གློ་བུར་དུ་གཟིམས་པའི་སྒྲོན་མེ་ཞིག
རྩོམ་ཡིག་འདི་ཐེངས། 73948 བཀླགས་འདུག
༼མེ་སྟོན་མཐོང་གྲོལ་རི་ཁྲོད་ཀྱི་དཔོན་སློབ་སྨན་རིའི་དགེ་བཤེས་བློ་གྲོས་རབ་གསལ་མཆོག་གློ་བུར་དུ་སྐུ་གཤེགས་པའི་གནས་ཚུལ་ཐོས་ཕྲལ།༽
བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ།
དམ་པ་ཁྱུང་གི་རི་འདབས་ཤིག་ཏུ་དལ་འབྱོར་རྟེན་བཟང་འོད་དུ་འབར།།
མེས་པོའི་ཕ་གཞིས་སྨུག་པོའི་གཟི་བརྗིད་རྨི་ལམ་དུའང་རིང་ནས་སྒོམ།།
བགྲོད་པའི་དཀའ་བ་རྒྱབ་ཏུ་སྤུངས་ནས་ཧི་མ་ལ་ཡི་འཕྲང་རོང་བརྒལ།།
གསོ་བྱེད་སྨན་གྱི་ལྗོན་པའི་གླིང་མཆོག་རིག་པ་བརྡར་བའི་ཞིང་དུ་རྙེད།།
/
ཀློག་པ་ཐོས་བསམ་བོན་གྱི་འཁོར་ལོས་རིག་པའི་རྨིང་གཞི་བརྟན་པོར་བསླང།།
བརྩོན་འགྲུས་སྤྱི་རྒྱ་རླབས་ཀྱི་གཤོག་པས་ཤེས་རབ་འོད་ཀྱི་ཞིང་ས་འགྲིམས།།
རིག་བཅུའི་སྙིང་པོ་གནད་ཀྱི་དོན་ཀུན་གསལ་བའི་སྤོབས་པ་ཁོང་ནས་འབར།།
གདན་ས་ཆེན་པོའི་གསེར་གྱི་ཐེམ་སྐས་ཤེས་བརྩོན་རྒྱ་མཚོའི་ཀློང་ནས་བརྒལ།།
/
འཇམ་མཉེན་ཕྱག་རིས་འོད་ཀྱི་འཁོར་ལོར་ཡིག་ལྷ་འཕྲུལ་བུའི་སྒྱུ་རྩལ་འཛུམ།།
སྒྲ་དང་སྡེབ་སྦྱོར་རིག་པའི་དབྱིངས་སུ་ཞང་བོད་ལོ་པཎ་ལྷོད་ཀྱིས་བཞུགས།།
ཕྱི་ནང་མཁས་པ་བརྒྱ་སྟོང་དབུས་སུ་དཔྱད་གཏམ་གསེར་གྱི་ཐང་མ་བརྡལ།།
བསྟན་དང་འགྲོ་བའི་སླད་དུ་དགོངས་ཏེ་བསྟན་བཅོས་གསུང་དེབ་དུ་མ་མཛད།།
/
མེ་སྟོན་ཆེན་པོའི་གདན་སའི་མཁའ་ལ་གཟི་བརྗིད་འོད་ཀྱིས་འབར་བའི་དུས།།
གློ་བུར་འབྱུང་བོའི་རླུང་འཚུབ་གཅིག་གིས་སྐུ་ལུས་གསེར་གྱི་སྒྲོན་མེའི་འོད།།
རེ་ཞིག་གཟིམས་པའི་གཏམ་ངན་གནས་ཚུལ་དྲ་རྒྱ་ཁག་ལས་མཐོང་མ་ཐག།།
ཕང་སེམས་གདུང་བ་ཁོག་ནས་འཕྱུར་ཞིང་མྱ་ངམ་དབུགས་རིང་འདི་བཞིན་ཤོར།།
/
བསམ་ཚུལ་ཕྲིས།