། རིག་པ་བསག་བདར་ལྟ་བུའི་ཚེ་འདས་ཀྱི་ཉོན་མོངས་གཅོད་པ། རིག་པ་བདུད་རྩི་ལྟ་བུས་ཚེ་འདས་ཀྱི་བག་ཆགས་བཞུད་པའོ།། ཡོན་ཏན་གསུམ་ནི། མངོན་ཤེས་ལྡན་པས་གསོན་གཤིན་གྱི་བརྡ་འཕྲོད་པ། འདོད་པ་ཆུང་བས་དགོས་རྒུ་ཚོགས་སུ་བཏང་བ། སྡོམ་ཁྲིམས་གཙང་བས་ལྷ་མིའི་དྭངས་བ་འདྲེན་པ། དེ་ལྟ་བུའི་དྲང་ན་དྲོངས་ནུས་པའོ།། དེ་ལྟར་མ་ལྡན་པས་འདྲེན་སྟོན་ལ་རེ་ན། འདུར་རྒྱུད་ལས། དེ་ལྟ་མ་རྟོགས་ཚེ་འདས་དོན་བྱེད་ན། ལོང་བས་ལོང་བ་ཁྲིད་པ་འདྲ། ལག་སྦྲེལ་གཡང་ལ་ལྟུང་བར་འདྲ་ཞེས་སོ།། གང་དྲང་ན་སྐྱབ་བྲལ་མགོན་མེད་དྭ་ཕྲུག་མས་བོར་ལྟ་བུའི་རླུང་སེམས་ཀྱི་མིང་བཞིའི་ཕུང་པོ་ཅན། རིགས་དྲུག་གི་གནས་ན་འགྲིམ་པའི་འགྲོ་བ་དེ་དྲང་། ཚུལ་ཇི་ལྟར་དྲང་ན། ཚེ་འདས་འདྲེན་པའི་དུས་ཚིགས་བདུན་ལ་རྟེན་ནས་དྲང་དགོས་ཏེ། འདུར་རྒྱུད་ལས། ཚེ་འདས་འདྲེན་པའི་དུས་ཚིགས་བདུན་ནི། ཚེ་འདས་ཚེ་འདས་ཤེས་དང་གཅིག ཚེ་འདས་རིགས་དྲུག་ཤེས་དང་གཉིས། ཚེ་འདས་གདུལ་བྱར་ཤེས་དང་གསུམ། ཚེ་འདས་སློབ་མ་ཤེས་དང་བཞི། ཚེ་འདས་རྒྱལ་པོ་ཤེས་དང་ལྔ། ཚེ་འདས་སེམས་དཔའ་ཤེས་དང་དྲུག ཚེ་འདས་ལྷ་སྐུ་ཤེས་དང་བདུན་ཏེ། སྦྱོང་རྒྱུ་ལས། སྦྱོང་དང་ཕྲལ་དང་ཚིགས་བདུན་བཟུང་ཞེས་སོ།། དང་པོ་ནི་ལུས་འདི་བོར་ནས་རིགས་དྲུག་གི་གནས་སུ་མ་རྒྱུད་གོང་དུ་ཚེ་འདས་སུ་ཤེས་པའི་དུས་ཏེ། བླ་བཟུང་བའི་བགེགས་ལ་ཚེ་འདས་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་ལན་ཆགས་མ་ཁེག་པ་དང་བུད་ལོན་མ་སོད་པ་ལ། བླ་གླུད་འདོད་པའི་ཡོན་ཏན་སྣ་ཚོགས་མ་མཚང་པ་མེད་པར་ལན་ཆགས་ཀྱི་བདག་པོ་གཤེད་མ་ལ་སྔོ་ཞིང་དེ་ཉིད་འདོད་པ་ཚིམས་ཞིང་རེ་བ་བསྐངས་ནས་ཚེ་འདས་ཀྱི་བླ་ལ་ཆགས་ཞེན་མེད་པར་བྱེད་དགོས་ཏེ། འདུར་གཞུང་ལས། ཚེ་འདས་ལན་ཆགས་མ་འཇལ་ན། བླ་ནི་གཤེད་མས་བཟུང་ནས་བསྡམས། མི་བརྒྱ་བསད་པའི་སྟོང་འདྲ་དགོས།  ཚེ་འདས་གཤེད་དང་མ་བྲལ་ན།  ཐར་ལམ་ཐོབ་ཏུ་མི་སྟེར་བས། ཤྭ་བ་ཁྱི་དང་ཕྱེ་འདྲ་དགོས། ཞེས་སོ།། གཉིས་པ། དེ་ནས་རིགས་དྲུག་གི་གནས་སུ་བརྒྱུད་ཅིང་སྡུག་བསྔལ་གྱིས་ཉམ་ཐག་པའི་སྐབས་སུ་ཚེ་འདས་རིགས་དྲུག་ཏུ་ཤེས་པའི་དུས་ཏེ། ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་གཅིག་ཏུ་འདྲེས་ནས་རྟེན་ལ་བསྟིམས་ཞིང་རིགས་དྲུག་གི་གནས་སྦྱོང་དགོས་ཏེ། དེ་ཉིད་ལས།  རྣམ་ཤེས་རྟེན་ལ་མ་བསྟིམས་ན། བླ་ཡིད་སེམས་གསུམ་མི་འཕྲད་པས། བྱེའུ་ཆུང་ཁྲ་ཡིས་བཅུམ་འདྲར་དགོས། རིགས་དྲུག་གནས་ངན་མ་སྦྱོང་ན། རྒྱུ་དྲུག་སྐྱེ་སྒོ་མི་ཁེགས་པས། མི་གཙང་ཕྱག་མས་བཏབ་འདྲར་དགོས། ཞེས་སོ། ཡང་དེ་ཉིད་ལས། བླ་ནི་གཤེད་མ་སྲི་ཡིས་ཁྱེར། ཡིད་ནི་ཀུན་གཞིའི་བག་ལ་ཞ། སེམས་ནི་ནམ་མཁའི་ངང་དུ་ཡལ། དེ་ཉིད་ལས། གཅན་གཟན་རི་དྭགས་བདས་པ་ལ། མི་དང་འཕྲད་ནས་བསྐྱུར་བ་བཞིན། བླ་ནི་གཤེད་མའི་ལག་ནས་འཕྲོག ཅེས་སོ།། ཡིད་ཀྱང་བག་ཆགས་སློང་བའི་ཚུལ་ཡང་། དེ་ལས། དཔེ་ན་སྐྱེ་བུ་གཉིད་ལོག་དག་ལ་ནི། ཆུ་ལྕག་བརྒྱབ་བཞིན་བག་ཆགས་སད་ཀྱིས་སློང་། ཞེས་སོ།། སེམས་དམིགས་རྟེན་ལ་བསྟིམ་ཞིང་བླ་ཡིད་སེམས་གསུམ་གཅིག་ཏུ་འདྲིལ་བ་ནི། སྔ་མ་ལས། མེ་ལོང་གཟུགས་བརྙན་ཆགས་པ་བཞིན། སེམས་ནི་དམིགས་པའི་རྟེན་ལ་བསྟིམ། བླ་ཡིད་སེམས་གསུམ་གཅིག་དྲིལ་གཅེས། ཞེས་སོ།། དེ་གསུམ་གཅིག་ཏུ་རྟོགས་དུས་ན་གཅིག་ཏུ་འདུས་པའི་ཚུལ་ཡང་དེ་ཉིད་ལས། བླ་ནི་ཡིད་ཐིམ་ཡིད་ནི་སེམས་ལ་ཐིམ། སེམས་ནི་ནམ་མཁའ་འདྲ་སྟེ་སྟོང་པའོ།། ཞེས་སོ།། བླ་ཡིད་སེམས་གསུམ་མ་ཤེས་ན། འདྲེན་སྟོན་པ་རྣམས་འདྲེན་ཐབས་མེད། ཅེས་པའོ།། གསུམ་པ། དེ་ནས་དཔོན་གསས་ཀྱི་ཐུགས་རྗེ་བཟུང་ཞིང་ཉོན་སྒྲིབ་སྦྱོང་ཏེ་འཁོར་བའི་གཡང་ས་ལས་དྲང་བའི་སྐབས་སུ་ཚེ་འདས་གདུལ་བྱ་རུ་ཤེས་པའི་དུས་ཏེ། དག་པའི་ཁྲུས་གསོལ། ནང་ནུབ་ཟས་སྐལ་གཏད།  འཁོར་བའི་གཡང་ས་བསྟན། ཐར་པའི་བྲོད་ཁ་བསྐྱེད། རྒྱུན་དུ་བསླབ་པ་སྩལ། སྨོན་ལམ་དྲི་མེད་གདབ་དགོས་ཏེ། འདུར་རྒྱུད་ལས། སྔགས་ཀྱི་གདུང་ཁྲུས་མ་གསོལ་ན། བག་ཆགས་དྲི་མ་མི་འདགས་པས། དར་དཀར་ཆུ་ནས་ཕྱུང་འདྲ་དགོས། ནང་ནུབ་ཟས་སྐལ་མ་གཏད་ན། བཀྲེས་སྐོམ་སྡུག་བསྔལ་མི་སེལ་བས། དབུལ་པོ་གཏེར་དང་འཕྲད་འདྲ་དགོས། འཁོར་བའི་གཡང་ས་མ་སྟོན་ན། གནས་ངན་རྒྱབ་ཏུ་མི་སྤངས་པས། བཙོན་བུ་དོང་ནས་བཏོན་འདྲ་དགོས། ཐར་པའི་བྲོད་ཁ་མ་བསྐྱེད་ན། མཐོ་རིས་ཐར་པ་མི་ཐོབ་པས། བདེ་བའི་གནས་དང་འཕྲད་འདྲ་དགོས། སྨོན་ལམ་དྲི་མེད་མ་བཏབ་ན། བདག་གི་གདུལ་ཞིང་མི་འགྱུར་བས། མ་ཡི་བུ་ལ་སྨོན་འདྲ་དགོས། ཞེས་སོ།། བཞི་བ། འདྲེན་པའི་དཔོན་གསས་ཀྱི་དབང་སྐུར་ཞིང་དོན་དང་ལྡན་པ་བྱེད་པའི་སྐབས།  ཚེ་འདས་སློབ་མ་རུ་ཤེས་པའི་དུས་ཏེ། དབང་སྐུར་ཞིང་དོན་དང་ལྡན་པ་བྱ་དགོས་ཏེ། དེ་ཉིད་ལས། དབང་སྐུར་དོན་ལྡན་མ་བྱེད་ན། རང་དབང་རང་ལ་མི་ཐོབ་པས། དཔའ་བོ་གོ་དང་འཕྲད་འདྲ་དགོས། ཞེས་སོ།། ལྔ་བ་ཁམས་གསུམ་འཁོར་བའི་ས་དགུ་ལས་ཐར་ནས་གཡུང་དྲུང་ཐེག་པའི་ས་བཅུར་མ་བགྲོད་པའི་བར་ས་ཡང་དག་པར་འཁོད་པའི་སྐབས་སུ་ཚེ་འདས་རྒྱལ་པོར་ཤེས་པའི་དུས་ཏེ་འདོད་རྒུ་གཏེར་དང་སྤྲད་ཅིང་འཁོར་བར་ཞེན་པ་ལྡོག་དགོས་ཏེ། དེ་ཉིད་ལས། ཟད་མེད་གཏེར་དང་མ་སྤྲད་ན། འདོད་པའི་སྣང་བ་མི་ཚིམས་པས། ཕ་ནོར་བུ་ལ་ཕོག་འདྲ་དགོས། ཞེན་ལྡོག་བློ་ལ་མ་བསྐྱེད་ན། འཛད་མེད་གཏེར་དང་མི་འཕྲད་པས། རིན་ཆེན་གསེར་གླིང་ཕྱིན་འདྲ་དགོས།  ཞེས་སོ།།  དྲུག་པ། ས་བཅུ་རིམ་བགྲོད་ནས་ཤེས་སྒྲིབ་སྦྱོང་པའི་སྐབས། ཚེ་འདས་སེམས་དཔའ་རུ་ཤེས་པའི་དུས་སུ་ས་ལམ་ལ་བཀྲི་ཞིང་དོན་དམ་ངོ་སྤྲད་དགོས་ཏེ།  འདུར་རྒྱུད་ལས། ས་བཅུ་རིམ་པ་མ་བགྲོད་ན། ཤེས་སྒྲིབ་ཕྲ་བ་མི་སྤང་བས། ཤེལ་སྐས་ཐེམ་ལ་བཀྲི་འདྲ་དགོས། ཅེར་མཐོང་རང་ངོ་མ་སྤྲད་ན། རང་རིག་ཡེ་ཤེས་མི་མཐོང་བས། མེ་ལོང་བྱད་དང་འཕྲད་འདྲ་དགོས། ཞེས་སོ།། བདུན་པ། དེ་ནས་ཕྱིར་མི་ལྡོག་པའི་ས་བོན་ཉིད་དབྱིངས་སུ་ལ་བཟླ་བའི་སྐབས་སུ་ཚེ་འདས་ཡི་དམ་ལྷར་ཤེས་པའི་དུས་ཏེ། ཀུན་བཟང་དང་དབྱེར་མེད་པའི་དུས་ཏེ་རྟོགས་པ་མངོན་གྱུར་སངས་རྒྱས་ཁྱེད་ཅེས་སོགས་གསུངས་པ་ལྟར། བོན་ཉིད་དུ་ལ་བཟླ་ཞིང་དམིགས་རྟེན་བསྲེགས་སྦྱོང་བྱ་དགོས་ཏེ། འདུར་རྒྱུད་ལས། དབྱིངས་སུ་ལ་ཆེན་མ་ཟློས་ན།  མཐར་ཕྱིན་ས་ལ་མི་ཕྱིན་པས། མཁའ་ལ་མཇའ་ཚོན་ཐིམ་འདྲ་དགོས། དམིགས་རྟེན་མེ་ལ་མ་བཞུས་ན། འཁོར་བ་དབྱིངས་སུ་མི་སངས་པས། བྱ་སྒྲོ་མེ་ཡིས་བཅོམ་འདྲ་དགོས། དམིགས་རྟེན་མེ་ལ་སྲེག་པའི་ཐལ་ལས་འགྲོ་དོན་མཐའ་རུ་ཕྱིན་པའི་ཕྱིར་དུ་མཆོད་རྟེན་ནམ་ས་ཚྭ་གདབ་དགོས་ཏེ། དེ་ཉིད་ལས། རྗེས་སུ་གདུང་རྟེན་མ་བཞེངས་ན། འགྲོ་དོན་མཐར་རུ་མི་སོན་པས། གསེར་འགྱུར་རྩི་ཡིས་ཐེབས་འདྲར་དགོས། ཞེས་སོ།།

་་་་་་་་་་་་གཉིས་པ་ཡིད་དང་སེམས་ཀྱི་ངོས་འཛིན་ནི། སེམས་ཅན་ཡིན་ཚུན་ཆད་ཡིད་དང་སེམས་ནི་རང་ཆས་སུ་ཡོད་པས་ལེགས་ཉེས་དང་བདེ་སྡུག་གི་རྩ་བ་གྱུར་པའི་དངོས་པོ་ཞིག་ཡིན། ཤིན་ཏུ་རྟོགས་དཀའ་བ་ངོ་བོ་ཕྲ་བའི་རྣམ་པ་ཞིག་ཡིན་པར་བརྟེན། ཕྱི་ནང་གི་གྲུ་མཐའི་མཁས་པས་བཞད་ཚུལ་དུ་མ་ཡོད་ཀྱང་འདིར་བརྗོད་པའི་སྐབས་སུ་མ་གྱུར། ད་ལན་ཡིད་དང་སེམས་ཀྱི་ངོ་བོ་ནི་ལུང་རྣམ་དག་ལ་བརྟེན་ནས་ངོས་འཛིན་པ་མ་གཏོགས་བརྟགས་དཔྱད་དང་ཞིབ་འཇུག་ཕྱོགས་རེ་བས་ཤེས་ཐབས་མེད་པ་བརྟེན། འདིར་མཁས་པའི་བཀའ་ལུང་ཟབ་མོ་རྣམས་ཀྱིས་བསྟན་ཚུལ་ལ་བརྟགས་ནས་སེམས་དང་ཡིད་ཀྱི་རྣམ་བཞག་གཏན་ལ་འབེབ་པ་ལ། གཞུང་ལུགས་དུ་མ་ནས་རྣམ་ཤེས་ཚོགས་བརྒྱད་ཀུན་ལ་སེམས་ཡིད་རྣམ་པར་ཤེས་པ་ཞེས་པ་ཐ་སྙད་བཏགས་པས་དེ་གསུམ་གཅིག་ཏུ་གསུངས་ནས་ཡིད་སེམས་གཉིས་ལ་ཁྱད་པར་ནི་རང་ལུགས་ཀྱི་གཞུང་དང་ཐེག་པ་གང་གིས་འདོད་ཚུལ་དང་བཀའ་ཡི་ཁུངས་ཡིན་པ་ཐག་མ་ཆོད་ཀྱང་འདོད་ཚུལ་དེ་རྒྱུན་འབྱམས་སུ་གྱུར། སྐབས་འདིར་སེམས་ཀྱི་ངོ་བོ་ནི། མཛོད་ལས། སེམས་ཉིད་ཀུན་གཞིའི་རྣམ་ཤེས་ཏེ། འཇུག་པའི་ཚོགས་དྲུག་འོད་དང་ཟེར་ཞེས་པ་དང་། འགྲེལ་ཡིད་བཞིན་བཀོད་པའི་རྒྱན་ལས། གསོན་གྱི་ཚེ་སེམས་ཇི་ལྟ་གནས་ཤེ་ན། ཤེས་རིག་དེར་དབུགས་ལ་བརྟེན་ཁྲག་ལ་ཞེན་རྩ་ལ་ཁྱབ་པར་མགོ་མཇུག་ཀུན་ཏུ་ཁྱབ་པ་ལ་བརྟགས་ནས་ཀུན་གཞིའི་རྣམ་པ་ཤེས་པ་ལ་སེམས་ཅེས་པ་དེ་ངོས་བཟུང་དགོས་ཏེ། མཛོད་ཀུན་བཏུས་ལས། ཞུགས་པའི་རྣམ་ཤེས་སེམས་ཡིན་ཏེ། ཚོགས་བདུན་ཟེར་ལ་སེམས་སུ་བཏགས་ཅེས་དང་། དེའི་འགྲེལ་ལས། སེམས་ཀྱི་གདག་གཞི་ནི་ཀུན་གཞི་ཁོ་ན་ཡིན་ཏེ། ཚོགས་བདུན་ནི་སེམས་ཀྱི་འོད་ཟེར་ཡིན་པས་བཏགས་པ་བ་སྟེ། སེམས་དངོས་མིན་པ་བཞེད་ཡོད། དཔལ་ཚུལ་བསྟན་འབྱུང་ལས། སེམས་ནི་ཀུན་ཁྱབ་མ་འགག་རང་བཞིན་ཏེ། ཤུགས་འབྱུང་རྩལ་ལྡན་བཟང་ངན་འཆར་བའི་བདག ལུས་ཅན་ཡོངས་ཁྱབ་དོན་རྟོགས་ངོ་བོ་ཉིད། དཔེ་ན་མེ་ཡི་སྙིང་པོ་ལྟ་བུ་རུ།སྣང་རྐྱེན་གང་འཕྲད་དེ་བཞིན་ཆེ་ཆུང་སྐྱེ། ཞེས་དང་། བོན་སྒོ་གསལ་བྱེད་ལས།  སེམས་ནི་ཀུན་གཞི་ཁྱབ་བདལ་ཡིན་ཞེས་སོ།། གཉིས་པ་ཡིད་ནི། འགྲེལ་ཡིད་བཞིན་བཀོད་པའི་རྒྱན་ལས། བདག་རྐྱེན་སྒོ་ལྔ་ལ་བརྟེན་ནས་ཡུལ་ལྔ་ལ་གཅོད་པས་ཡིད་ཤེས་དང་བདག་ཏུ་འཛིན་པ་ཉོན་ཡིད་ཀྱི་རྣམ་ཤེས་ཡིན་ཏེ། རྟེན་སྙིང་ལ་བཅས་པ་སེམས་ཀྱི་རྟེན་མོ་ཁབ་བསྒྲིངས་པ་ཙམ་ཞིག་སྙིང་དཀྱིལ་དུ་གནས་པར་གསུངས་པ་ལ་བརྟེན་བཅས་ནས་སྒོ་ལྔར་ཐོན་ཏེ་ཡུལ་ལྔ་ལ་སྤྱོད་པ་དང་། ཡིད་ཡུལ་སོ་སོར་བྱེད་ཅིང་གཅོད་པར་བྱེད་པ་ཡིན་ལ། རྩམ་ཏེ་ནང་གི་དོན་སྣོད་ལྔ་ལ་གནས་བཅས་པ་སྒོ་ལྔ་ལ་བྱེ་བྲག་སོ་སོར་ཁྱད་པར་འབྱེད་པ་དང་། སྒོ་ལྔའི་ལམ་ནས་ཡུལ་སོ་སོར་གཅོད་པའི་ཡིད་ཤེས་དང་བདག་ཏུ་འཛིན་པའི་ཉོན་ཡིད་བཅས་ལ་ངོས་འཛིན་དགོས་ཏེ། དཔལ་ཚུལ་བསྟན་འབྱུང་ལས། ཡིད་ནི་ཡུལ་སྣང་བཟང་ངན་རྟོགས་དཔྱད་ཅན། སྒོ་ལྔའི་ལམ་ནས་ཡུལ་དྲུག་ཚོགས་ལ་སྤྱད། སེམས་ལས་རང་བཞིན་འཁྲུལ་བའི་རང་བཞིན་ཏེ། དཔེར་ན་མེ་འབར་འོད་དང་ལྕེ་ཕྲེང་བཞིན་རྐྱེན་ལ་ལྟོས་པའི་ཕྲ་རགས་རྟོགས་ཚོགས་འགྱུར། ཞེས་དང་། བོན་སྒོ་གསལ་བྱེད་ལས། བླ་ནི་སེམས་ཀྱི་ཆོ་འཁྲུལ་ཡིན།ཡིད་ནི་སེམས་ཀྱི་འདུ་འཕྲོ་ཡིན། སེམས་ནི་ཀུན་གཞི་ཁྱབ་བདལ་ཡིན། ཞེས་དང་།དཔེར་ལ། མེ་སེམས་ཀྱི་དཔེ། འོད་ཡིད་ཀྱི་དཔེ། དུ་བ་བླ་ཡི་དཔེ། ཞེས་དང་། འཕྲོས་ཚུལ་ནི། སེམས་ལས་ཡིད་ཡིད་ལས་བླ་རིམ་བཞིན་འབྱུང་དགོས། འདུར་ཚུལ་ནི། བླ་སྤྲུལ་སྐུར་འདུལ་ཡིད་ལོངས་སྐུར་འདུལ་སེམས་བོན་སྐུར་འདུལ། ཐིམ་ཚུལ་ནི། འདུལ་རྒྱུད་ལས། བླ་ནི་ཡིད་ཐིམ་ཡིད་ནི་སེམས་ལ་ཐིམ་སེམས་ནི་ནམ་མཁའ་འདྲ་སྟེ་སྟོང་པའོ།། ཞེས་པས་བླ་ནི་ཡིད་ལ་ཐིམ་པ་དང་ཡིད་ནི་སེམས་ལ་ཐིམ་པ་སེམས་རང་གཤིས་ཀྱི་ངང་དུ་གྲོལ་བར་བཤད་པ་ཡིན་ནོ།།

མ་རིག་མུན་པའི་སྨག་གིས་སྒྲིབ་པས།།

ལེགས་ཉེས་བདེ་སྡུག་དབང་མེད་མྱང་ནས།།

འགྲོ་ཀུན་འདི་ཕྱི་བདེ་ལ་བཀོད་ཐབས།།

བླ་ཡིད་སེམས་གསུམ་ངོས་ཟིན་འདི་གཅེས།།

ཕ་མས་གཙོར་བྱས་མཁའ་མཉམ་འགྲོ་བ་རྣམས།།

དབང་མེད་འཇིགས་སྐྲག་སྦུབས་རྒྱ་ལས་གྲོལ་ནས།།

བླ་ཡིད་སེམས་གསུམ་སྐུ་གསུམ་ངོ་འཕྲོད་ནས།།

བོན་ཉིད་དབྱིངས་སུ་མངོན་སངས་རྒྱས་པར་ཤོག།

དཔྱད་གཞིའི་ཡིག་ཆ།

མུ་ཆོ་ཁྲོ་འདུར་གྱི་བླ་འཁོར་ལེའུ།

འཆོང་ཆེན་དགུ་ལས་ཉི་ཟེར་ཞགས་པ།

བྱང་སེམས་གབ་པའི་འགྲེལ་བ་རིག་པའི་རྒྱ་མཚོ།

འགྲེལ་ཡིད་བཞིན་རྣམ་པར་བཀོད་རྒྱན།

ནག་རྩིས་སྣང་སྲིད་མེ་ལོང།

བླ་བསླུ་ཚེ་འགུག་སྲོག་གི་ཆད་མཐུད་སོགས།

ལྷ་གཉན་ཤེལ་སྒོང།

གཡུང་དྲུངབོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན།

དཔོན་སློབ་ཚང་པ་བསྟན་འཛིན་རིན་པོ་ཆེས་མཛད་པའི་བླ་ཡིད་སེམས་གསུམ་སྐོར་གླེང་བ།

བོན་སྒོ་གསལ་བྱེད།

བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག

འདྲེན་ཆོག་ཐུགས་རྗེ་ཞག་པ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *