མཛོད་གནས་བཅུ་བདུན་གྱི་འགྲེལ་བ་མཁས་བཞིས་མཛད་པ་ཞེས་པའི་དཔེ་ཆ་ལ་དཔྱད་པའི་གཏམ།

རྩོམ་ཡིག་འདི་ཐེངས། 220648 བཀླགས་འདུག

IMG_0276

ས་བདག་ཁྱི་སྤྱང་ལྷན་དུ་དཔུང་སྦྲེལ་ནས།།

ས་སྟེང་བོན་གྱི་ཀ་ཆེན་བསྒྱེལ་བའི་དུས།།

ས་ཡའི་དོན་དུ་རང་སྲོག་འབེན་བཙུགས་ཏེ།།

ས་སྙིང་བོན་གཏེར་སྐྱོང་མཛད་གྱེར་སྤུངས་རྗེ།།

གངས་རིའི་བླ་སྲོག་བཅུ་ཕྲག་རིག་པའི་གཞུང༌།།

གངས་རིའི་ཞིང་དུ་མི་ཉམས་སྤེལ་བའི་བཤེས།།

གངས་ཅན་མཁས་གྲུབ་བྱེ་བའི་གཙུག་གི་ཏོག།

གངས་རིའི་ཚིག་མཛོད་བསྟན་འཛིན་རྣམ་དག་རྒྱལ།།

མ་རིག་ཁྲག་འཐུང་འདྲེ་མོ་འཁྲོས་པའི་གར།།

མ་རུང་བསྟན་དགྲ་འདུལ་བ་ང་ཡིན་ཞེས།།

མ་གཅིག་དྲག་པོའི་སྐུ་རུ་མངོན་བཞེངས་པ།།

མ་མཆོག་སྲིད་པ་རྒྱལ་མོ་ཐུགས་མ་གཡེལ།།

ལྷ་ཡི་ལུས་ལ་ཀླུ་ཡི་དབུ་རྒྱན་ཅན།།

ངོ་མཚར་རྒྱུ་མའི་མཛོད་འགྲེལ་དཔྱད་པའི་འབྲས།།

བརྟགས་མིན་འཁྲུལ་སྣང་སྲིད་པ་རྒད་པོའི་རྒྱ།།

གཅོད་བྱེད་ཤེས་རབ་རལ་གྲི་འདི་ན་ཕྱར།།

་་་་་་་་་་ཞེས་ལྟེ་འཚལ་དམར་པོ་གངས་རིའི་འདབས་སུ་ཐིམ་ཞིང༌། ལང་ཚོའི་མེ་ཏོག་མཐོ་སྒང་ཡུལ་ནས་རྒྱས་ཏེ། ཕ་སྤྲེའུ་རྒད་པོས་རུས་ཁམས་མ་བསླད་ཅིང༌། མ་བྲག་སྲིན་བུ་མོའི་མངའ་གྲིབ་ཀྱིས་གོས་མ་མྱོང་པ་རིགས་རུས་གཙང་མ་འོད་གསལ་ལྷ་ནས་ཆད་པའི་གངས་ཅན་གདོང་དམར་གྱི་མེས་པོ་ཞྭ་དཀར་དྲུང་མུ་གྱེར་གྱི་བསྟན་པ་འདི་ཉིད་ཀེགས་ཆེན་གྱི་ལ་ཚིགས་གསུམ་གྱི་ནང་དམ་ཉམ་དུན་རྩེའི་ལག་ཏུ་མ་ཤོར་བ་མཛད་པའི་ཕ་གཅིག་དྲན་པ་ནམ་མཁའ་དང༌།   བསྐལ་ཁུགས་ཀྱི་བསྟན་པའི་སྒྲོན་མེ་སྨྲ་བའི་སེང་གེ་གཉིས་པ༧སློབ་དཔོན་ཀུན་གྲུབ་རྒྱལ་སྲས། མ་གཅིག་སྲིད་པ་རྒྱལ་མོ་གསུམ་ལ་གསོལ་འདེབས་དང་ཕྲིན་བཅོལ་སྔོན་དུ་བཏང་ནས་གང་གླེང་བར་བྱ་བ་མཛོད་གནས་བཅུ་བདུན་གྱི་འགྲེལ་བ་མཁས་པ་མི་བཞིས་མཛད་པ་ཞེས་པའི་དཔེ་ལ་དཔྱད་པའི་གཏམ་བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རྩོམ་ལུགས་རིག་པ་དང༌། དེང་དུས་ཞིབ་འཇུག་རིག་པ་གཉིས་ཟུང་འབྲེལ་བྱེད་ནས་འཆད་པ་ལ་གཉིས་ཏེ། གླེང་གཞི་མཛོད་ཀྱི་བྱུང་རིམ་དང༌། མཛོད་འགྲེལ་དངོས་ལ་དཔྱད་པའོ། དང་པོ་ལ་གཉིས་ཏེ། ཐོག་མར་མཛོད་ཀྱི་བྱུང་རིམ་དང༌། མཛོད་འགྲེལ་འཕེལ་རྒྱས་བཤད་པའོ།།

་་་་་་་་་་་དང་པོ་ནི་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་མཚན་གྱི་ཅོད་པན་དཀར་པོ་སྲིད་གསུམ་ཆེ་དགུའི་གཙུག་ན་མངོན་པར་མཐོ་བ་དེ་ཉིད་ཀྱིས། མ་རིག་མུན་པ་སེལ་བའི་ཉི་གཞོན། ཤེས་རབ་པད་ཚལ་རྒྱས་པའི་སྦྲང་ཆར། ཞི་བདེའི་རྐྱལ་པ་སྐྲུན་པའི་དེད་དཔོན། བདེ་ཆེན་མཁའ་ལ་བསྒྲོད་པའི་གཤོག་ཟུང༌། སྐལ་ལྡན་ཐར་ལམ་འདྲེན་པའི་ལྕགས་ཀྱུ་སྟེ། དཀའ་འཁོར་ཐོག་མཐའ་བར་གསུམ་བསྐོར་བའི་བར་པ་སྒོ་བཞི་མཛོད་ལྔའི་སྐབས། འཁོར་ཕུན་གསུམ་འཚོགས་པ་སྟོབས་དང་ལྡན་པའི་ཞུ་འཁོར་གཤེན་བརྒྱད། བློ་གསལ་བའི་སྐུ་འཁོར་གཤེན་བརྒྱད། དད་པ་དང་ལྡན་པའི་ཉན་འཁོར་སྡེ་བརྒྱད་ལ། གནས་ཕུན་སུམ་འཚོགས་པ། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཕུག་པ། རྟགས་གཟིགས་འོལ་མོ་ལུང་རིང་ཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཚན་དཔེའི་དཀྱིལ་འཁོར་ཨུ་དུམ་ཝ་ར་མངོན་པར་བཞད་ཅིང༌། བྱིན་རླབས་བདུད་རྩི་རླབས་ཕྲེང་མཁའ་ལ་འཕྱུར་ཏེ་ཐུགས་རྗེའི་འོད་ཟེར་ཉག་ཐག་སྲིད་མཐའི་བར་དུ་རྒྱུན་མི་འཆད་པར་འོད་ཀྱི་ལྷ་རི་སྤོ་མཐོན་ཏི་རྩེ་གངས་ཀྱི་ལྷོ་ཤར། ཤིམ་ཕོད་ངད་ལྡན་གྱི་རི་བོ་ལ། བཀའ་ཕུན་སུམ་འཚོགས་པ་སྲིད་པའི་མཛོད་ཕུགས་ལེའུ་བཅུ་བདུན་ཅན་འདི་གསུངས་སོ། །དེ་ནས་སྟོན་པ་སངས་རྒྱས་ཀྱི་ཐུགས་སྲས་ཚངས་པ་གཙུག་ཕུད་ལ་རྒྱུད། ཚངས་པ་གཙུག་ཕུད་ལ་ཀྱིས་སྤང་ལ་གནམ་གཤེན་ལ་རྒྱུད། དེས་ཡོངས་སུ་དག་པ་དེས་མི་ལུས་བསམ་ལེགས་དེས་ནམ་མཁའ་སྣང་བ་མདོག་ཅན་དེས་མོན་བོན་ཧ་ར་ཅི་པར་དེས་སྟག་ཝེར་ལི་ཝེར། ཨ་ནུ་ཕྲག་ཐག་སད་ནེ་གའུ་ཐ་མི་ཐད་ཀེ་ཧྲིང་ནི་མུ་ཏིང་ཤད་པུ་ར་ཁུག་སུམ་པ་སྦུ་ཁ་རླང་ཆེན་མུ་ཝེར༌། ཟིང་པ་མཐུ་ཆེན༌། སྤེ་བོན་ཐོག་འཕྲུལ༌། སྟོང་རྒྱུང་མཐུ་ཆེན། ཤ་རི་དབུ་ཆེན། གྱིམ་ཚ་རྨ་ཆུང༌། མེ་ཉག་ལྕེ་ཚ་དང་བླ་བོན་དྲན་པ་བཅས་ལ་རིམ་དང་སྤུག་མའི་ཚུལ་དུ་བརྒྱུད། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས་ཞང་སྐད་ནས་བོད་སྐད་ལ་ཕབ་བསྒྱུར་བྱས་ཏེ་རྒྱལ་པོ་གྲི་གུམ་བཙན་པོའི་བར་དུ་བོད་ལ་དར། རྒྱལ་གྲི་གུམ་བཙན་པོའི་དུས་སུ་རྒྱ་གར་གྱི་བློན་པོ་ལི་བཙན་བཞེར་མེ། བན་དེ་རད་ཎ་སིདྷི། བློན་པོ་ཟི་པ་རཏྣད་བཅས་ཀྱིས་རྒྱལ་གཤེན་བར་དུ་དཀྲུག་ཤིང་བྱས་ཏེ་རྒྱལ་པོའི་བློ་ཁ་བསྒྱུར་ནས་ཆོས་དོན་གྱི་འབྲེལ་བ་བཙུགས་དུས་གཏེར་སྦས་དགོས་བྱུང་སྟེ་གཏེར་གནས་ལྷོ་འབྲིག་མཚམས་མཐའ་དཀར་དང་དྭང་ར་ཁྱུང་རྫོང་གཉིས་ལ་སྦས་པ་ཡོངས་གྲགས་ཡིན་ལ། ཉང་སྟོད་ཀྱི་གཙང་པོ་ནུ་མའི་བྲག་ལ། ལྡེམ་གྱིམ་ཚ་རྨ་ཆུང་གིས་གཏེར་སྦས་པའི་ནང་ཕྱིས་གཉེར་སྟོན་ཤེས་རབ་རྡོར་རྗེས་མེ་ཕོ་སྟག་གི་ལོ་ལ་ཤེལ་བྲག་ཀ་རུའི་གཏེར་སྒོ་ཕྱེས་ཏེ་གཏེར་དུ་དྲངས་པའི་ནང༌། སྲིད་པ་མཛོད་ཀྱི་སྡེ་ལ་མཛོད་གནས་ཆེན་པོ་བཅུ་བདུན། མདོར་བསྡུས་འཇིག་རྟེན་གཏན་ཕབ། ལྷ་ཡི་སྲས་པའི་དོན་འགྲེལ། དྲང་སྲོང་རྒྱལ་བའི་འབྲུ་འགྲེལ་བཅས་ཡོད་པར་གསལའདུག་པས། གཉེར་སྟོན་གྱིས་གཏེར་དྲངས་པའི་མཛོད་ཕུག་ཡོད་པར་མངོན།

་་་་་་་་་་་་ད་ལྟའི་རྗེ་རིན་པོ་ཆེའི་མཛོད་འགྲེལ་གྱི་རྩ་བ་འདི་ནི་ལུང་ཟིན་གྱི་སྐྱེས་བུ་ཆེན་པོ་མཚན་ད་པར་དཀའ་བ་དམུ་རིགས་གཤེན་གྱི་གདུང་འཛིན་གཏེར་སྟོན་ཡང་དག་པ་གཤེན་ཆེན་ཀླུ་དགའ་མཆོག་གིས་གཏེར་དྲངས་པའི་སྲིད་པའི་མཛོད་ཕུགས་དེ་ཡིན། གཤེན་ཆེན་ཀླུ་དགས་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ལ་བརྒྱུད། དེ་ནས་གཡས་རུའི་སྟོན་པ་བཅོ་བརྒྱད།  སྨན་རིའི་མཁན་རབས་རིམ་བྱོན། ད་ལྟའི་ཞྭ་དཀར་བོན་གྱི་བླ་སྲོག་བསྐལ་ཁུག་སྨག་རུམ་སེལ་བའི་ཉི་ཟླ། བོན་བསྟན་ཀ་ཆེན་འཛུག་པའི་དཔའ་བོ། འཛམ་གླིང་བོན་ཕྲུག་སྐྱོབ་པའི་ཨ་མ། དུས་གསུམ་སངས་རྒྱས་བྱོན་ཀྱང་ཉམས་མི་ང་ཞིང༌། ཕྱི་རོལ་དབང་ཕྱུག་འཕྲད་ན་གྲུབ་མཐའ་མི་འཁྱོར་བ། བཀའ་ཡི་དོན་རང་སྟོབས་ཀྱིས་འགྲེལ་ནུས་པ། བཅུ་ཕྲག་རིག་པ་སྨྲ་བའི་དྲན་དབང་ཆེན་མོ། འཛམ་གླིང་མཁས་གྲུབ་བྱེ་བའི་གཙུག་གི་རལ་ཀློང་དུ་ངལ་གསོ་ཐོབ་པ། བསྟན་པ་གཅིག་ལ་སྟོན་པ་གཉིས་པ་ལྟ་བུ། ཤེས་རབ་སྨྲ་བའི་སེང་གེ་དབུ་སྐྲ་ལྕང་ལོ་གཡས་འཁྱིལ་ངེས་འབྱུང་གིས་བཏུབ་སྟེ། དྲང་སྲོང་འདུལ་བ་འཛིན་པའི་ཆ་བྱད་དུ་བྱོན་པ། དོན་གྱི་མཚན་དུ་སྨོས་ན་རྣམ་འདྲེན་རྒྱལ་བ་གཉིས་པའི་གདུང་སོབ་ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག། འཆི་མེད་གཡུང་དྲུང༌། ཀུན་འགྲུབ་རྒྱལ་བའི་སྲས་པོ་ཞེས་ཕྱི་ནང་གསང་གསུམ་གྱི་མཚན་མཆོག་ཅོད་པན་དཀར་པོ་སྲིད་གསུམ་ཆེ་དགུའི་གཙུག་ཏུ་མངོན་པར་མཛེས་པ་དེ་ཉིད་ཀྱི་བར་དུ། རྒྱུད་རིམ་གྱི་ཉག་ཐག་མ་ཆད། བྱིན་རླབས་ཀྱི་ན་བུན་མ་ཡལ། བཤད་རྒྱུད་ཀྱི་ཆེ་སྲོལ་མ་ཉམས་པ་གནས་པ་ཞིག་ཡིན་ནོ།།

ཐོད་དཀར་སྲས་པོའི་ཞལ་གྱི་ཆུ་གཏེར་ལས།།

ཉེ་བར་འཁྲུངས་པའི་མཛོད་གཞུང་ཟླ་བའི་གཟུགས།།

ལན་གཅིག་ནུབ་རིའི་ཕག་ཏུ་གཟིམས་ན་ཡང།།

སླར་ཡང་འགྲིག་མཚམས་བྲག་རིའི་རྩེ་ནས་འཛུམ།།

་་་་་་་་་་་གཉིས་པ་མཛོད་འགྲེལ་བསྐོར་བཤད་པ་ནི། སྲིད་པའི་མཛོད་ཕུག་ལ་བརྟེན་ནས་མཛད་པའི་མཛོད་འགྲེལ་དུ་མ་བྱུང་ཡོད་པ་སྟེ། གཏེར་བྱུང་སྐོར།     གཤེན་ཀླུ་དགས་སྲིད་པའི་མཛོད་ཕུག་དང༌།  དེ་དང་ལྷན་དུ་གཏེར་དྲངས་པའི་མཛོད་ཀྱི་འགྲེལ་ཆུང་ཞིག་ཡོད་པ་གསལ་བས། དེ་ནི་སྒ་སྟོན་གྱི་མཛོད་འགྲེལ་ནང་གསལ་བའི་མཁས་བཞིའི་འགྲེལ་ཆུང་ཞེས་པ་དེ་ཡིན་ནམ་སྙམ།གཉེན་སྟོན་གྱིས་གཏེར་དྲངས་པའི་མཛོད་འགྲེལ། མདོར་བསྡུས་འཇིག་རྟེན་གཏན་ཕབ། ལྷ་ཡི་སྲས་པོའི་དོན་འགྲེལ། དྲང་སྲོང་རྒྱལ་བའི་འབྲུ་འགྲེལ། གྱེར་མི་ཉི་འོད་ཀྱིས་གཏེར་དྲངས་བའི་བླ་ཆེན་དྲན་པས་མཛད་པའི་མཛོད་སྒྲ་འགྲེལ། གཏེར་སྟོན་གུ་རུ་རྣོན་རྩེས་རྟ་ནག་དུང་ཕོར་ནས་གཏེར་དྲངས་བའི་མཐོ་ཐོག་མཛོད།  ནམ་མཁའ་སེམས་ཀྱི་མཛོད་ཆེན་བཅས་ཡོད། སྒ་སྟོན་གྱི་མཛོད་འགྲེལ་ནང་མཚུངས་ལྡན་རྣམ་པ་ལྔ་མཚུངས་བསྟན་སྐབས་སྟོང་རྒྱུང་གི་མཛོད་འགྲེལ་ཞེས་ལུང་དྲངས་འདུག་པའི་དཔེ་ཆ་དེ་མཁས་བཞིའི་འགྲེལ་ཆུང་ཞེས་པ་དེ་ཡིན་མིན་དང་གཏེར་བྱུང་ཡིན་མིན་དཔྱད་དགོས་སོ།། བསྟན་པ་ཕྱི་དར་གྱི་སྐབས་སུ་བརྩམས་པའི་མཛོད་འགྲེལ་སྐོར། བྲུ་ཆེན་ནམ་མཁའ་གཡུང་དྲུང་གི་མཛོད་འགྲེལ། བྲུ་ཤ་ཁྱུང་གི་རྒྱལ་མཚན་གྱི་མཛོད་ཀྱི་ཏི་ཀ རྨེའུ་མཁས་པ་དཔལ་ཆེན་གྱི་མཛོད་འགྲེལ། སེ་སྟོན་དང་ཀུན་མཁྱེན་ཡེ་བློ་སློབ་དཔོན་བསོད་རིན་བཅས་ཀྱི་་མཛོད་འགྲེལ། འགྲོ་མགོན་བློ་གྲོས་ཀྱི་ལུང་མཚན་ཉིད་སྲིད་པའི་མཛོད་ཀྱི་ཀླད་དོན་གྱི་འགྲེལ་བ། ཐེག་པ་སྣ་ཚོགས་ཀྱི་བརྗོད་བྱེད་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་པ་ཉི་མའི་འཁོར་ལོ། ཐེག་པ་སྣ་ཚོགས་ཀྱི་བརྗོད་བྱ་སྟོན་པར་བྱེད་པའི་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་པ་ཡིད་བཞིན་ནོར་བུ་རྩ་བའི་ལུས་རྣམ་པར་བཞགས་པ་དོན་གྱི་གནས་ལུགས་གཏན་ལ་ཕབ་པའི་འགྲེལ་བ། ལུང་མཚན་ཉིད་སྲིད་པའི་མཛོདཀྱི་ས་བཅད། སྣོད་བཅུད་མཛོད་ཀྱི་ས་བཅད། གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་སྣོད་བཅུད་གཞུང་དང༌། སྣོད་བཅུད་ཀྱི་འགྲེལ་བ་ཉི་ཟེར་ཅན།   གནས་གསུམ་ལས་བཏུས་པའི་འཇིགས་རྟེན་སྣོད་བཅུད་ཀྱི་གནས་ལུགས་གཏན་ལ་ཕབས་པའི་གཞུང་གི་འབྲུ་ཏིག བྲུ་རྒྱལ་གྱི་མཛོད་འགྲེལ། སྒ་སྟོན་གྱི་མཛོད་ཀུན་བཏུས་དང༌། བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག རྨེའུ་ལྷ་རི་གཉེན་པོའི་སྣོད་བཅུད་སྐོར། མཁས་གྲུབ་རིན་བློའི་མཛོད་ཀྱི་ས་བཅད། སྟག་ཚའི་བཙུན་པ་བླ་མ་རྒྱལ་མཚན་གྱི་སྣོད་བཅུད་ཀྱི་ཡིག་སྣ། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱི་མཛོད་ཀྱི་ཐལ་ཕྲེང་གསལ་བའི་སྒྲོན་མེ། མཁས་གྲུབ་བསོད་ནམས་གཡུང་དྲུང་གི་མཛོད་ཀྱི་བསྡུས་དོན་རབ་གསལ། ཡོངས་འཛིན་རིན་པོ་ཆེས་མཛད་པའི་མཛོད་རྩ་རྒྱལ་བསྟན་གསལ་རྒྱན་བཅས་དུ་མ་བྱུང་ཡོད་པ་གསལ་ཀྱང་ད་ལྟ་ཉུང་ཤས་ཤིག་མ་གཏོགས་ཐམས་ཅད་སློབ་གཉེར་བའི་མཇལ་ཡུལ་དུ་གྱུར་མེད། འགའ་ཞིག་གཏན་དུ་རྩ་ནུབ་སོང་ཡོད་ཀྱང༌།  འགའ་ཞིག་ལུང་ཕྲན་ཁ་ཤས་ནང་ཁྱབ་སྤེལ་དང་བལྟ་རྟོགས་གནང་མཁན་མེད་ནས་རྡུལ་གྱི་ནབ་བཟའ་གསོལ་ཏེ་རྩི་རྩིའི་ཁ་ཟས་བྱེད་ནས་བཞུགས་ཡོད་སྲིད་པས་རིམ་བཞིན་མཇལ་བའི་སྨོན་ལམ་འདེབས་པ་ལགས་སོ།།

སྙེང་བྲལ་བློ་ལྡན་བྱེ་བའི་ལྗགས་རྩེ་ལས།།

རིས་བྲིན་མཛོད་ཀྱི་རྣམ་བཤད་བརྡོལ་བའི་རླབས།།

ཁ་བའི་སྟོད་གཡོག་ཕུད་པའི་སྨན་ལྗོངས་སུ།།

རབ་མཛེས་སྟེང་འཐུང་རྒོད་པའི་མཛེས་སྡུག་འཕྲོག།

་་་་་་་་་་་་གཉིས་པ་མཛོད་འགྲེལ་དངོས་ལ་དཔྱད་པ་ནི། མཛོད་གནས་བཅུ་བདུན་གྱི་འགྲེལ་པ་མཁས་པ་མི་བཞིས་མཛད་པ་ཞེས་པའི་དཔེ་ཆ་འདི་ནི་བོད་གཞིས་བྱས་གང་སར་ཁྱབ་ཡོད་ཅིང་ལྷག་པར་སློབ་གཉེར་བ་དང་ཞིབ་འཇུག་པ་རྣམས་ཀྱིས་ལྟ་རྟོགས་བྱེད་བཞིན་ཡོད་ཀྱང་ཕལ་ཆེར་བས་མཁས་བཞིའི་མཛོད་ཡིན་ཤག་བྱེད་ནས་མཁས་པ་མི་བཞིས་མཛད་པའི་མཛོད་འགྲེལ་ཡོད་མེད་དང༌། འདི་ཉིད་མཁས་བཞིའི་མཛོད་ཡིན་མིན་གྱི་བགྲོ་གླེང་དང་ཞིབ་འཇུག་བྱས་པའི་རྩོམ་ཡིག་གང་ཡང་བྱུང་མེད་པ་མ་ཟད༌།མཛོད་འགྲེལ་ཐོག་མ་མཛོད་ལྷ་འགྲེལ་ད་ལྟ་མཐོང་ཡུལ་དུ་མ་གྱུར་པའི་ངོས་འཛིན་མནང་བའི་རྩོམ་ཡང་ཐོན་ཡོད། ད་ལན་ཁོ་བོ་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གི་རྩ་ཆེན་གནའ་དཔེ་དུ་མ་དཔར་སྐྲུན་བྱེད་བཞིན་ཡོད་པའི་ནང་ནས་ཞུ་དག་ལས་ཀ་ལ་དངོས་སུ་ཞུགས་པ་མ་ཟད༌། མདོ་སྔགས་རབ་འབྱམས་སྨྲ་བའི་ངེས་པ་དོན་གྱི་མཁས་དབང་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་མཛོད་འདིའི་དཔེ་སྐྲུན་སྔོན་གླེང་འབྲི་དགོས་པའི་དཀའ་ཕབ་པ་དང་མཛོད་དཔེ་འདི་མཁས་བཞིའི་མཛོད་དང་ལྷ་འགྲེལ་གང་ཡིན་ཞིབ་འཇུག་དགོས་པའི་བཀའ་ལུང་བདུད་རྩི་ཟེགས་མ་གཙུག་ཏུ་སྨིན་པའི་སྐལ་བཟང་ཐོབ་པ་ལ་བརྟེན། མཛོད་གཞུང་འདི་ལ་ཞིབ་འཇུག་གི་ལས་དོན་དངོས་སུ་བརྩོན་པའི་གོ་སྐབ་སྨིན། དཔེ་སྐྲུན་སྔོན་གླེང་ནང་དུ་མདོ་བསྡུས་ཤིག་བྲིས་ཡོད་ཀྱང་གླེང་བརྗོད་ཀྱི་ས་མིག་ཆུང་བའི་རྐྱེན་གྱིས་འདོད་བློ་ཁེང་པ་ཞིག་མ་བྱུང་བས་ད་ལན་སླར་ཡང་ཆེད་གཉེར་གྱི་དཔྱད་རྩོམ་འདི་འབྲི་བ་སྤོབས། ད་ལེན་དཔྱད་གཞིའི་མཛོད་དཔེ་སོགས་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ་རིན་པོ་ཆེས་དཔར་སྐྲུན་གནང་བའི་བརྟེན་འགྱུར་ནང་གི་མཛོད་དཔེ་དང༌། ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་བདུན་པ་བདག་གི་རྩ་བའི་བླ་མ་ཚོགས་གཉིས་རྒྱ་མཚོ་ནོར་བུ་འམ་དྲང་སྲོང་གི་མཚན་དུ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་གིས་དཀའ་བ་བརྒྱ་ཕྲག་དུ་མའི་ལ་ལུང་བརྒལ་ཏེ་བཀའ་བརྟེན་དཔེ་རྙིང་ལྷན་ཚོགས་དངོས་སུ་བཙུགས་ཏེ་དག་བསྒྲིགས་བྱས་ནས་དཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་གནང་བའི་བརྟེན་འགྱུར་ནང་གི་མཛོད་དཔེ་གཉིས་ལ་བྱས་པ་ཡིན། དཔེ་ཆ་འདི་གཉིས་ཀྱི་མ་དཔེ་ནི་རྔ་ཡུལ་སྣང་ཞིག་དགོན་དང་རྟོགས་ལྡན་དགོན་གཉིས་ལ་ཡོད་པའི་མཛོད་དཔེ་གཉིས་པོ་ཕན་ཚུན་ཤོག་ལྷེ་ཆད་ལྷག་ཡོད་པ་རྣམས་གུང་བསྒྲིགས་བྱས་ཏེ་རྩེ་དྲུག་དགོན་དུ་གསར་པ་ལག་བྲིས་བྱས་ནས་བརྟེན་འགྱུར་གྱི་མ་དཔེ་བཞག་པ་ཞིག་རེད་འདུག མཛོད་དཔེ་འདིའི་དབུ་ཡི་མཚན་དོན་ལ་མཛོད་གནས་བཅུ་བདུན་གྱི་འགྲེལ་པ་མཁས་པ་མི་བཞིས་མཛད་པ་ཞེས་བཏགས་འདུག དུས་ཚོད་ག་དུས་བཏགས། མི་གང་ཞིག་གིས་བཏགས་པ་རེ་ཞིག་ཁ་ཚོན་གཅོད་དཀའ་ན་ཡང༌། ཞིབ་དུ་དཔྱད་ན་མཛོད་ལྷ་འགྲེལ་དཔེ་དཀོན་ཡིན་པ་སོང་གསར་བཞེངས་བྱས་པའི་ཚེ༌། མ་དཔེ་ཧ་ཅང་རྙིང་ནས་དབུ་ཡི་མཚན་དོན་མི་གསལ་བ་གྱུར་པའམ། ཡང་ན་སྔར་གསུང་རབ་ལ་བཀུར་སྟི་བྱེད་ནས་དབུ་ལྡེབ་དེ་ཉིད་སྣམ་ཕྲུག་གོས་ཆེན་སོགས་ཀྱིས་མདུན་གྱི་ཡིག་གེ་མ་གཏོགས་མི་མཐོང་བར་བྱེད་ནས་གཡོགས་ཏེ་མདུན་དུ་ཚོན་སྣ་ལྔའི་ཞལ་ཁེབ་གསོལ་བའི་སྲོལ་ཡོད་པ་དེ་གང་རུང་གིས་རྐྱེན་གྱིས་མཚན་དོན་མི་གསལ་བར་གྱུར་ཏེ་མཁས་བཞིའི་མཛོད་ཡིན་པ་ཐག་བཅད་ནས་བཏགས་པ་ཡིན་པ་འདྲ། འདི་ལ་ཇི་ཙམ་དཔྱད་ན་མཛོད་ལྷ་འགྲེལ་ཡིན་པའི་རྒྱུ་མཚན་གསལ་པོར་འདུག    གཟིགས་དང༌། མཛོད་དཔེ་འདིའི་འཇུག་ཏུ། ཞང་ཞུང་སྟོད་ཀྱི་ཡུལ་དག་ཏུ། །གསལ་རབ་ལྷ་ཡི་སྲས་པོ་དེ[དེས]?། །གསལ་བའི་ཚིག་ལ་ངེས་པའི་དོན། །བཀའ་ལ་སྣང་བ་ཇི་བཞིན་བཤད། །དེས་ནས་དྲང་སྲོང་རྒྱལ་བས་བཤད། །དེ་ནས་མཁས་པས་བཤད་ཅིང་འགྲོ་བ་དྲངས་སོ། །དེ་ནས་བོད་ཡུལ་དབུས་འདི་རུ། །ལྷ་ཀླུ་མི་དང་གསུམ་ལ་བསྟན་པས་བཤད། །དེ་ནས་མཁས་པ་མི་བཞིས་བསྟན་ཅིང་བཤད་པའོ། །ཞེས་དང༌། སྐལ་ལྡན་སྣོད་བཟང་དབང་ཐོབ་འགས་བཤད་ཅིང་འགྲོ་བ་འདྲེན་པར་ཤོག ཅེས་གཤེན་རབ་མཁས་པ་མི་བཞིས་དེ་སྐད་གསུངས་ནས་གཏེར་དུ་སྦས། །ཞེས་པས། མཛོད་དཔེ་འདི་ཉིད་གསལ་རབ་ལྷ་ཡི་སྲས་ཀྱིས་བཀའ་ལ་བརྟེན་ནས་བརྩམས་ཡོད་པ་གསལ་པོར་འདུག་ལ། མཛོད་དཔེ་གཏེར་སྦས་མཁན་མཁས་པ་མི་བཞི་ཡིན་པ་ཙམ་ལས། མཛོད་འདི་རྩོམ་མཁན་ཡིན་པ་གསལ་མི་འདུག དེ་བཞིན་དུ་ཀུན་མཁྱེན་ཉི་མའི་བཀའ་བརྟེན་འགྱུར་གྱི་དཀར་ཆག་ནང༌། ལྷ་རབས་འོད་དཀར་གྱི་སྲས་པོ་ལྷ་གཤེན་ཡོངས་དག་གིས་མཛད་པའི་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་གི་[ཕུགས་ཀྱི]རྣམ་བཤད་གཉན་མཐིང་གི་གཏེར་མ་ལྷ་སྲས་འགྲེལ་ལམ་ལྷ་འགྲེལ་དུ་གྲགས་པ་དང༌། །ཞེས་པའི་ལུང་གོང་འོག་གཉིས་ལ་གཞིགས་ན་མཛོད་ལྷ་འགྲེལ་ཡིན་པ་གསལ་པོར་ཆགས་ཡོད། ལྷག་པར་དུ་འགྲོ་མགོན་མཛོད་དང༌། སྒ་སྟོན་མཛོད། རྗེ་རིན་པོ་ཆེའི་མཛོད་གསུམ་ནང༌། མཁས་བཞིའི་མཛོད་ལས་ཞེས་པའི་ལུང་འདྲེན་མི་འདུག་ལ། སྒ་སྟོན་མཛོད་དང༌། རྗེ་རིན་པོ་ཆེའི་མཛོད་གཉིས་ནང་མཛོད་ལྷ་འགྲེལ་ལས་ཞེས་པའི་ལུང་འདྲེན་དུ་མ་ཡོད་པ་རྣམས། མཁས་མི་བཞིས་མཛད་པ་ཞེས་པའི་མཛོད་ནང་དུ་ཡོད་པ་ཁ་ཤས་དཔེ་མཚོན་ཙམ་འགོད་ན། རྗེ་རིན་པོ་ཆེའི་མཛོད་འགྲེལ་<<གཡུང་དྲུང་བོན་གྱི་བཤད་སྒྲུབས་འདུས་སྡེའི་ཡིག་ཆ་དེབ་ཕྲེང་དྲུག་པ་རྒྱ་གར་ནས་དཔར་སྐྲུན་ཞུས་པ་ཤོག་གྲངས་༣༠>>གཤེན་བུ་འབྲང་མིང་སྲིང་གཉིས་ཞེས་པ། སྲན་བུ་འབྲང་ང་དང༌། སྲན་ལྕམ་བྱུར་མ་སྲིད་དོ། །དེ་ནི་མོ་དགུའི་སྲིད་པ་ལས་སྲིད་ཚུལ་ལ་སོགས་སོ། །ཞེས་སོགས་གསལ་རབ་ཀྱིས་བཞེད་པ་བཀོད་པ་ཡིན་ནོ། །ཞེས་པ། མཁས་པ་མི་བཞིས་མཛད་པ་ཞེས་པའི་མཛོད་དཔེ་<<གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་དཔེ་གཟུགས་ཤོག་གྲངས༤༥>>ལས།སྲན་བུ་འབྲང་ང་མིང་སྲིང་གཉིས། ཅེས་བྱ་བ་ནི་སྲན་བུ་འབྲང་ང་དང་སྲན་ལྕམ་བྱུར་མ་སྲིད་དོ། །དེ་ནི་མོ་དགུའི་སྲིད་པ་ལས་སྲིད་ཚུལ་ལགས་སོ། །ཞེས་པ་འདི་གཉིས་ཚིག་གི་དག་ཆ་ཅུང་ཟད་འགྱུར་བ་ལས། ལུང་འདྲེན་རྒྱུ་འདི་རང་རེད་འདུག རྗེ་རིན་པོ་ཆེའི་མཛོད་འགྲེལ༤༤ལས། འགྲེལ་ལས་བསྐལ་པ་དང་པོ་དམྱལ་ཚེ་ཚད། །གཉིས་པ་བརྒྱད་ཁྲིའི་བསྐལ་པའོ། །གསུམ་པ་བདུན་སྟོང་དེ་བཞིན་ནོ། །བཞི་པ་དེ་བཞིན་སུམ་བརྒྱའོ། །དེ་ལྟར་དེ་བཞིན་དྲུག་ཅུ་སྐོར། །ཅེས་པ། མཁས་བཞིའི་མཛོད་ཅེས་པ་༨༤ལས། བསྐལ་པ་དང་པོ་དམྱལ་ཚེ་ཚད། །གཉིས་པ་བརྒྱད་ཁྲི་བསྐལ་པའོ། །གསུམ་པ་བདུན་སྟོང་དེ་བཞིན་ནོ། །བཞི་པ་དེ་བཞིན་སུམ་བརྒྱའོ།    །དེ་ལྟར་དེ་བཞིན་དྲུག་ཅུ་བསྐོར། །ཞེས་གསུངས། རྗེ་ཡི་མཛོད་༤༩ལས། ལྷ་འགྲེལ་ལས། སྤྱིར་ནི་གྲངས་མེད་པ་ལ་གཉིས་ཏེ། གྲངས་ཀྱི་མཐའ་མ་གྲངས་མེད་པ་དང༌། བགྲངས་བ་ལས་འདས་པ་གྲངས་མེད་པའོ། །ཞེས་པ་མཁས་བཞིའི་མཛོད་ཅེས་པ༡༠༧ལས། སྤྱིར་ནི་གྲངས་མེད་པ་ལ་གཉིས་ཏེ།་གྲངས་ཀྱི་མཐའ་མ་གྲངས་མེད་པ་དང༌། བགྲངས་ལས་འདས་པ་གྲངས་མེད་པ་སྟེ། །ཞེས་གསུངས། རྗེ་ཡི་མཛོད་འགྲེལ་༦༩ལས། སྒྲ་དོན་ནི། ལྷུན་པོ་ནི་རི་རྒྱལ་ལྷུན་འཐུག་ཅིང་བརྗིད་པས་ནའོ། །གཉའ་ཤིང་འཛིན་ནི་ལྷའི་བུ་མེ་ཏོག་གི་གཉའ་ཤིང་འཛིན་པ་གནས་པ་སྟེ། དེ་ལས་གསེར་གྱི་གཉའ་ཤིང་རི་འབོད་པ་བཞིན་ནོ། །གནོད་སྦྱིན་དགེ་ལ་ཐོང་ཤོལ་འཛིན་པ་གནས་པས་ཐོང་གཤོལ་འཛིན་ནོ། ལྷའི་བུ་གསེར་མདོག་ཅན་གནས་པས་གསེར་མདོག་གོ །བལྟ་ན་སྡུག་ནི་ལྷའི་བུ་དབྱིབས་དང་ཁ་དོག་བལྟ་ན་སྡུག་པ་གནས་སོ། །རྟ་ན་འཛིན་ནི་གནོད་སྦྱིན་རྟ་ན་འཛིན་གནས་པས་སོ། །ཀུན་འདུད་ནི་ལྷ་དང་གནོད་སྦྱིན་ཀླུ་དང་ཀུན་འདོད་དེ་གནས་པའོ། །རི་བདུན་གྱི་མུ་ཁྱུད་ཅིང་སྐོར་ཏེ་གནས་པས་ན་མུ་ཁྱུད་འཛིན་ཞེས་པའོ། །ཞེས་ལྷ་འགྲེལ་ལས་བཤད་དོ། །ཞེས་པ་དང་སྒ་སྟོན་གྱི་མཛོད་འགྲེལ་[དེབ་གཟུགས་ཤོག་གྲངས་༡༡༦]ལས། དེ་དག་ཀྱང་ལྷ་འགྲེལ་ལས་ལྷུན་པོ་ནི་རི་རྒྱལ་བརྗིད་པས་ལྷུན་པ། གཉའ་ཤིང་འཛིན་ལ་སོགས་ནི་ལྷ་བུ་གཉའ་ཤིང་གི་མེ་ཏོག་འཛིན་པ་གནས་པ་དང། །གནོད་སྦྱིན་མཐོང་ཤོལ་འཛིན་པ་གནས་པ་དང༌། ལྷའི་བུ་གསེར་གྱི་མདོག་ཅན་གནས་པ་དང༌། བལྟ་ན་སྡུག་རི་དབྱིབས་དང་ཁ་དོག་ལེགས་པས་དང༌། རྟ་ན་འཛིན་བྲག་རི་རྟ་ཡི་རྣ་བ་འདྲ་བ་ཡོད་པས་དང།  ཀུན་འདུད་སྤྱི་བོ་འདུད་པས་དང༌། མུ་ཁྱུད་འཛིན་རི་ནང་མ་ལ་མུ་ཁྱུད་བཞིན་དུ་བསྐོར་བས་བདུན་དེ་དག་ཏུ་བཏགས་པར་བཤད་དོ། །ཞེས་པ་མཁས་བཞིའི་མཛོད་ཅེས་པ་༡༨༥ལས། ལྷུན་པོ་ནི་རི་རྒྱལ་ལྷུན་པོ་བརྗིད་པའོ། །གཉའ་ཤིང་འཛིན་པ་ནི་ལྷའི་བུ་མེ་ཏོག་གི་གཉའ་ཤིང་འཛིན་གནས་ཏེ། དེ་ལ་གསེར་གྱི་གཉའ་ཤིང་འཛིན་རི་འབར་བ་འཛིན་ནོ། །ཐོང་བཤོལ་འཛིན་པའི་གནོད་སྦྱིན་དགེ་བ་ཐོང་བཤོལ་འཛིན་གནས་པས་ཐོང་བཤོལ་འཛིན་ནོ། །གསེར་གྱི་མདོག་ནི་ལྷའི་བུ་གསེར་མདོག་ཅན་གནས་པས་གསེར་མདོག་གོ །བལྟ་ན་སྡུག་ནི་ལྷའི་བུ་དབྱིབས་དང་ཁ་དོག་བལྟ་ན་སྡུག་པར་གནས་པས་སོ། །རྟ་ན་འཛིན་ནི་གནོད་སྦྱིན་རྟ་ན་འཛིན་གནས་པས་སོ། །ཀུན་འདུས་འཛིན་ནི་ལྷ་དང་གནོད་སྦྱིན་ཀླུ་དང་ཀུན་འདུས་ཏེ་གནས་པས་སོ། །མུ་ཁྱུད་འཛིན་ནི་རི་བདུན་གྱི་མུ་ཁྱུད་ཀྱིས་བསྐོར་ཏེ་གནས་པས་ན་མུ་ཁྱུད་འཛིན་ཞེས་བྱའོ། །ཞེས་གསུངས། སྒ་སྟོན་མཛོད་༡༣༦ལས། ལྷ་འགྲེལ་ལས། ཉི་མ་ནི་གཤང་འདྲ། ཟླ་བ་ནི་རྔ་འདྲ། ཉི་མ་མེ་ཤེལ་ལས་གྲུབ། ཟླ་བ་ཆུ་ཤེལ་ལས་གྲུབ། དེ་བས་ཉི་མ་ལ་བལྟས་ན་མིག་ལ་གནོད། ཟླ་བ་ཆུ་ལས་གྲུབ་པས་མི་གནོད། །ཅེས་པ། མཁས་བཞིའི་མཛོད་ཅེས་པ་༢༡༥ལས། ཉི་མ་མེ་ཤེལ་ལས་གྲུབ་སྟེ་གཤང་འདྲ། ཟླ་བ་ཆུ་ཤེལ་ལས་གྲུབ་སྟེ་རྔ་འདྲ།དེ་བས་ཉི་མ་དྲོ་ལ་འཇམ་སྟེ་མིག་ལ་གནོད་པའོ། །ཟླ་བ་ཆུ་ཤེལ་ལས་གྲུབ་སྟེ་གྲང་ལ་བསིལ་བས་མི་གནོད་དོ། །ཞེས་གསུངས།

་་་་་་་་་་་་ད་དུང་ལུང་ཚིག་དུ་མ་འདུག་ཀྱང་ཚང་མ་འགོད་པའི་ངལ་བ་མ་བྱས། རྗེ་དང་སྒ་སྟོན་གཉིས་ཀྱི་མཛོད་འགྲེལ་ནང༌། ལྷ་འགྲེལ་གྱི་ལུང་འདྲེན་འགའ་མཁས་བཞིའི་མཛོད་ཟེར་བ་འདིའི་ནང་མི་འདུག་ལ། རྗེ་ཡི་མཛོད་དང་སྒ་སྟོན་མཛོད་གཉིས་ཀྱི་ནང༌། ལྷ་འགྲེལ་གྱི་ལུང་འགའ་ཞིག་མཁས་བཞིའི་མཛོད་ཟེར་བ་འདིའི་ནང་ཡོད་པའི་ཚིག་གཉིས་དོན་དུ་གཅིག་ཀྱང་ཚིག་མི་མཐུན་པ་ཅུང་ཙམ་ཡོད་པས། མཛོད་ལྷ་འགྲེལ་ལ་ཡང་རྩ་བ་གཅིག་ཀྱང་ཆད་ལྷག་དང་ཞུ་དག་ཡོད་མེད་ཀྱི་དབང་གིས་ཚིག་མཐུན་མིན་ཅི་རིགས་བྱུང་ཡོད་པར་མངོན་ཏེ། རྗེ་རིན་པོ་ཆེའི་མཛོད་འགྲེལ་ནང་དུ་དྲངས་པའི་ལྷ་འགྲེལ་གྱི་ལུང་ཚིག་དང་སྒ་སྟོན་གྱི་མཛོད་འགྲེལ་ནང་དྲངས་པའི་ལྷ་འགྲེལ་གྱི་ལུང་ཚིག་གཉིས་དོན་ལ་གཅིག་ཀྱང་ཚིག་ལ་མཐུན་མིན་ཅི་རིགས་ཡོད་པ་མངོན་གསུམ་གྱིས་གྲུབ་པས་སོ། །ལྷག་པར་དུ་མཁས་བཞིའི་མཛོད་ཟེར་བ་འདིའི་ནང༌། གཞུང་ལ་ལས་ཞེས་འདོད་པ་མང་པོ་བཀོད་འདུག་པ་འདི།མཛོད་ལྷ་འགྲེལ་གྱི་གཞུང་ཚིག་དངོས་མ་ཡིན་པ། གཞུང་གཞན་གྱི་འདོད་ཚུལ་མཆན་བཀོད་ནས་མཐར་གཞུང་དང་འདྲེས་སོང་བར་མངོན། སྒ་སྟོན་གྱི་ཐེག་འགྲེལ་[དེབ་གཟུགས་རྒྱ་གར་ནས་དཔར་སྐྲུན་བྱས་པའི་ཤོག་གྲངས་༡༢༡]ལས། མཁས་བཞིའི་མཛོད་འགྲེལ་ལས། སྟོན་པ་ནི་སྐྱེས་བུ་བརྒྱད་ཀྱི་ཆ་དང་ལྡན་པ་ཡིན་ཏེ། རྒྱུན་ཏུ་ཞུགས་པ་མངོན་དུ་བྱས་པའི་ཕྱིར་ཞུགས་པ་དང༌། རྒྱུན་ཏུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་མངོན་དུ་བྱས་པའི་ཕྱིར་ཞུགས་པ་དང༌།ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་མངོན་དུ་བྱས་པའི་ཕྱིར་ཞུགས་པ་དང༌། ཕྱིར་མི་འོང་བ་དང༌། མངོན་པར་བྱང་ཆུབ་པར་དང༌། རྣམ་པར་དག་པའོ། །ཞེས་དང༌། ཡོངས་འཛིན་རྣམ་དག་འོད་ཟེར་གྱི་ཤེར་ཕྱིན་སྐབས་བཞི་པ་[དེབ་གཟུགས་རྒྱ་གར་ནས་དཔར་སྐྲུན་བྱས་པའི་ཤོག་གྲངས་༨༨]ལས། མཁས་བཞིའི་མཛོད་འགྲེལ་ལས། དེ་ལྟར་ཐོགས་ཀྱང་སྲིད་པ་ལན་བདུན་པ་དང༌། རིགས་ནས་རིགས་སུ་སྐྱེ་བའོ། །ཞེས་དང༌། དེ་ཉིད་༩༠་ལས། མཁས་བཞིའི་མཛོད་འགྲེལ་ལས། ཅིས་ཕྱིར་སོང་ཞེ་ན། ལྷའི་ནང་དུ་སོང་སྟེ། འཇིག་བརྟེན་འདིའི་ནང་དུ་ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་འོང་ཕན་ཆད་སྐྱེ་བ་མེད་པའི་ཕྱིར་ཏེ། དེ་ཉིད་འབྲས་བུ་གནས་པའོ།   །ཞེས་པ་སོགས་ལུང་འདྲེན་དུ་མ་འདུག་པ་འདི་དག་མཁས་བཞིའི་མཛོད་ཟེར་བའི་ནང་གཅིག་ཀྱང་མི་འདུག ལུང་ཚིག་འདིའི་ངོ་གདོང་ལ་དཔྱད་ན། ཕྱིས་འབྱུང་མཁས་པས་བརྩམས་པ་ལས་བོན་གྱི་མཁས་པ་མི་བཞིས་བརྩམས་པ་རེད་མི་འདུག ཞུགས་འབྲས་བརྒྱད་ཀྱི་རྣམ་བཞགས་བཤད་པ་འདི་ཐེག་དམན་གྱི་ལུགས་ཡིན་ལ། གཞན་སྡེའི་མཛོད་ནང་ཞུགས་འབྲས་ཀྱི་རྣམ་བཞག་བཤད་ཚུལ་ཡོད་ཀྱང༌། བོན་རང་ལུགས་ཀྱི་མཛོད་ཚད་མའི་ནང་ཞུགས་འབྲས་ཀྱི་རྣམ་བཞག་བཤད་སྲོལ་ཡོད་པ་ཁོ་བོས་མ་མཐོང༌། སྒ་སྟོན་དང་ཡོངས་འཛིན་རྣམ་འོད་གཉིས་ཀྱི་ལུང་འདྲེན་རྒྱུའི་མཁས་བཞིའི་མཛོད་ཟེར་བ་དེ་ཀུན་མཁྱེན་ཉི་མའི་དུས་སུ་ཡོད་བཟོ་འདུག་ཀྱང་ཀུན་མཁྱེན་གྱི་བཀའ་བརྟེན་འགྱུར་གཉིས་ཀྱི་དཀར་ཆག་ནང་གསལ་མི་འདུག་ལ། དཔེ་ཆ་འདི་ཉིད་བོན་ཆོས་གང་གི་དཔེ་ཆ་ཡིན་རིམ་བཞིན་ཞིབ་འཇུག་བྱ་རྒྱུ་ཡིན་ནོ། །སྒ་སྟོན་མཛོད་༨༥ལས། མཁས་བཞིའི་འགྲེལ་ཆུང་དང༌། ཞི་ཁྲོ་རྩ་འགྲེལ་དང༌། གཞན་སྡེ་མཐའ་དག་དང་མཐུན་པར། བར་ཁུག་ནི་ལོ་བརྒྱ་རེ་ལ་སྐྱེ་འབྲི་བྱེད་ལ། ཡ་ཐོག་དང་མ་ཐོག་གཉིས་ནི་རྐྱང་པ་རེ་ཡིན་ཀྱང༌། ལོ་ཉིས་བརྒྱ་རེ་ལ་སྐྱེ་འབྲི་བྱེད་པས་ཁུག་པ་གཅིག་དང་མཉམ་པ་ཡིན་ཟེར་རོ། །དེ་དགག་པ་ལ་གསུམ་ཞེས་དགག་པ་མཛད་འདུག་པས། མཁས་བཞིའི་འགྲེལ་ཆུང་ཞེས་པ་ཞིག་ཡོད་པར་མངོན་ཡང་མཛོད་ཀྱི་འགྲེལ་བ་ཆུང་ངུ་ཞིག་ལས་མཛོད་འགྲེལ་རྒྱས་པ་ཡིན་པའི་བཟོ་མི་འདུག་གོ།

 

ལོག་འཁྲུལ་རྟུག་དྲི་འཚུབས་པའི་སྤྲོ་ཁང་ནང༌།།

དཔྱད་གཏམ་བ་ལིའི་དྲི་བཟང་བདུགས་པའི་ཚེ།།

ཕྲག་དོག་ཕག་པའི་སྣ་ལ་མི་ཞིམ་ཡང༌།།

དྲང་བདེན་དྲི་ཡི་ལྷ་མོས་འཛུམ་ཞལ་ངོམས།།

དྲན་བཱཻ་ཟུང་གིས་ཐབས་མཁས་མཛད་པ་དང༌།།

གཅོད་པའི་ལད་མོ་སྨྱོན་པས་མཛད་པ་སོགས།།

རང་གཞན་རྟ་བོང་འདྲེས་པའི་དྲེའུ་འགའ།།

སྔ་ཕྱི་བར་གསུམ་བོད་དུ་མཐའ་མེད་རྒྱུ།།

་་་་་་་་་་་་མཛོད་ལྷ་འགྲེལ་མཛད་པ་པོ་གསལ་རབ་ལྷ་ཡི་སྲས་པོའམ་ལྷ་གཤེན་ཡོངས་སུ་དག་པ་དེ་དང༌། ཚེ་ལོ་ལྔ་བརྒྱའི་ཚེ་དམིགས་འཛིན་པའི་ལྷ་གཤེན་ཡོངས་སུ་དག་པ་དེ་གཉིས་སོ་སོར་ཡིན་པས་འཁྲུལ་བར་མི་བྱའོ། །མཛོད་ལྷ་འགྲེལ་ནང་དུ་གཏེར་འདྲེན་མཁན་མ་གསལ་ཀྱང༌། ཀུན་མཁྱེན་ཉི་མས་གཉན་མཐིང་གི་གཏེར་ཡིན་པར་གསུངས་འདུག གཉན་སྟོན་ཤེས་རབ་རྡོར་རྗེས་གཏེར་དྲངས་པའི་ལོ་རྒྱུས་དེ། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་གཏེར་གྱི་ཁ་བྱང་དང༌། སྤ་བསྟན་རྒྱལ་བཟང་པོའི་དར་རྒྱས་གསལ་སྒྲོན་གཉིས་ནང༌། ཉང་སྟོད་གཙང་པོ་ནུ་མའི་བྲག་ལ། ལྡེམ་གྱིམ་ཚ་རྨ་ཆུང་གིས་སྦས། གཏེར་སྲུང་སྡོང་བཙན་དཀར་པོ་ལ་བཅོལ་བ་བཤད་པ་གཅིག་ཀྱང༌། གཏེར་དྲངས་པའི་དུས་ནི་སྒ་སྟོན་་གྱི་གཏེར་གྱི་ཁ་བྱང་༡༠༢་ནང་མེ་མོ་ལུག་གི་ལོ་ལ་དྲངས་བར་གསུངས་འདུག་ལ། བསྟན་རྒྱལ་བཟང་པོའི་དར་རྒྱས་གསལ་སྒྲོན་༢༢༢་ནང་མེ་ཕོ་སྟག་གི་ལོ་ལ་ཤེལ་བྲག་ཀ་རུ་ནས་དྲངས་བར་གསུངས་འདུག

གཏེར་དྲངས་ཚུལ་དང་གཏེར་ཡིག་གི་ཕ་བྱང་རྣམས་གཅིག་པ་རེད་མི་འདུག་སྟབས། གཉན་མཐིང་གི་མེ་མོ་ལུག་གི་ལོ་དང༌། མེ་ཕོ་སྟག་གི་ལོ་གཉིས་ལ་གཏེར་གཉིས་དྲངས་ཡོད་པར་མངོན། གཏེར་སྦས་མཁན་ལྡེམ་གྱིམ་ཚ་རྨ་ཆུང་གཅིག་པུ་མ་ཡིན་ཏེ། མཛོད་ལྷ་འགྲེལ་མཁས་པ་མི་བཞིས་སྦས་པ་གསུངས་བའི་ཕྱིར། མཛོད་ལྷ་འགྲེལ་ནི་མེ་ཕོ་སྟག་གི་ལོ་ལ་གཏེར་དྲངས་བའི་བོན་གྱི་སྡེ་བཅུ་ལས་སྲིད་པ་མཛོད་ཀྱི་སྡེ་ནང་ལྷའི་སྲས་པོའི་དོན་འགྲེལ་ཞེས་པ་དེ་ཡིན་པས། དུས་རབས་བཅུ་གཅིག་པའི་མེ་ཕོ་སྟག་གི་ལོ་ལ་གཏེར་དྲངས་ནས་དར་བ་མངོན། སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་སྔ་དར་ཕྱི་དར་གང་གི་དུས་ཡིན་ན་མཛོད་འདི་རྩ་ཆེན་ཞིག་རྩི་སྲོལ་ཡོད་པ་མ་ཟད་བསྟན་པ་ཕྱི་དར་སྐབས་བོན་གྱི་གྲྭ་ས་ཆེན་མོ་གཡས་རུ་དབེན་ས་ཁ་རུ་གབ་མཛོད་ས་གསུམ་ཞེས་སློབ་གཉེར་བ་རྣམས་ཀྱི་སྦྱང་བྱ་གཙོ་བོར་མཛད་པའི་སྲོལ་ཡོད། ལྷག་པར་དུ་འཇིག་བརྟེན་གྱི་གནས་ལུགས་དང་འགྲོ་བའི་བྱུང་ཁུང་བཤད་པའི་མཛོད་འདི་ནི་ཞང་བོད་ཀྱི་ལྗོངས་འདིར་འཛམ་བུ་གླིང་དུ་བསམ་བློ་བ་དང་ཞིབ་འཇུག་པ་བྱུང་སྔ་ཤོས་ཡིན་པའི་མཚོན་བྱེད་གལ་ཆེན་ཞིག་ཡིན། ཁྱད་པར་དུ་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་རང་རེ་བོད་ཀྱི་མེས་རང་གི་མི་རིགས་ཀྱི་འབྱུང་ཁུང་སྤྲེའུ་དང་སྤྲ་མོ་འདུས་ནས་བྱུང་བ་ཡིན་ཞེས་བཤད་ཐུབ་པ་དེ་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་པ་མ་ཟད། རང་རྒྱལ་མི་རིགས་ཁག་གི་མི་དམངས་ཡོངས་ཀྱི་གཟི་བརྗིད་ཀྱང་ཡིན་གསུངས་ཀྱང༌། རྒྱ་གར་དུ་གོ་ཏམ་བྷུ་དྷ་ཟས་གཙང་གི་སྲས་སུ་མ་འཁྲུངས་ཤིང་ནུབ་ཕྱོགས་གྷི་རི་སིའི་ལུང་པའི་ནང་ཚན་རིག་པའི་མི་ཡི་བྱུང་ཁུངས་ལ་ཞིབ་འཇུག་གི་སྐྱ་རེངས་མ་ཤར་བའི་གོང་ནས་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་སྲིད་པའི་སྒོང་ང་ལས་བོད་མི་ཙམ་མ་ཚད་པ་འགྲོ་བ་མི་ཡི་བྱུང་ཁུང་དང་ཐ་ན་བྱ་བྱེའུ་ཡན་གྱི་བྱུང་ཁུང་བཤད་ཡོད་པ་འདི་དག་གྲུབ་མཐའི་ཆགས་སྡང་གིས་སྦས་གསང་མི་མཛད་པ་འཛམ་བུ་གླིང་གི་སྒང་དུ་མགྲིན་པ་གཟེངས་སུ་བཏེགས་ནས་བཤད་ན་གོང་གི་བཤད་ཚུལ་ལས་བརྒྱ་འགྱུར་སྟོང་འགྱུར་གྱི་ཕུགས་རིང་བ་རྒྱ་ཆེ་བ། གཏིང་ཟབ་པ། ཁོད་ཡངས་པ། ངོ་མཚར་འབུམ་གྱིས་ཕྱུག་པའི་གཟི་བརྗིད་ཞིག་རེད་མི་འདུག་གམ། ངེས་པར་དུ་ཞུ་དགོས་པ་དང་ཤེས་དགོས་པ་ཞིག་ལ། ང་ཚོ་བོད་མི་རིགས་ཀྱི་རང་ས་ནས་བྱུང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་འདི་དག་དུས་རབས་ཀྱི་གཉན་འཕྲང་དུ་མའི་རྒྱུད་རིམ་ནང་བོད་ཀྱི་བླ་ཆེན་དང་མཁས་ཆེན༌། གྲུབ་ཆེན་དང་མི་ཆེན་སྟོང་ཕྲག་མང་པོས་ཚེ་སྲོག་དང་ཤ་ཁྲག་གི་འགྲོ་གྲོན་བཏང་ནས་སྲུང་སྐྱོབ་བྱས་ཏེ་ང་ཚོའི་ལག་ཏུ་སྤྲད་པའི་རླབས་ཆེན་གྱི་བྱས་རྗེས་ཤིག་ཡིན་སྟབས། ང་ཚོས་བུ་ངན་པས་རང་གི་ཕ་ཁུ་སྨད་ཟེར་བའི་དཔེ་ལྟར། ཕ་ཆུ་ཤིང་སྐམ་པོ་ལས་སྐྱེས་པའི་བུ་ཙན་དན་སྡོང་པོ་ཡིན་རབས་ཀྱི་ངོ་ཚའི་གཏམ་ངན་སྦྱར་ཟློས་མི་བྱེད་པ། མི་རིགས་ཀྱི་ཟུངས་ཁྲག་དྲོད་མོ་མ་ཉམས་པའི་སྒོ་ནས། ཕ་མེས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་རྡོ་རིང་སླར་ཡང་བསྒྲེངས་ཏེ་ད་ལྟ་ལས་ལྷག་པ་ཞིག་མ་བྱུང་ན།  ད་ལྟ་གང་ཡོད་པ་འདི་ཉིད་གྲྭ་མ་ཉམས་གྲུ་མ་ཞིག་པ་མ་འོངས་པའི་བུ་རབས་ཚ་རྒྱུད་ཚོ་ལ་རྩིས་སྤྲད་ཐུབ་པ་ཞིག་བྱེད་དགོས་པའི་འགན་འཁྲི་ནི་ལས་ལ་བརྩོན་ཞིང་དཔའ་འཛངས་ལྡན་པའི་སྤྱི་བོ་གནམ་གཏད་ཀྱི་བོད་རིགས་ཡོངས་རྫོགས་ལ་ཡོད་པས་ཚང་མས་ཐུགས་ལ་འཇོགས་རོགས་ཞེས་སྤུས་མོའི་ལྷ་ང་ས་ལ་བཙུགས་ཏེ། ཕྱག་ཟུང་ཐལ་མོ་སྙིང་ཁར་སྦྱར་ནས་སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས་པ་ལགས།།

བཙུན་པའི་སྙིང་སྡུག་དཔེ་དེབ་ཡིད་འོང་མར།།

འདྲེན་བྱེད་ཡོན་པོའི་དགའ་སྟོན་རོལ་པའི་འབྲས།།

ལེགས་བཤད་ལྷ་སྲས་ཁྱེའུ་འཁྲུངས་པ་འདི།།

བཙུན་ཆུང་ཐོས་བསམ་བྱས་པའི་ལག་རྗེས་ཡིན།།

རྒྱུ་དང་བུད་མེད་ཐོབ་དང་རྩམ་ཁུག་དོན།།

མི་རིགས་ནང་ཆ་སྟོན་པ་མ་ཡིན་པ།།

རིག་པའི་གཞུང་ལུགས་སྲེག་བཅད་བརྡར་བ་ཡི།།

རྩོད་པ་འདི་ནི་དོན་གྱི་རྩོད་པ་ཡིན།།

རྔ་གོག་རྡུང་ཞིང་གཏོར་གོག་བཅའ་བའི་གར།།

ཆེ་རློམ་གྲོང་ཆོག་པ་རུ་མི་སྐྱེ་ཞིང༌།།

རྒྱལ་བསྟན་བླ་སྲོག་བཤད་སྒྲུབ་སྒོམ་པའི་སྡེ།།

སྐྱོང་བའི་ཨ་མའི་བུ་རུ་སྐྱེ་བར་སྨོན།།

དཔྱད་གཞིའི་ཡིག་སྣ།

༡སྲིད་པའི་མཛོད་ཕུགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༢མཛོད་སྒྲ་འགྲེལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༣མཁས་པ་མི་བཞིས་མཛད་པ་ཞེས་པའི་མཛོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དཔེ་གཟུགས།

༤གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དཔེ་གཟུགས།

༥རྨེའུ་ལྷ་རི་གཉེན་པོའི་རྣམ་ཐར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དཔེ་གཟུགས།

༦རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༧འགྲོ་མགོན་མཛོད་འགྲེལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༨མཁས་གྲུབ་རིན་བློའི་རྣམ་ཐར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དཔེ་གཟུགས།

༩སྒ་སྟོན་མཛོད་འགྲེལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༡༠རྗེ་ཡི་མཛོད་འགྲེལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༡༡སྒ་སྟོན་གྱི་ཐེག་འགྲེལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༡༢སྒ་སྟོན་གྱི་གཏེར་གྱི་ཁ་བྱང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༡༣སྤ་བསྟན་རྒྱལ་བཟང་པོའི་དར་རྒྱས་གསལ་སྒྲོན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༡༤ཀུན་མཁྱེན་ཉི་མའི་བཀའ་བརྟེན་འགྱུར་དཀར་ཆག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༡༥བདུད་འདུལ་གྱི་བཀའ་བརྟེན་འགྱུར་དཀར་ཆག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དཔེ་གཟུགས།

༡༦ཡོངས་འཛིན་རྣམ་དག་འོད་ཟེར་གྱི་ཤེར་ཕྱིན་སྐབས་བཞི་པ་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༡༧ཡོངས་འཛིན་བསྟན་འཛིན་རྣམ་དག་གི་བཀའ་བརྟེན་འགྱུར་དཀར་ཆག་་་་་་་་་་་་་་དེབ་གཟུགས།

༡༨ཀུན་གྲོལ་གྱི་བཀའ་འགྱུར་དཀར་ཆག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༡༩ཤར་རྫའི་ལེགས་བཤད་མཛོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེབ་གཟུགས།

༢༠སུ་ལ་སྐལ་བཟང་གི་བཀའ་འགྱུར་རྒྱུད་རིམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དཔེ་གཟུགས།

༢༡ཀུན་གྲོལ་གསང་བ་རྩལ་གྱི་བཀའ་འབུམ་ཆེན་མོའི་དཀར་ཆག་་་་་་་་་་་་་་་་་་་་་་་་་་་་་དཔེ་གཟུགས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *