རྒྱལ་བ་གསུམ་པ་༧སྐྱབས་རྗེ་བདེ་བར་གཤེགས་པ་གང་རྗེས་སུ་དྲན་པ།

རྩོམ་ཡིག་འདི་ཐེངས། 68634 བཀླགས་འདུག


0 

 

དྲན་གདུང་གི་མཎྡལ། 

འ།

སྣང་རྒྱལ་ཤེས་རབ་དགེ་ལེགས།

་་་་་་་་་་་ཉི་ཟླའི་འཁོར་སྐྱོད་ཀྱིས་དེད་ཅིང་དུས་ཚོད་ཀྱི་སྐད་ཅིག་གིས་བདས་ཡོང་བའི་དེ་རིང་དེ། ཞག་མ་བདུན་བརྒྱ་ཉི་ཤུའི་སྔོན་གྱི་དེ་རིང་ནི་ཉི་མ་ཤར་ཤར་ལ་མུན་པ་འཐིབ་ཅིང་མིག་ཟུང་ཕྱེས་ཕྱེས་ལ་སྨག་གིས་སྒྲིབ་པའི་ཉིན་མོ་ཡིན། ད་ལྟ་ཉིད་དུ་བྱུང་བ་འདྲ་བའི་སྐྱོ་སྣང་དང་ད་དུང་འཇག་མི་ཐུབ་པའི་ཟུག་རྔུ་ཡིས། བདག་གི་སྤྱི་གཙུག་ན་དུས་གསུམ་དུ་སྒོམ་པའི་ཁྱེད་ཀྱི་བཞིན་རས་ཇེ་གསལ་དུ་བཏང་ཞིང་། བདག་གི་ཡིད་ནས་ཉིན་མཚན་ཏུ་བཟླས་པའི་ཁྱེད་ཀྱི་གདམས་ངག་དག་ཀྱང་ཇེ་ཟབ་ཏུ་བཏང་བྱུང་། ཁྱེད་ཀྱི་དགོངས་པའི་མཐིལ་གྱི་གཏད་སོ་གང་ཡིན་བདག་གིས་དཔོག་མི་ནུས་ན་ཡང་། ངས་མཐོང་བ་ནི་ཁྱེད་ཀྱི་དཀའ་སྤྱད་སྡུག་རུས་དང་འཚོ་ཐབས་ངན་ངོན། བྱམས་བརྩེའི་ཕྱག་ཟུང་དང་རྒྱང་རིང་བའི་སྤྱན་རྒྱ་དེ་དག་ཡིན་པས། གལ་སྲིད་བདག་ལ་སུ་ཞིག་གིས་བླ་ན་མཐོ་བའི་གོ་འཕངས་ཤིག་གནང་ངེས་ཚེ། བདག་གིས་སོམ་ཉི་མེད་པར་ཁྱེད་ཀྱི་མཛད་སྤྱོད་དང་དགོངས་པ་འདི་དག་གི་དངོས་གྲུབ་ཞུ་ངེས། 

་།

་་་་་་་་་བདག་གི་ཡབ་ཆེན་ལགས། ཁྱེད་ཉིད་གཞན་ཞིག་ཏུ་བཞུད་པའི་གདུང་བ་དང་ཕངས་སེམས་ཀྱིས་ངའི་ཡོད་ཚད་ཉམས་ཉེས་པར་བྱས་ན་ཡང་། ངས་ཁྱེད་རང་གང་དུ་བཞུགས་པའང་མི་འདྲི་ལ་ཅི་ཞིག་གནང་བའང་མི་འདྲི་སྟེ། ཁྱེད་ཀྱིས་སྒྲུབ་འོས་པ་ཐམས་ཅད་བསྒྲུབ་ཟིན་ཞིང་གནང་འོས་པ་ཐམས་ཅད་གནང་ཟིན་པས། ཉམས་ཉེས་པ་ཐ་དག་ང་ཡི་རྣམ་སྨིན་ཞེ་ཅིག་ཡིན་པ་ལས་ཁྱེད་ཀྱི་གདམས་ངག་གིས་མ་ཆུན་པ་ག་ལ་ཡིན། 

་་་་་་་་་དེ་ལྟ་ནའང་གསབ་ཐབས་བྲལ་བའི་བཀའ་དྲིན་དྲན་པའི་སྐད་ཅིག་མར་ཁྱེད་ཉིད་དྲན་པའི་གདུང་བའང་འགོག་མེད་དུ་འཕྱུར་འོང་ཞིང་། དྲན་གདུང་འདི་ཁོ་ན་ངས་ཁྱེད་ལ་ཕུལ་བའི་དྲིན་གཟོའི་ལེགས་སྐྱེས་ཡིན་ངེས། 

་།

་་་་་་་་བདག་གི་ཡབ་ཆེན་ལགས། ངའི་སྙིང་ཁུངས་སུ་བཞེངས་བའི་རྟག་བརྟན་གྱི་རྡོ་རིང་། ཡིག་འབྲུ་རེ་རེས་ཁྱེད་ཀྱིས་བྱིན་རླབས་ཕྱོགས་སུ་བཀྱེ་ཞིང་ཁྱེད་ཀྱི་དགོངས་པ་དབྱངས་སུ་གྱེར་བས། འཇིག་རྟེན་གྱིས་ང་ཚོར་མཆེ་སྡེར་བགྲད་ན་ཡང་ང་ཚོས་འཇིག་རྟེན་འཛུམ་གྱིས་བསུ་ནུས། 

་།

་་་་་་་་ཡབ་ཆེན་ལགས། བདག་གི་སྤྱི་བོར་གཏན་ཏུ་འོད་ལྷམ་མེད་བཞུགས་པའི་ཡབ་ཆེན། དེ་རིང་སྟེ་ཁྱེད་རང་ལ་མི་ཚོགས་ཀྱིས་གདུང་བས་སྐྱེལ་མ་བྱས་ཤིང་ལྷ་ཚོགས་ཀྱི་མེ་ཏོག་གིས་བསུ་མ་བྱས་པའི་དེ་རིང་། ངས་ཁྱེད་རང་གི་བྱིན་རླབས་ཡིད་ལ་སྒོམ་ཞིང་སྣོད་བཅུད་ཡོད་ཚད་མཎྡལ་དུ་བཤམས་སྟེ་ཁྱེད་ལ་འབུལ། ཐུགས་མཉམ་ཉིད་ཀྱི་ཀློང་ནས་དགྱེས་པར་བཞེས་རོགས། དགྱེས་པར་བཞེས་རོགས། 

།།

21463078_1535920236475498_3362722170667897604_n།།

ལྷོ་ཕྱོགས་རྒྱ་མཚོའི་ཁ་ནས་སྐྱེས་བུ་ཞིག་ལ་རྗེས་དྲན་ཞུ་སྟངས།

ཀ་ཤུལ་བསོད་རིན།

་་་་་་་་་་ལྷོ་ཕྱོགས་རྒྱ་མཚོ་ཡི་མཚར་སྡུག་ལ་ཡིད་སྨོན་ཕྱོགས་ཤིང་། ཉི་ནུབ་ཀྱི་ཁ་རུ་དལ་གྱིས་འཇགས་པའི་རྒྱ་མཚོའི་རྦ་རླབས་རེ་འགའ་བྲག་ལ་བརྒྱབ་སྟེ་སླར་ཡང་མཚོ་ལ་ཐིམ་པའི་ངང་ཚུལ་དག་གིས་ང་ལ་མི་ཡུལ་གྱི་སྐྱེས་ཆེན་རེ་འགའ་དྲན་དུ་བཅུགས་བྱུང་། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་གླིང་ཕྲན་བཞིན་ཁེར་བུ་གནས་པའི་རི་བོ་གྲུ་འཛིན་འདི་ལ་ལོ་བརྒྱད་བརྒྱའི་གོང་དུ་བྱམས་བརྩེས་བཞེངས་པའི་རྒྱ་མོ་ཞིག་ཕེབས་ཏེ་ཁོ་མོས་གནས་འདིར་བྱམས་བརྩེ་དང་ཞི་བའི་གཏམ་རྒྱུད་མང་དུ་བསྐྲུན་པས་མི་རྣམས་ཀྱིས་ཁོ་མོའི་མཚན་ལ་བྱང་ཆུབ་སེམས་དཔའ་གཟིགས་པའི་ལྷ་མོ་སོགས་སྦྱར་ཏེ་འབོད་བཞིན་ཡོད་ལ་བོད་ཀྱི་བན་དྷེ་དག་གིས་འཕགས་པ་སྤྱན་རིས་གཟིགས་ཞེས་གསོལ་བ་འདེབས་མཁན་ཡང་ཡོད།

  ་་་་་་་་དེ་ལྟར་བྱམས་སེམས་དང་ཞི་བས་བཞེངས་པའི་སྐྱེས་བུ་དང་སྐྱེས་མ་སུ་ཡིན་ཡང་དེའི་གཏམ་རྒྱུད་ཀྱིས་མི་རྣམས་ཧ་ལས་སུ་བཅུགས་ཏེ། མི་ཡི་རིགས་ཚོགས་དེ་ལ་མོས་གུས་བྱེད་རྒྱུ་དགའ་བའང་གནས་ལུགས་མེད་པ་ཞིག་ག་ལ་ཡིན་ཏེ་འཛམ་གླིང་ལ་ཞི་བདེ་དང་བྱམས་བརྩེ་ནི་ཆེས་གལ་ཆེ་བའམ་ཆེས་མཛེས་སྡུག་ལྡན་པ་དེ་མ་ཡིན་ནམ། 

་་་་་་་་་་ལྷོ་ཕྱོགས་རྒྱ་མཚོའི་ཁ་རུ་བྱམས་སེམས་ཀྱི་བདག་མོ་གཟིགས་པ་ཆེན་མོ་ཡི་སྐུ་ལ་རྒྱ་མཚོའི་རྦ་རླུང་དལ་བུ་རེག་པའི་ཉི་ནུབ་ཀྱི་འོད་སྣང་ལྷོད་ཀྱིས་འཁྱིད་དུས། ངས་ཚོད་ཚོད་དུ་ཁྲི་འཛིན་སོ་གསུམ་པ་སོགས་བཞུད་ཟིན་པའི་ངུར་སྨྲིག་གི་དཔུང་ཁྱུ་ཞིག་དྲན་ཞིང་། དེའི་ཁྲོད་དུ་སྐུ་གཞོགས་ནམ་མཁའ་བློ་གྲོས་དང་། སྐྱབས་མགོན་བསྟན་པ་རབ་རྒྱས། རྒྱལ་ཚབ་བསྟན་འཛིན་དབང་རྒྱལ། རྗེ་བཙུན་ནམ་མཁའི་མཚན་ཅན་སོགས་ཡོད། 

་་་་་་་་དེ་ནི་ཉི་ནུབ་ཀྱི་འོད་ཟེར་རྒྱ་མཚོར་ཕྱོགས་དུས་རྒྱ་མཚོའི་ཤེས་བྱ་དང་དེའི་གཏིང་ཚད་ལ་འོད་ཀྱི་ཟིལ་ཐིགས་ཀྱི་རྣམ་གྲངས་ལ་མཐའ་མེད་པས་ཡིན་ཏེ། ལྷོ་མཚོའི་གཏམ་རྒྱུད་བཞིན་ཐུན་མོངས་ཀྱི་སེམས་སུ་ཁྲི་འཛིན་སོ་གསུམ་པའི་མཛད་རྣམ་ལྟེམས་མེར་འཁྱིལ་བ་ནི་ཁྱེད་ཀྱི་ཞི་བདེའི་འཕྲིན་ལས་ལ་ཞི་བདེ་རྒྱ་མཚོའི་འོད་ཟེར་གྱི་རྦ་རླབས་ཕྱོགས་བཞིར་འཕྱོ་བས་ཡིན། 

སྤྱི་ལོ་༢༠༡༩ ༩ ༢༡ ཉིན་ལྷོ་མཚོའི་འགྲམ་གྱི་གྲོང་ཁྱེར་ཆེན་མོ་ཡེ་ཡོའུ་ནས་སྦྱར།

།།
22179743_1994703647473665_8346354024378425473_o

སྨན་རི་བ། བསྐལ་འི་བར་དུ་བརྗེད་པ་མེད།

་་་་་་་་་་ལྷ་བུ་བློ་བཟང་། སྣང་ཞིག་དགོན།

དགོན་ཆེན་པོའི་བར་སྣང་ན་རབ་རིབ་ཀྱི་སྣང་བ་མཆེད་པའི་ཉི་མ་དེར། 

རི་ཆེན་པོའི་ཕར་འདབས་ནསུ་ཞིག་གིས་ངུ་སྐད་ཤོར་བའི་དུས་ཚོད་དེར། 

ངའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལས་ལྷག་པའི་བླ་ཆེན་ཞིག

ངའི་མགོན་གྱི་ལྷ་དང་རྒྱབ་ཀྱི་གངས་ལས་བརྗིད་པའི་སྐྱེས་ཆེན་ཞིག

འདི་ལྟར་འོལ་མོ་ལུང་རིང་གི་ཞིང་ཁམས་ན།

ཤམ་པོ་ལྷ་རྩེའི་ཡང་ཐོག་ན།

སྨན་རི་བ། སྨན་རི་བ་བཞིན་དུ་ཕེབས་སོང་སྐད།

དེ་མཚུངས་སུ་ས་ཆེན་ཟིལ་གྱིས་གནོན་ཞིང་འགྲོ་ཀུན་ཐུགས་སུ་ཆུད་པའི་སྐྱེས་ཆེན་ཞིག་མི་ཡུལ་དང་གྱེས་སོང་། 

སྣང་བཞི་ཟད་སར་བསྐྱལ་ཞིང་དག་པ་ཟང་ཐལ་ཕྱིན་པའི་དཔོན་གསས་ཤིག་ག་ལེར་ཕེབས་སོང་ངོ་།།

དེ་ནི་ངའི་དྲན་པའི་སེམས་ངོགས་ན་འོད་བཞིན་འཆར་ཞིང་། 

ངའི་དད་པའི་ཡང་རྩེ་ན་ལྷ་བཞིན་གསལ་བའི་སྨན་རི་བ

སྨན་རི་བ། བསྐལ་བའི་བར་དུ་བརྗེད་པ་མེད།

མི་རབས་ཤིག་ན།

རི་ཆེན་འགྱེལ་ཞིང་ས་ཆེན་རྡིབ་པའི་ཉི་མ་ཞིག་བྱུང་ནའང་།

ཁྱེད་དང་ཁྱེད་ཀྱི་དཀྱེལ་ཡངས་ཀྱི་ཐུགས་སྟོབས་བརྟན་ཞིང་། 

སྒམ་རླིང་གི་རིག་པ་གྲུང་བས

གཡུང་དྲུང་གི་རི་མོ་གྲུ་བཞི་སུབ་མ་མྱོང་ལ་གཤེན་རབ་ཀྱི་རྔ་ཆེན་ཟླུམ་པོ་ལྐུགས་མ་མྱོང་། 

དེ་བས་དེ་རིང་ངམ་ད་དུང་། 

གཤེན་རབ་རིག་པའི་དབལ་ཁ་རྣོ་ཞིང་བཤད་སྒྲུབ་བསྟན་པའི་མེ་ཆེན་འབར་བཞིན་པ་དེའོ།།

དེ་ནི་རྒྱལ་བསྟན་གྱི་ཀ་ཆེན་ཤེད་ཀྱིས་འདེགས་པའི་རྩལ་ཅན་ཞིག

དེ་ནི་འགྲོ་ཀུན་ཀྱི་ལམ་སྣ་འོད་ཀྱིས་འདྲེན་པའི་ཉི་མ་ཞིག

སྨན་རི་བསྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ།

འདི་དག་ཡོད་ཚད་ཁྱེད་ཅག་གི་བྱིན་རླབས་དང་ཁྱེད་ཅག་གི་སྐུ་བསོད་དུ་བགྲངས་ཆོག་ལ།

འདི་དག་ཡོད་ཚད་ཁྱེད་ཅག་གི་ཞབས་རྗེས་དང་ཁྱེད་ཅག་གི་དཔེའུ་ཙེ་རུ་བཀོད་ཆོག་པའོ།།

དེ་བཞིན་ཁྱེད་དང་ཁྱེད་ལྟ་བུའི་སྐྱེས་ཆེན་ཞིག་གི་མཛད་པ་དྲན་ན།

ཁྱེད་དང་ཁྱེད་ལྟ་བུའི་བླ་ཆེན་ཞིག་ལ་མཇལ་བ་དྲན་ན།

ངའི་སྒོ་གསུམ་གྱི་མོས་པ་ཤུགས་ཀྱིས་ལྡང་ཞིང་། 

དགའ་དད་ཀྱི་གསོལ་འདེབས་དབྱིངས་སུ་གྱེར་དགོས་བྱུང་། 

རྒྱལ་བསྟན་གྱི་རིན་ཐང་ལྷག་ཏུ་མཐོང་ཞིང་། 

བདེན་དོན་གྱི་སྨྱུག་ཁ་དྲག་ཏུ་བརྡར་དགོས་བྱུང་།

།།

དེ་ནི་གུས་པ་ཁྱེད་ལ་མོས་པའི་སྐད་ཆ་ཞིག་སྟེ། 

ངའི་སེམས་ཀྱི་གཏིང་རུ་ནས་འབུས་ཤིང་མགྲིན་པའི་རྩ་མདུད་ལས་ཤོར་བའི་དབྱིངས་ཀྱི་མཆོད་པ་ཞིག

ངའི་རིག་པའི་རལ་ཀླུང་ནས་བཞེད་ཅིང་སོར་མོས་འཁྱུག་རྩལ་གྱིས་བཏེགས་པའི་གསེར་གྱི་མེ་ཏོག་ཅིག

མདོར་ན། ཁྱེད་ནི་འདི་ལྟར་འགྲོ་བ་གཞན་དོན་དུ་གཟུགས་སྐུ་ཟླ་བའི་དཀྱིལ་འཁོར་དབྱིངས་སུ་དྲངས་ཤིང་། 

སྟོང་གསུམ་འགྲོ་བའི་མགོན་དུ་དལ་གྱིས་ཕེབས་ཏེ་མི་ལོ་ཧྲིལ་བོ་གཉིས་འཁོར་བའི་དེ་རིང་།

ཁྱེད་ཀྱི་མཐའ་མེད་ཀྱི་རྣམ་དཔྱོད་ལས།

གཞལ་མེད་ཀྱི་གདམས་ངག་གནང་བ་སེམས་ལ་ལྕི་ཞིང་། 

ཁྱེད་ཀྱི་རིས་མེད་ཀྱི་བྱམས་བརྩེ་ལས། འགྲན་མེད་ཀྱི་ལྷ་སྐུ་བཞེངས་པ་ཤིན་ཏུ་བསྔགས་ན་འདོད།

དེ་ནི་གོ་ཐོས་ཤིག་ལ། ཁྱེད་ཀྱི་བསླབ་བྱ་རུ། “གསེར་སྐུཁ་མི་གྲག་མཁན་ཞིག་བཞེངས་པ་ལས། ཁ་གྲག་ཤེས་པའི་སྐུ་གཟུགས་ཤིག་བཞེངས་་དགེ་མཚན་ཤིན་ཏུ་ཆེ་ཞེས་པའི་ལེགས་བཤད་དེའོ།།

དེ་ནི་ཁྱེད་ཀྱིས་གསུངས་སྟངས་ཙམ་མ་ཡིན་པར། ལག་ཏུ་ཐེབས་པའི་མཛད་འཕྲིན་རླབས་ཆེན་ཞིག་སྟེ། ཁྱེད་ཀྱི་བྱིན་རླབས་དང་ཐུགས་སྟོབས་ཀྱིས་བསྐྱངས་པའི་གདུལ་བྱ་མང་ལ། 

ཁྱེད་ཀྱི་མཛུབ་སྟོན་དང་གདམས་ངག་ཁུར་བའི་དགེ་བཤེས་སྟག་སེང་ལྟ་བུམང་བས་སོ།

ཁོང་ཚོའི་བསྟན་པ་འཛིན་སྐྱོང་གི་ཐུགས་སྟོབས་ཁྱེད་ལས་འཁྲུངས་ཤིང་། 

ཁོང་ཚོའི་རྣམ་དཔྱོད་ཤེས་རབ་ཀྱི་ལང་ཚོ་ཁྱེད་ལས་སྨིན་པར་གཞིག་ན།  

ཁྱེད་ཀྱི་མཛད་འཕྲིན་དང་ཐུས་སྟོབས་ནི། 

གནམ་ཆེན་པོའི་མངའ་འོག་ན་ཤོང་དཀའ་ཞིང་།

ས་ཆེན་པོའི་སྒལ་ཚིགས་ཀྱིས་ཐེག་དཀའ་བའི་གནས་སུ་གྱུར

 དེ་བས་སྨན་རི་བ། བསྐལ་བའི་བར་དུ་བརྗེད་པ་མེད།

ཅེས་གཡུང་དྲུང་བོན་གྱི་གཙུག་རྒྱན་དམ་པ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའིཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་བསྡུས་ནས་མི་ལོ་ཧྲིལ་བོ་གཉིས་འཁོར་བའི་རྗེས་དྲན་དུ་ལྷ་བུ་བློ་བཟང་གིས༢༠༡༩-༩-༢༢ཉིན་གུས་པས་ཕུལ། 

0-1

གངས་རིའི་ཕར་ཚུར་ལ་བསྟན་པའི་ས་བོན་འདེབས་པའི་སོ་ནམ་པ།

རིག་པའི་མེ་ལྕེ།

རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པསྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་ནས་ལོ་ཧྲིལ་བོ་གཉིས་ལོན་པའི་རྗེས་དྲན་དུ། 

                                                                            

ཡིག་ཚོགས་ཀྱི་མཆོད་ཁ་བཤམ་པའི་ཟེ་བ་ལ་གདུང་འབོད་དང་སྨྲེང་གླུའི་མགུལ་མེད་པར་སྐུ་ཡི་བསིལ་གྲིབ་ལས་འཕྲོས་པའི་བསྟན་དོན་གྱི་ཕྱག་རྒྱ་ཐེངས་གཅིག་གླེང་བར་བྱ། 

་་་་་་་་་་ཞལ་རས་འོད་དཀར་གྱི་ཟླ་བ་སྐུ་ཚེའི་སྲོད་དང་འགྲོགས་ཏེ་བོན་འབངས་འགྲོ་བ་ཡོངས་དང་གཏན་བྲལ་གྱི་གྱེས་བརྡ་བཞག་ནས་ལོ་ཧྲིལ་བོ་གཉིས་འགོར་བའི་དེ་རིང་། ང་ཚོ་སྨྲེང་སྲིད་ལ། གདུང་བའི་དྲག་རླུང་ཀྱང་སྙིང་གི་གས་སྲུབ་ན་དྲག་ཏུ་འཕྱོ་ལྡིང་བྱེད་སྲིད། བྱེད་བབས་འདི་འགྲོ་མི་སྤྱིའི་རང་གཤིས་སུ་གྲུབ་པ་ངོས་འཛིན་བགྱིས་ཏེ། ང་ཡི་སྐད་ཆ་ལ་གདུང་བའི་ངུ་སྐད་མི་བསྲེ་བར་འཕྲོས་བཤད་ཀྱི་གཏམ་ཚོགས་འདི་ནས་སྡོམ་པར་བྱ།

།      བརྗོད་སྙིང་།

།   རི་བོ་ཧི་མའི་ཉིན་སྲིབ་གཉིས་ལ་གཤེན་རབ་མི་བོ་ཆེའི་བཀའ་སྒྲོམ་དུམ་བུར་གཉིས་བྱས་ཏེ་གངས་རིའི་ཕར་ཚུར་ལ་བསྟན་པའི་སོན་རྩ་རུ་འདེབས་པའི་སོ་ནམ་པ་དེ། སྨུག་སྤྲིན་གྱིས་གནམ་ས་འགེངས་བའི་དུས་ཚོད་ཅིག་ལ་གངས་རིའི་ཕ་རོལ་དུ་ཡིག་འབྲུའི་ཉིང་ཁུ་བསྡུ་བ་ལ་སྐུ་ཚེགས་ཀྱི་གདུང་བ་གཉེར།  གླེགས་བམ་གཅིག་ལ་སྟོན་འབྲས་ཀྱི་སྙེ་མ་རབ་ཏུ་སྨིན་དུས་ཁྱེད་ནི་ད་རུང་གངས་རིའི་ཚུ་རོལ་གྱི་ཞིང་ས་ལ་ཐུགས་བྲེལ་ཆེ་ཞིང་སྟོན་དུས་ཀྱི་ལོ་ལེགས་ལ་སོ་ནམ་བྱས། སྐུ་ཚེ་གསེར་གྱི་བུམ་པ་འདི་རྔུལ་ཆུའི་ཐིགས་པ་སྟོང་གིས་ཡོངས་སུ་གཏམས་པས། གཤེན་རབ་རིག་གནས་ཀྱི་སོ་ནམ་པ་ཞེས་ཐ་སྙད་འདི་བདག་གི་མགྲིན་པར་བསྡོང་ནས་སྨྲ་བ་འགུལ་དགོས་ལ་ཅི་ནས་ཀྱང་ང་ཚོས་གཏན་དུ་འབྲི་ཡང་དགོས། ངས་རིའི་ཕར་ཚུར་དང་གཞིས་བྱེས་གཉིས་ཀ་ལ། བོན་གཞིས་ལྷུན་ཆགས་ཀྱི་སྒར་ཁ་དུས་སུ་སྨིན་དུས། ཁྱེད་ཀྱི་སྐུ་དྲིན་དང་ཞབས་རྗེས་ལ་ང་ཚོས་ཅི་ནས་ཀྱང་རྗེས་དྲན་དང་བཀའ་དྲིན་ལོས་བརྗོད། གཤེན་རབ་པ་སྨྲ་བ་འགག་པའི་དཀྱིལ་ཀྲུང་ལ་ཉམ་ང་བའི་ཏིང་འཛིན་གྱི་ཀློང་དུ་བཞུགས་དུས། བོན་གྱི་ཐ་སྙད་འདི་སུ་ཞིག་གིས་ཡི་གེར་འབྲི་ཐུབ། 

་་་་་་་་་་གཏོ་ཡི་བཀའ་སྒྲོམ་དང་གཤེན་རབ་ཀྱི་པེའུ་ཙེ་ལ་སྲོག་གི་རྒྱུ་བ་འགག་པའི་དུས་རབས་ཤིག་ལ་ཁྱེད་ནི་དྲན་པ་སླར་གསོ་དང་དབུག་རྒྱུན་བསྐྱར་བསྣན་གནང་མཁན་གྱི་བོན་བསྟན་ཕྱི་དར་དུས་ཀྱི་ལྷ་རྗེ་ཆེན་པོ་དེ་ཡང་ཅི་ལ་མིན། བསྟན་པ་ལྷུན་ཆགས་ཀྱི་དུས་དང་པེའུ་ཙེ་མཁའ་མཉམ་གྱི་དུས་སུ་ཁྱེད་རང་སྐུ་ཚེ་རྫོགས་ཤིང་མཛད་འཕྲིན་ཕྱིན་ནས་ཕེབས་པ་ནི།  བདག་གཞན་མཉམ་བརྗེ་བའི་ལྟ་བ་བློས་བསླང་བྱས་ཏེ་རེ་ཞིག་མཛད་པ་རྫོགས་ནས་ཐུགས་ངལ་གསོས་པ་ཙམ་ཡིན་པས། བཀའ་དྲིན་ཆེ་དང་སྐུ་དྲིན་ཆེ་ཞེས་ཞུས་པ་ཡིན། 

     །    

   སྤྱི་ལོ་༢༠༡  ༢༢ ཉིན་གུས་པ་རིག་པའི་མེ་ལྕེ་འམ་བསམ་གཏན་དུ་འབོད་པ་དེས་རྒྱ་ནག་གི་གྲོང་ཁྱེར་ནན་ཁྲང་ངམ་南昌ནས་རྗེས་དྲན་དུ་བྲིས་པའོ།

(མཆན། རྗེས་དྲན་ཆེད་རྩོམ་གྱི་རྩོམ་ཡིག་སྤྱིའི་མཚན་བྱང་། རྒྱལ་གཤེན་བོན་སྒྲས།)

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *