བོན་གྱི་རྩིས་འཕྲུལ་ལོ་ཐོ་གསར་ཐོན།
རྩོམ་ཡིག་འདི་ཐེངས། 91325 བཀླགས་འདུག
ལོ་ཐོའི་སྒྲིག་སྟངས་སོགས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེར་སྤྱན་འབུལ་ཞུས་པ།
འ
ཆེས་མགྱོགས་རྩལ་ལྡན་པའི་དུས་རབས་ཉེར་གཅིག་པའི་འོད་རླབས་ཉིན་རེ་ནས་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་འདིར། ཤར་ནུབ་གཉིས་ཀའི་ཆོས་ལུགས་གྲུབ་མཐའ་དང་ཡུལ་ལུང་མང་པོར་དྲ་ལམ་བརྒྱུད་ནས་བེད་སྤྱོད་ཐུབ་པའི་འགྲོ་བ་རང་མཐུན་གྱི་རྩིས་འཕྲུལ་ལོ་ཐོའི་རིགས་ཀྱང་མང་ཙམ་མཐོང་རྒྱུར་མངོན། དེ་བཞིན་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་ལ་སྤྱི་ཁྱབ་ཏུ་བཀོལ་བདེ་བའི་རྩིས་འཕྲུལ་ལོ་ཐོ་ཞིག་ཡོད་ན་ཅི་མ་རུང་སྙམ་ནས་ཁོ་བོས་འབད་པ་དང་དུ་བླངས་མཐར་དེ་རིང་གཞི་ནས་སྐུ་ཉིད་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པ་བྱུང་། མི་རིང་བར་འདས་པའི་ལོ་ལྔ་བཅུ་དང་འབྱུང་འགྱུར་ལོ་ལྔ་བཅུའི་ནང་གི་ཟླ་ཚེས་དང་གཟའ་སྐར་འཕྲོད་སྦྱོར་སོགས་ལྷན་དུ་བསྒྲིག་སྟེ་བོད་ཀྱི་རྩིས་རིག་སྨྲ་བར་མོས་པ་ཆེ་བའི་རིགས་སུ་གཏོགས་པ་སྤྱི་དང། ཁྱད་པར་དུ་ཚེ་རབས་ལས་རྩིས་སོགས་རྒྱག་པར་ཆེས་རྙིང་ཧྲུལ་དུ་གྱུར་བའི་ཤོག་ཧྲུལ་ལོ་ཐོ་ཁག་འཚོལ་བའི་དཀའ་ངལ་སེལ་ཆེད་འབད་པ་བྱ་རྒྱུ་ཡིན། བོན་གྱི་རྩིས་འཕྲུལ་ལོ་ཐོ་འདི་ད་ཆར་གྲགས་ཆེ་བའི་ཁ་པར་ Samsong སོགས་ Idoied རིགས་ཅན་དང་། ཀུ་ཤུ་རྟགས་ཅན་ Apple བཅས་གང་དུའང་ཕབ་ལེན་ཐུབ་པ་བཟོས་ཡོད་པས་སྐུ་ཉིད་ཀྱི་ཁ་པར་ནང་གི་མཉེན་ཆས་ཕབ་མཛོད་ App store ནང་དུ་ Bon Calender ཞེས་པ་ནོན་དང་རིན་མེད་དུ་སྤྱན་ཟུང་གཡོ་བའི་འབབ་སྟེགས་སུ་བདེ་བར་འཆར་ཐུབ། ཁོ་བོར་རིམ་པས་དུས་ཚོད་ཀྱིས་ལྕོགས་ན་རྩིས་འཕྲུལ་གཤམ་གྱི་ Change Year ཞེས་པ་བརྒྱུད་ནས་རང་རང་སོ་སོའི་སྲོག་ལུས་དབང་རླུང་དང་། བླ་གཟའ་སྤར་སྨེ་སོགས་ཀྱང་ཐད་ཀར་འཆར་ཐུབ་པ་ཞིག་བཟོ་འཆར་ཡོད། ལོ་ཐོ་འདི་སྒྲིག་པའི་རྒྱུད་རིམ་ཁྲོད་ཕྱག་རོགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་རྒྱུ་དང་། མ་ལག་འདིའི་འཆར་ངོས་བཀོད་སྒྲིག་སྐབས་ཉམས་མྱོང་གིས་མ་འདང་བས་ནོར་ཡོད་པ་རིགས་རིམ་པས་གཙང་སེལ་བཟོ་ངེས་དང་། དྲ་རྡུལ་ལོ་ཐོ་འདི་སྒྲིག་སྟངས་སོགས་རྩིས་འཕྲུལ་རང་དུ་ཁ་གསལ་མདོར་བསྡུས་རེ་བྱས་ཏེ་བཀོད་ཡོད་ན་ཡང་། ཡོངས་ཁྱབ་གསལ་བསྒྲགས་འདིའི་ལྷན་མཁྱེན་རྟོགས་ཆེད་ཟུར་འཛར་དུ་འབུལ་རྒྱུར།
གསལ་བཤད་དང་སྒྲིག་སྟངས།
གནམ་ལོ།
གནམ་ལོ་ཞེས་པ་ནི། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་འབྱུང་ཁམས་ཤིང་དང་ལོ་རྟགས་བྱི་བ་ལ་འཁྲུངས་པས་ཡོངས་གྲགས་རང་རེའི་བོད་ཀྱི་འབྱུང་རྩིས་ཀྱི་ཐོག་མའི་བརྩི་གཞི་ཤིང་ཕོ་བྱི་བ་ནས་འགོ་བརྩམས་པ་ཡིན་ལ། འབྱུང་བ་ལྔ་ཕོ་མོ་གཉིས་སྦྲེལ་དང་ལོ་རྟགས་བཅུ་གཉིས་རིམ་གྱེས་སུ་བརྩིས་པས་འདི་ལོའི་བོད་ཀྱི་གནམ་ལོ་འབྱུང་ལྡན་ ༣༠༡ གི་ས་ཕག་ལ་འཁེལ་ཡོད།
འབྱུང་ལྡན།
འབྱུང་ལྡན་ཞེས་པ་ནི། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་སྐུ་མཆོག་འཇིག་རྟེན་འདིར་མངོན་པར་བལྟམས་ནས་མི་ལོ་དྲུག་ཅུ་རེ་འཁོར་བར་འབྱུང་ལྡན་རེ་དང་། དེ་ཡང་འབྱུང་ལྡན་ཞེས་ཐོགས་དོན་ནི་<<གཡེན་ཁམས་སེལ་མདོ་>>ལས་ལོ་རྒན་དྲུག་ཅུ་སོ་སོར་མིང་མ་འདྲ་བ་ཡོད་པའི་ནང་གསེས་ཤིང་བྱི་བ་ལ་འབྱུང་ལྡན་ཞེས་བརྗོད་པའི་རྒྱུ་མཚན་གྱིས་ཡིན། དེས་ན་འབྱུང་ལྡན་སོ་སོའི་ཐོག་མ་ཤིང་ཕོ་བྱི་བ་ནས་འཛིན་དགོས་པས་འདི་ལོའི་ས་ཕག་ལོར་ལོ་རྒན་དྲུག་ཅུའི་སྐོར་གྲངས་ ༣༠༡ གི་ཉག་མ་སོ་དྲུག་ལ་སླེབས་ཡོད།
བོད་རྒྱལ་ལོ།
བོད་རྒྱལ་ལོ་ཞེས་པ་ནི། གཡུང་དྲུང་བོན་ལུགས་ལྟར་ན་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་མཆོག་བོད་གངས་ཅན་པའི་རྒྱལ་ཁྲིར་མངའ་གསོལ་ཞུས་ནས་ཡེ་ལོའི་སྔོན་དུ་ལོ་༡༡༣༧་དང་། དེའི་ཐོག་ཏུ་ངོ་ཐོག་ཡེ་ལོ་སྟེ་༢༠༡༩ བསྣན་པས་༣༡༥༦་ལ་སླེབས་ཡོད།
ཀླུ་ཐེབ་དང་ཀླུ་ལྡོག
སྤྱིར་ཀླུ་ཐེབ་དང་ཀླུ་ལྡོག་སོགས་ཀྱི་སྐོར་ལ་བཤད་ཚུལ་མ་འདྲ་བ་མང་ཙམ་མཆིས་ཤིང་། འདིར་བཀོད་པའི་ཀླུ་ཐེབ་ནི་སྟོན་པ་སངས་རྒྱས་ཀྱི་བཀའ་<<ཀླུ་འབུམ་>>གྱི་དགོངས་དོན་ཇི་ལྟར་བཀོད་པ་དང་། དེའང་ཀླུ་ཐེབ་ཉིན་ཆར་ཆུ་དབབ་པ་དང་། ཀླུ་ཆོག་འདོན་པ། ཀླུ་གཏོར་གཏོང་བ་སོགས་བཟང་བར་བཤད།
གདམས་ངག་ཐོར་བུ།
ལོ་ཐོ་འདིའི་ཉིན་རེའི་འཕྲོད་སྦྱོར་སོགས་ཀྱི་གཤམ་དུ་དབྱིན་ཡིག་ཐོག་བོན་གྱི་མཁས་གྲུབ་རྣམས་ཀྱིས་གསུངས་པའི་གདམས་ངག་ཕྲན་བུ་རེ་ཟུར་དུ་ཕྱུང་ནས་བཀོད་ཡོད་ཅིང་། དེ་བཞིན་ལོ་རེའི་ཟླ་མཇུག་གི་སྒྲུབ་མཆོད་དང་དུས་ཆེན་སོགས་གཡུང་དྲུང་བོན་གྱི་༧གདན་ས་ཆེན་པོ་དཔལ་རྒྱལ་བ་སྨན་རི་ཚང་གི་ལུགས་སྲོལ་ཇི་ལྟར་བཀོད་ཡོད།
རྒྱུན་སྤྱོད་ཞལ་འདོན།
བོད་ཡིག་ཏུ་ཡོད་པའི་བོན་གྱི་རྒྱུན་སྤྱོད་ཞལ་འདོན་དེ་ཉིད་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གིས་བསྒྲིགས་པ་དེ་ཐད་ཀར་བཀོད་པ་དང་། དབྱིན་བོད་ཟུང་འབྲེལ་ཅན་དེ་ཉིད་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་གིས་རྒྱུན་སྤྱོད་སྦྱིན་པ་རྣམ་བཞི་སོགས་མདོར་བསྡུས་ཤིག་ལོ་མང་རིང་ནས་བསྒྲིགས་པ་དེ་PDFརུ་བཟོས་ནས་བཀོད་ཡོད། དེ་བཞིན་བོད་ཡིག་དང་རྒྱ་ཡིག་ཅན་གྱི་རྒྱུན་སྤྱོད་ཞལ་འདོན་དེ་ཉིད་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲིགས་པ་དེ་འདིར་གདན་འདྲེན་ཞུས་ཏེ་བཀོད་ཡོད།
བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་ནས་
ཕྱི་ལོ་༢༠༡༩ཟླ་༨ཚེས་༡ཉིན།
བསམ་ཚུལ་ཕྲིས།