རྒྱ་ཀོང་ཙེ་དང་ཐང་ཐའེ་ཙུང་། ཀོང་ཏཱ་ཡུད། ཁུང་ཙེ་སོགས་ཀྱི་སྐོར་དཔྱད་ཞིབ།

རྩོམ་ཡིག་འདི་ཐེངས། 155085 བཀླགས་འདུག

IMG_3786

སྔོན་གླེང་།

 

་་་་་་་་་་་སྐབས་འདིར་གླེང་བར་བྱ་བའི་གཞུང་གི་མིང་ཆ་ཚང་ལ་«གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔལ་མགོན་རྒྱལ་པོའི་གཟུངས་བཞུགས།»ཞེས་ཟེར་ཞིང་། ནམ་རྒྱུན་ཡོངས་གྲགས་སུ་«གཟུངས་ཆེན་»ཞེས་འབོད་ཀྱི་ཡོད་པ་རེད༑ གཞུང་འདི་མ་གླེང་གོང་ལ་ཐོག་མར་རྒྱ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པའི་མི་སྣའི་ཐད་ནས་ཅུང་ཟད་མ་གླེང་རང་གླེང་ལྟ་བུར་ཆགས་ཡོད༑ རྒྱུ་མཚན་ནི་«རྣམ་རྒྱལ་གཟུངས་ཆེན་»འདི་སྟོན་པ་གཤེན་རབ་ཀྱིས་རྒྱ་ཀོང་ཙེ་འཕྲུལ་རྒྱལ་ལ་གསུངས་པ་ཡིན་ཚུལ་གཞུང་རང་དུ་གསལ་པོར་མཆིས་པ་མ་ཟད། བོན་དཔེ་མང་དག་ཅིག་ཏུ་འདིའི་སྐོར་གཏམ་རྒྱུད་རྫོགས་མཐའ་ཡས་པ་བཤད་རྒྱུ་ཡོད༑ འོན་ཀྱང་། ཕྱིས་སུ་རྒྱ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པའི་མི་སྣ་འདི་དུས་རིམ་སོ་སོར་ངོས་འཛིན་བྱེད་སྟངས་སྣ་ཚོགས་ཤིག་བྱུང་སྟེ་རྙོག་འཛིང་ཅན་དུ་གྱུར་འདུག དཔེར་ན། རྒྱ་ཀོང་ཙེ་ཞེས་པའི་རྒྱ་འདི་རྒྱ་ནག་མི་རིགས་ལ་གོ་དགོས་མིན་དང་ཡུལ་དུས་ནམ་ཞིག་གི་མི་ཡིན་མིན་སོགས་བཤད་སྟངས་སྣ་ཚོགས་བྱུང་༑

 

དང་པོ། རྒྱ་ཀོང་ཙེ་འཕྲུལ་རྒྱལ་རྒྱ་ནག་པ་ཞིག་ཡིན་མིན་སྐོར།

 

་་་་་་་་་་་་དུས་རབས་བརྒྱད་པའི་ནང་བླ་ཆེན་དྲན་པ་ནམ་མཁས་མཛད་པར་གྲགས་ཤིང་། བྲ་བོ་སྒོམ་ཉག་(1)གིས་ཙོང་ཁའི་མཚོ་ནག་ནས་གཏེར་དུ་བཞེས་པའི་«རྩ་རྒྱུད་ཉི་སྒྲོན་»དང་། ཁྱུང་པོ་བློ་གྲོས་རྒྱལ་མཚན་(1268—1304)གྱིས་མཛད་པའི་«རྒྱལ་རབས་བོན་གྱི་འབྱུང་གནས།» སྤ་བསྟན་རྒྱལ་བཟང་པོས་(1477ལོར་བརྩམས།)མཛད་པའི་«བསྟན་འབྱུང་དར་རྒྱས་གསལ་སྒྲོན།» ཤར་རྫ་བཀྲ་ཤིས་རྒྱལ་མཚན་(1859—1934)གྱིས་མཛད་པའི་«ལེགས་བཤད་མཛོད་»སོགས་བོན་གྱི་དཔེ་ཆ་ཁག་ཏུ་རྒྱ་ཀོང་ཙེ་ཞེས་པའི་རྒྱ་འདི་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་དང་ཡང་ན་ལྔར་བཤད་པའི་ནང་ཚན། རྒོད་རྗེ་རྒྱ་ཡི་རིགས་རུས་སུ་གཏོགས་པར་བཤད(2)༑ གདུང་རྒྱུད་རྒྱལ་པོ་སྡེ་དྲུག་ནི་གཤེན་ལྷ་དམུ་ཡི་གདུང་རྒྱུད། གལ་ཆེན་ཤགས་ཀྱི་གདུང་རྒྱུད། གསས་ཆེན་ཧོས་ཀྱི་གདུང་རྒྱུད། གནམ་རྗེ་དཔོ་ཡི་གདུང་རྒྱུད། རྒོད་རྗེ་རྒྱ་ཡི་གདུང་རྒྱུད། མཁའ་འགྱིང་གཉན་གྱི་གདུང་རྒྱུད་བཅས་ཡིན་ཅིང་དེའི་སྐོར་ཞིབ་ཕྲ་གུས་པའི་དཔྱད་རྩོམ་གཞན་དུ་གསལ་བས་འདིར་མི་གླེང་༑ དེ་བཞིན་བཤད་སྟངས་གཞན་པ་གཅིག་ལ་«དབུ་ནག་མི་བུ་འདྲ་ཆག་»དང་«ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ།» «རླངས་ཀྱི་པོ་ཏི་བསེ་རུ།» སྒ་སྟོན་«བསྟན་པའི་ཤན་འབྱེད།» «རྒྱ་བོད་ཡིག་ཚང་ཆེན་མོ།»སོགས། བན་བོན་གྱི་ཡིག་ཆ་མང་པོ་ཞིག་ཏུ་རྒྱལ་བུ་མཐིང་གེའི་སྲས་རྒྱ་བོད་ཧོར་གསུམ་གྲོལ་བར་བཤད་པའི་རྒྱ་དེ་ཡང་རྒོད་རྗེ་རྒྱ་དང་གནད་གཅིག་ཏུ་ཁེལ་བ་འདྲ་ལ(3)། «རྒྱ་བོད་ཡིག་ཚང་ཆེན་མོ་»སོགས་སུ་མིའུ་རིགས་བཞི་ཞེས་པ་དེ་ལ་ཕྱི་དང་ནང་འབྱེད་སྐབས། “ནང་གི་མིའུ་རིགས་བཞི་ནི། གི་ཤང་རྒྱ་དང་། གྱིམ་ཤང་ཧོར། ཁ་ལེ་མོན་དང་། སྤུ་རྒྱལ་བོད་”(4)ཅེས་པའི་ཁྲོད་ཀྱི། གི་ཤང་རྒྱ་ཞེས་པ་དེ་ཡང་རྒོད་རྗེ་རྒྱ་དང་རྒྱ་བོད་ཧོར་གསུམ་དུ་གྲགས་པའི་རྒྱ་སོགས་དང་གོ་བ་གཅིག་ཏུ་ལེན་ཆོག་པར་སྣང་༑ འོན་ཀྱང་། རྒོད་རྗེ་རྒྱ་ཞེས་པ་དེ་དེང་དུས་རྒྱ་ནག་ལ་གོ་མིན་ཐད་རྩོད་པ་ཞིག་འདུག་ཀྱང་རྒྱ་ནག་ཁོ་ནར་གོ་མིན་མ་ངེས་མོད། རྒྱ་ནག་འདི་རྒོད་རྗེ་རྒྱ་ཡི་རིགས་སུ་གཏོགས་པ་ཧ་ཅང་གསལ་པོ་ཡོད༑ བོན་གྱི་བསྟན་འབྱུང་ལ་ལར་གསལ་བ་ལྟར་ན་རྒྱ་གར་གྱི་རིགས་འདི་ཡང་རྒོད་རྗེ་རྒྱ་ཡི་རིགས་ལས་གྲོལ་བར་བཤད(5)༑

་་་་་་་་་་་་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ར་ས་འཕྲུལ་སྣང་གཙུག་ལག་ཁང་ནས་སྤྱི་ལོ་1049ལོར་གཏེར་བཏོན་པར་གྲགས་པའི་«བཀའ་ཆེམས་བཀའ་ཁོལ་མ་»(6)དང་། མཁས་པ་ལྡེའུ་ཇོ་སྲས་ཀྱིས་སྤྱི་ལོ་1260ལོ་ཡས་མར་མཛད་པའི་«ལྡེའུ་ཆོས་འབྱུང་»(7)སོགས་ཆོས་འབྱུང་མང་པོ་ཞིག་ཏུ་འདི་བཞིན་ཀོང་ཙེ་འཕྲུལ་རྒྱལ་ནི་རྒྱ་ནག་པ་ཞིག་ཡིན་ཚུལ་བཤད་ཡོད་ལ། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་«གླེང་གཞི་བསྟན་པའི་འབྱུང་ཁུངས་»སུ་རྒྱ་ནག་གི་རྒྱལ་རབས་འཆད་སྐབས། “ལྔ་པ་རྒྱ་ནག་ཁྲིམས་ཀྱི་རྒྱལ་རབས་ལ། བསྟན་གཙོ་ཞལ་བཞུགས་པའི་དུས་རྒྱལ་རབས་ལྔ་། མྱ་ངན་འདས་རྗེས་ཐོག་མར་ལྷ་རྒོད་གསས་ཀྱི་ཁམས་པའི་སྤྲུལ་པ་རྒྱ་ནག་ཧཱ་ཤང་དེ་ཝ་ལ་གབ་རྩེ་སུམ་བརྒྱ་དྲུག་ཅུ་གཏན་ལ་ཕབས་ནས་བསྟན། དེའི་སྲས་ཡང་དེ་བ། དེའི་སྲས་ཀ་དྷ་ལའོ། དེའི་སྲས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་”(8)ཞེས་བྲིས་འདུག  ཤར་རྫའི་«ལེགས་བཤད་མཛོད་»དུའང་རྒྱ་ནག་གི་ལོ་རྒྱུས་བསྟན་སྐབས་དེ་དང་ཆ་འདྲ་བར་གསུངས་ཡོད་དོ།། འོན་ཀྱང་། སྟོན་པ་གཤེན་རབ་མི་བོ་ཆེའི་སྐུ་དུས་རྐྱང་པར་རྒྱ་ནག་རྒྱལ་རབས་ལྔ་སོང་བར་བཤད་པ་ནི། དུས་རབས་བཅུ་པའི་ནང་(907—959)རྒྱ་ནག་སིལ་བུའི་དུས་སྐབས་ལོ་ལྔ་བཅུ་ལྷག་གི་རིང་ལིའང་ཕྱི་མ་དང་ཐང་ཕྱི་མ། ཅིན་ཕྱི་མ། ཧན་ཕྱི་མ། ཀྲོའུ་ཕྱི་མ་བཅས་རྒྱལ་རབས་ལྔ་ཙམ་བཙུགས་མྱོང་བའི་ལོ་རྒྱུས་ཀྱི་ཤན་ཤུགས་མིན་ནམ་སྙམ༑ དེ་མིན་ལོ་རྒྱུ་ཀྱི་ཁུངས་ཇི་ཙམ་ཡོད་མེད་མ་ངེས༑

་་་་་་་་་་་་་མཁས་དབང་ནམ་མཁའི་ནོར་བུ་དང་ཐུབ་བསྟན་ཕུན་ཚོགས། ཚང་དབང་དགེ་འདུན་བསྟན་པ་སོགས་བོད་རིག་པའི་ཞིབ་འཇུག་པ་ཁག་ཅིག་གིས་ལྟ་བ་འདི་ཁས་ལེན་གྱི་མེད༑ རྒྱུ་མཚན་ནི་ཀོང་ཙེའི་འཁྲུངས་ཡུལ་འོལ་མོ་ལུང་རིང་གི་ནུབ་ཕྱོགས་སུ་ཡོད་པ་མ་གཏོགས་ཤར་ཕྱོགས་སུ་ཡོད་པར་མ་བསྟན་ནོ་ཞེས་ཟེར་ཞིང་། རྒྱ་ཞེས་པའི་ཐ་སྙད་ཙམ་ལ་འཁྲུལ་ཡོད་ཚུལ་སོགས་དགག་རྒྱག་སྣ་ཚོགས་བྱས་ཡོད་ལ་ཀོང་ཙེ་ནི་སྟོན་པ་གཤེན་རབ་མི་བོ་ཆེའི་སློབ་མ་དང་ཞང་ཞུང་གི་ཁྱབ་ཁོངས་སུ་འདུ་བ་ལས། རྒྱ་ནག་གི་མི་མིན་ཞེས་བཤད་གནང་འདུག(9) རྒྱ་ཀོང་ཙེ་འཕྲུལ་རྒྱལ་སྟོན་པ་གཤེན་རབ་ཀྱི་སློབ་བུ་ཞིག་ཡིན་པ་ཙམ་གྱིས་ཞང་ཞུང་ནས་ཡིན་པ་དང་རྒྱ་ནག་ནས་མིན་པའི་སྒྲུབ་བྱེད་མི་འགྲོ་བ་ནི། སྟོན་པ་གཤེན་རབ་ཞལ་བཞུགས་སྐབས་ཤར་ཕྱོགས་རྒྱལ་ཕྲན་དུ་མར་དངོས་སུ་ཕེབས་མྱོང་བའི་ལོ་རྒྱུས་ཡོད་པ་མ་ཟད། གཤེན་རབ་མྱ་ངན་འདས་རྗེས་བོན་ཆོས་རིག་གནས་དར་སྤེལ་དང་རྒྱུད་འཛིན་བྱེད་མཁན་གཙོ་བོ་གཤེན་རབ་ཀྱི་གདུང་སྲས་མུ་ཆོ་ལྡེམ་དྲུག་ཡིན་ཞིང་། མུ་ཆོའི་སློབ་མ་གཙོ་བོ་དྲུག་ཡོད་པ་ལས་གཅིག་སྟག་གཟིག་དང་གཅིག་ཞང་ཞུང་། གཅིག་རྒྱ་ནག གཅིག་རྒྱ་གར། གཅིག་སུམ་པ། གཅིག་ཁྲོམ་གེ་སར་ནས་ཡིན་པའི་ཚུལ་བོན་ལུགས་དཔེ་ཆ་ཕལ་ཆེ་བར་འཁོད་ཡོད༑ དེའི་ཁྲོད་དུ་རྒྱ་ནག་ལེགས་ཏང་རྨང་པོས་བོན་རྣམས་རྒྱ་སྐད་དུ་ལོ་ཙཱ་བྱས་པ་དང་རྒྱ་ཡི་རིག་གནས་བོད་དུ་ནང་འདྲེན་བྱས་པའི་ལོ་རྒྱུས་སོགས། རྒྱ་བོད་དབར་ལ་རིག་གནས་རྗེ་རེས་ཀྱི་སྣང་ཚུལ་ཞིག་འབྱུང་གི་འདུག་པ་ལས་རྟོགས་ཐུབ༑

་་་་་་་་་་་་འབྲོང་བུ་ཚེ་རིང་རྡོར་རྗེ་ལགས་ནས་ལེགས་ཏང་རྨང་པོ་ཞེས་པ་ནི་རྒྱ་ནག་སྐད་སྒྲ་བསྒྱུར་བྱས་པ་ལས་བྱུང་ཞིང་དོན་དུ་ལོ་ཙི་(老子)ཡིན་པར་བསྙད༑ ལོ་ཙི་ནི་སྤྱི་ལོའི་སྔོན་571ལོར་ཁྲུའུ་རྒྱལ་ཕྲན་དུ་འཁྲུངས་ཤིང་སྔོན་ལོ་471ལོར་ཚེ་ལས་འདས་པ་དང་ཏའོ་ལུགས་སྲོལ་འབྱེད་པ་ཡིན་པར་གྲགས༑ རྒྱ་ནག་ལེགས་ཏང་རྨང་པོ་ཞེས་པ་དེ་ལོ་ཙི་ཡིན་མིན་མཐའ་གཅིག་ཏུ་མ་ངེས་ཤིང་སྐུ་ཞབས་འབྲོང་བུ་ལགས་ནས་ཀྱང་སྒྲུབ་བྱེད་དེ་ཙམ་བཀོད་མི་འདུག་མོད། མུ་ཆོ་ལྡེམ་དྲུག་ནི་སྟོན་པའི་སྲས་ཡིན་པས་མཁན་ཆེན་ཉི་མའི་བསྟན་རྩིས་ལྟར་ན་ལོ་ཚིགས་ཐད་འགྲིག་ཐབས་མེད་པ་ཞིག་ཡིན་ཡང་། ནམ་མཁའི་ནོར་བུ་སོགས་ཀྱི་དགོངས་པ་ལྟར་བྱས་ཚེ་ལོ་ཚིགས་ཀྱང་དེ་ཙམ་མི་འགྲིག་རྒྱུ་མེད་པར་སྣང་ལ་བོན་དཔེ་ཁག་ཅིག་(10)གི་འདོད་སྟངས་ལ་མི་འཚམས་རྒྱུ་མེད༑

་་་་་་་་་་་་ཀོང་ཙེའི་འཁྲུངས་ཡུལ་འོལ་མོ་ལུང་རིང་ངམ་གངས་ཏི་སེའི་ནུབ་ཕྱོགས་སུ་ཡོད་པ་ལས་ཤར་ཕྱོགས་སུ་མེད་ཅེས་པ་འདི་ཅུང་མགོ་རྙོག་ཅན་ཞིག་ཡིན༑ མཁར་རྨེའུ་བསམ་གཏན་ལགས་ཀྱིས་རྒྱ་ཀོང་ཙེ་འཕྲུལ་རྒྱལ་རྒྱ་ནག་པ་ཞིག་ཡིན་པའི་ལྟ་བ་བཏོན་ཡོད་ན་ཡང་། རྒྱ་ལག་འོད་མའི་གླིང་ཞེས་པ་སྟེ། ཀོང་ཙེའི་འཁྲུངས་ཡུལ་དེ་འོལ་མོ་ལུང་རིང་གི་ནུབ་ཕྱོགས་སུ་གནས་ཡོད་ཅེས་པ་དེ་མགོ་འཐོམ་དགོས་པ་ཞིག་རེད་ཅེས་བཤད་འདུག དཔེར་ན། གཤེན་རབ་མི་བོ་ཆེའི་རྣམ་ཐར་«དྲི་མེད་གཟི་བརྗིད་»དང་«དྲི་མེད་རྩ་མདོ།» སྟོན་པའི་བཀའ་ཡི་ནང་དུ་ཡོད་པའི་«གཤེན་རབ་རྣམ་པར་རྒྱལ་བའི་གཟུངས་ཆེན་»སོགས་ཇི་སྙེད་ཅིག་ཏུ། རྒྱ་ལག་འོད་མའི་གླིང་ཞེས་པ་དེ་འོལ་མོ་ལུང་རིང་གི་ནུབ་ཕྱོགས་སུ་ཡོད་པ་ཞལ་གཅིག་མཐུན་བྱུང་བ་མ་ཟད། མཁན་ཉི་མ་བསྟན་འཛིན་(1813ལོར་འཁྲུངས།)གྱི་«རང་རྣམ་ཉི་མ་འབུམ་གྱི་འོད་ཅན།»སོགས་དཔེ་ཆ་མང་པོ་ཞིག་ཏུ་དེ་ལྟར་འདོད་ཡོད(11)༑ དེ་བཞིན་སྟོན་པའི་རྣམ་ཐར་«མདོ་འདུས་»ལས་ཀྱང་བསྟན་པ་རྗེས་བཞགས་ཀྱི་སྐབས་སུ། “འོལ་མོ་གླིང་གི་ནུབ་ཕྱོགས་སུ།། ཡུལ་ནི་རྒྱ་ལག་འོད་མའི་གླིང་།། མཁར་ནི་ཁྲི་སྒོ་རྩེ་བརྒྱ་ནས།། གྲོང་ཁྱེར་འཕྲུལ་བསྒྱུར་བཀོད་པ་རུ།། ཡབ་ཀ་དྷ་ལ་གསེར་འོད་དང་།། བཙུན་མོ་མུ་ཏྲི་གསས་འོད་མའི།། སྲས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་སྐྱེས་”(12)ཞེས་གསལ༑

་་་་་་་་་་་་་་དཔའ་བོ་གཙུག་ལག་ཕྲེང་བས་སོག་པོ་དང་བལ་པོ་བོད་ཀྱི་ནུབ་ཕྱོགས་སུ་ཡོད་པར་གསུངས་འདུག་པ་ནང་བཞིན་སྤྱིར་རང་རེའི་ཡིག་ཚང་ཁག་ཏུ་འདི་དང་ཆ་འདྲ་བ་མང་ཙམ་མཆིས༑ འོན་ཀྱང་། ངོ་མཚར་བ་ཞིག་ལ་«མདོ་གཟེར་མིག»དང་«རྩ་རྒྱུད་ཉི་སྒྲོན་»སོགས་སུ་རྒྱ་ཀོང་ཙེའི་འཁྲུངས་ཡུལ་ཤར་ལྷོ་ནུབ་བྱང་གསལ་པོ་མེད་ལ་«མདོ་འདུས་»ཀྱི་དགོངས་པ་ལྟར་ནའང་། ཀོང་ཙེ་འཕྲུལ་རྒྱལ་འཁྲུངས་ཡུལ་མཐའ་གཅིག་ཏུ་འོལ་མོ་ལུང་རིང་གི་ནུབ་ཕྱོགས་ཡིན་ཅེས་ཁ་ཚོན་གཅོད་མི་ནུས་ཏེ། ལེའུ་ཉེར་གཉིས་པ་འོལ་མོ་ལུང་རིང་གི་བཀོད་པ་བསྟན་སྐབས་“ཤར་ལྷོ་ན་ཡུལ་རྒྱ་ལག་འོད་མའི་གླིང་།། རྒྱ་ཀོང་རྩེ་འཕྲུལ་གྱི་རྒྱལ་པོའི་གནས།།”(13)ཞེས་ཀྱང་གསུང་ཡོད༑ ད་དུང་ང་ཚོས་འདིར་ངེས་པར་གླེང་རིན་ཡོད་པ་ཞིག་ནི། བོན་དཔེ་«ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ།»ཞེས་པར། “སྤུ་རྒྱལ་བོད་ཀྱིས་འདི་སྐད་གསུངས། །འདི་ནས་ཤར་གྱི་ཕྱོགས་རོལ་ན། །འོད་དེ་ཤར་གྱི་གནས་མཆོག་ན། །ཀོང་རྩེ་རྒྱལ་པོ་གདན་གྲོངས་༼དྲོངས༽ལ། །མོ་ཐོབ་རྩིས་གྱིས་ལ། །ཕ་མཚུན་འགུགས་སུ་ང་རང་འགྲོ། །དམེ་ང་ལ་ཡོད་ན་ཁོ་ལའང་ཡོད། །མུག་ང་ལ་ཡོད་ན་ཁོ་ལའང་ཡོད། །ནལ་ང་ལ་ཡོད་ན་ཁོ་ལའང་ཡོད། །ཙོག་ང་ལ་ཡོད་ན་ཁོ་ལ་ཡོད། །རོགས་འདི་རྣམས་ཁྲིད་ནས་ང་རང་འགྲོ། །ཟ་འོག་གལ་ཏེ་རི་བཀྲ་ལ། །གང་༼གངས༽དཀར་འདྲ་བའི་གྲོ་ཕྱེ་བྱུག། །ཉི་ཟླ་འདྲ་བའི་གྲོ་ཁ་བཅུག། །འདི་ནས་ཤར་གྱིས་༼གྱི༽ཕྱོགས་རོལ་ན། །ནག་པོ་བརྒྱ་༼རྒྱ༽ཡི་ཡུལ་དུ་ཕྱིན། །བརྒྱ་༼རྒྱ༽ཁྲི་ལ་ཞལ་དང་ཐུག་དེ་འཕྲད། །པུར་རྒྱལ་བོད་ཀྱི་ཞལ་ན་རེ། །ངེད་རང་སྤུན་གསུམ་ཡོད་དུ་འདྲ་བ་ལ། །ཁྱེད་བཙན་ཕྱུག་འཛོམས་པ་ཅི་ཡི་དོན། །ང་རྨང་སྡུག་འཛོམ་པ་ཅི་ཡི་སྐྱོན། །་་་་་”(14)ཞེས་འཁོད་འདུག་པས། འདི་ལས་རྒྱ་ཀོང་ཙེ་ཞེས་པ་ཤར་ཕྱོགས་རྒྱ་ནག་ནས་ཡིན་པ་གསལ་བོར་བྱུང་བ་མ་ཟད་རྒྱལ་བུ་མཐིང་གེའི་བུ་རྒྱ་བོད་ཧོར་གསུམ་ལས་རྒྱ་ཡི་རིགས་ཡིན་པའང་ར་སྤྲོད་ནན་གཏན་བྱས་འདུག དཔེ་ཆ་འདི་ཉེ་ལམ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་འདུག་ལ། བསྒྲིགས་པ་པོའི་གསལ་བཤད་ལྟར་ན་སྐུ་ཞབས་མཁར་རྨེའུ་ལགས་ནས་ཕྱོགས་བསྒྲིགས་བྱས་པའི་«ཁུ་བྱུག་སྔོན་མོའི་གསུང་སྙན་»པར་སྐྲུན་བྱས་རྗེས།

་་་་་་་་་་་་་བོན་དཔེ་རྙིང་པ་ཆེས་རྩ་ཆེ་བ་ཁག་ཅིག་སླར་ཡང་པར་སྐྲུན་བྱས་པ་དེ་ཡིན་ཅེས་བརྗོད༑ དཔེ་ཆ་འདི་དེ་སྔ་ཞིབ་འཇུག་བྱེད་མཁན་ཡོད་མེད་དང་ཞིབ་ཕྲའི་གནས་ཚུལ་གུས་པས་ད་སྔ་མ་མཐོང་ཡང་ནང་དོན་དང་རྩོམ་ལུས་སོགས་ལ་བལྟས་ན་ཅུང་སྔ་གྲས་ཡིན་པ་ཚོད་དཔག་བྱེད་ཆོག  དེར་བརྟེན། ཡིག་ཆ་སྔ་མ་དག་ལས་ཕྱི་མ་རྣམས་སྔ་བ་འོག་ཏུ་གླེང་བར་བྱ་ལ་ཁྱུང་པོ་བློ་གྲོས་རྒྱལ་མཚན་དང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་སོགས་ཀྱིས་རྒྱ་ནག་རྒྱལ་རབས་འཆད་སྐབས། རྒྱ་ནག་ནི་རྒོད་རྗེ་ལས་གྲོལ་བ་དང་ཀོང་ཙེ་འཕྲུལ་རྒྱལ་ཡང་རྒྱ་ནག་པ་ཞིག་ཡིན་པའི་ལྟ་བ་ཐད་ཀར་འདོན་ནུས་པའང་ཡིག་ཚང་འདི་དག་ལ་ཁུངས་བཅོལ་བ་མིན་ནམ་སྙམ༑ དེ་བཞིན་ཡིག་ཚང་འདི་དག་ལ་ཁུངས་བཅོལ་སྟེ་ཕྱིས་སུ་བོན་གྱི་ནག་རྩིས་«སྣང་སྲིད་མེ་ལོང་»ཞེས་པ་ལས་ཀྱང་“ཤར་ཕྱོགས་མ་ཧཱ་ཅི་ནའི་ཡུལ། །མཁྱེན་རབ་ཀོང་ཙེ་འཕྲུལ་རྒྱལ་གྱིས། །”(15)ཞེས་གསལ་ཐག་ཆོད་པར་གསུངས་སོ།།

 

གཉིས་པ། རྒྱ་ཀོང་ཙེ་འཕྲུལ་རྒྱལ་ངོས་འཛིན་བྱེད་སྟངས་སྣ་ཚོགས་ཀྱི་སྐོར།

 

་་་་་་་་་་་་་་་དེས་ན་སྐབས་འདིར་ང་ཚོས་ངེས་ཤེས་སྐྱེ་ཐུབ་པ་ནི་ཀོང་ཙེ་འཕྲུལ་རྒྱལ་གྱི་འཁྲུངས་ཡུལ་ཤར་ཕྱོགས་རྒྱ་ཡི་ཡུལ་ཡིན་པ་དང་རྒྱ་ནག་པ་ཞིག་ཡིན་པ་དེ་ཡིན་མོད། ལོ་ཚིགས་ཀྱི་ཐད་ནས་དུས་ནམ་ཞིག་གི་མི་ཡིན་མིན་ཧ་ཅང་རྙོག་འཛིན་ཅན་དུ་ཆགས་འདུག «དྲི་མེད་གཟི་བརྗིད་»སོགས་སུ་“རྒྱ་རྗེ་ངོད་ཀྱི་དང་པོ་དེ། ཡེ་མཁྱེན་གནམ་གྱི་བུ། འཕྲུལ་གྱི་ཡིག་ཚང་ཅན། དེ་ཡི་འོག་མ་དེ། ཀུན་མཁྱེན་གནམ་གྱི་བུ། བསྐོས་ཡིག་ཚང་ཅན། དེ་ཡི་འོག་མ་དེ། དྲང་མཁྱེན་གནམ་བྱི་བུ། གནམ་གྱི་ཡིག་ཚང་ཅན། དེ་ཡི་འོག་མ་དེ། ཡེ་རྗེ་གནམ་གྱི་བུ། གཙུག་ལག་ཡིག་ཚང་ཅན། དེ་ཡི་འོག་མ་དེ། སྨོན་རྗེ་གནམ་གྱི་བུ། སྨོན་པའི་ཡིག་ཚང་ཅན། དེ་ཡི་འོག་མ་དེ། རྩེ་རྗེ་གནམ་གྱི་བུ། རྒྱལ་གྱི་ཡིག་ཚང་ཅན། དེ་ཡི་འོག་མ་དེ། ཀ་དྷ་གནམ་གྱི་བུ། གསེར་གྱི་ཡིག་ཚང་ཅན། དེ་ཡི་འོག་མ་དེ། ཀོང་ཙེ་གནམ་གྱི་བུ། འཕྲུལ་གྱི་ཡིག་ཚང་ཅན་”(16)ཞེས་རྒྱ་ཀོང་ཙེ་ནི་གཤེན་རབ་མི་བོ་ཆེ་དང་དུས་མཉམ་པ་དང་ཀོང་ཙེའི་ཡར་སྔོན་རྒྱ་ནག་རྒྱལ་རབས་བདུན་ཙམ་གྱི་མིང་དངོས་སུ་བོས་ཡོད༑ བོན་ལུགས་ཀྱི་དཔེ་ཆ་རྙིང་པ་དང་བསྟན་འབྱུང་ཁག་ཏུ་ལྟ་བ་འདི་རང་ཁས་ལེན་བྱས་འདུག་པས་དེའི་ཐད་བཞེད་ཕྱོགས་མི་མཐུན་པ་ཅི་ཡང་བྱུང་མེད་མོད། དེང་རབས་ཞིབ་འཇུག་པ་ཁག་ཅིག་གིས་རྒྱ་ཀོང་ཙེ་ནི་རྒྱ་ནག་གི་ཞྭ་རྒྱལ་རབས་བཙུག་མཁན་ཀོང་ཏཱ་ཡུད་(鲧大禹)ཅེས་པ་དེ་ཡིན་པར་སྨྲ་ཞིང་། «སྦ་བཞེད་»དང་«ལྡེའུ་མཁས་པའི་ཆོས་འབྱུང་།» «ཉང་ཆོས་འབྱུང་།» «དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་།» «རྒྱལ་དབང་ལྔ་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་»སོགས་ཀྱིས་རྒྱ་ཀོང་ཙེ་ནི་རྒྱ་ནག་ཐང་རྒྱལ་རབས་སྐབས་ཀྱི་རྒྱལ་པོ་ཐང་ཐེའུ་ཙུང་(唐太宗)དང་གཅིག་ཏུ་ངོས་བཟུང་བྱས་ཡོད༑ དེ་བཞིན་ཕྱིས་སུ་«རྒྱ་ནག་ཆོས་འབྱུང་»དང་ལྕང་སྐྱ་རོལ་བའི་རྡོ་རྗེ། ཐུའུ་ཀྭན་ཆོས་ཀྱི་ཉི་མ་སོགས་ཀྱིས་རྒྱ་ནག་གི་ཁུང་ཙེ་(孔子)ཡིན་པར་ཡང་གསུང་མཛད་འདུག་པས། སྐབས་འདིར་ང་ཚོས་དེའི་ཐད་ནས་དབྱེ་ཞིབ་ཅུང་ཙམ་མི་བྱེད་ཐབས་མེད་དུ་གྱུར་འདུག་པས་བཤམ་ནས་ལྟ་ཚུལ་འདི་གསུམ་གྱི་སྐོར་ཅུང་ཙམ་དཔྱད་པར་བྱའོ།།

IMG_3789

གསུམ་པ། རྒྱ་ཀོང་ཙེ་འཕྲུལ་རྒྱལ་དང་རྒྱ་ནག་ཞྭ་རྒྱལ་རབས་ཀྱི་སྐོར།

 

་་་་་་་་་་་་རྒྱ་ནག་ལོ་རྒྱུས་ཁག་ཏུ་གསལ་བ་ལྟར་ན། ཞྭ་རྒྱལ་རྒྱལ་རབས་ནི་རྒྱ་ནག་གི་ཆེས་ཐོག་མའི་རྒྱལ་རབས་དེ་ཡིན་ཅིང་སྤྱི་ལོའི་སྔོན་གྱི་ལོ་2070གཡས་གཡོན་དུ་ཐོག་མར་བཙུག་པ་དང་ལོ་ངོ་བཞི་བརྒྱ་ལྷག་ཙམ་གནས་པར་བཤད༑ ཞྭ་ཞེས་པ་ནི་གནའ་བོའི་ཚོ་པ་ཞིག་གི་མིང་ཡིན་པ་དང་ཚོ་པ་དེ་ཐོག་མར་ཧྲན་ཤིས་བྱང་རྒྱུད་དུ་གནས་པར་བཤད་ལ། བར་སྐབས་ཤིག་གནས་སྤོ་བྱས་ཏེ་དེང་གི་ཧོ་ནན་ས་ཁོངས་སུ་འཚོ་སྡོད་བྱས་ཤིང་ཚོ་ཁག་གི་དཔོན་པོའི་མིང་ལ་ཀོང་(鲧)ཞེས་འབོད་པར་གྲགས༑ གཏམ་རྒྱུད་ལྟ་བུའི་ཤོད་སྲོལ་ཞིག་འདུག་པ་ནི་ཡུལ་དེར་ཆུ་ལོག་ཅིག་རྒྱུགས་ནས་ས་དང་སྤང་ཡོད་ཚད་ཆུས་དེད་དེ་ཞིང་ཁ་ལ་གནོད་པ་བྱུང་བས། ཞྭ་ཚོ་པའི་འགོ་གཙོ་ཀོང་གི་བུ་ཏཱ་ཡུད་(大禹)ཅེས་པས་མང་ཚོགས་ཀྱི་སྣེ་ཁྲིད་ནས། མངའ་འོག་གི་མི་སྣ་ཁ་ཤས་དང་མཉམ་དུ་འབྲི་ཆུའི་ཤར་ངོས། རྨ་ཆུའི་བྱང་ངོས་སོགས་སུ་ཕེབས་ཏེ་ས་ཁམས་ཆགས་ཚུལ་དང་ཆུའི་གནས་ཚུལ་ལ་བརྟགས་ནས། ལོ་བཅུ་གསུམ་རིང་ཆུ་ཡུར་གཤངས་ཤིང་ཆུ་ལམ་གཏོད་པ་དང་ཆུ་རགས་རྒྱག་པ་སོགས་ཀྱིས་ཆུ་ལོག་འགོག་ཐུབ་པ་བྱུང་༑ དེར་བརྟེན། ཞྭ་ཚོ་པའི་ཡུལ་མི་ཚོས་ཁོ་རང་བློར་བབས་པ་མ་ཟད་ཉེ་འཁོར་ཡུལ་ཚོ་གཞན་འགའ་ཡང་དབང་དུ་འདུས་པས་མཐར་རྒྱ་ནག་གི་ཆེས་ཐོག་མའི་རྒྱལ་རབས་དེ་བཙུག་པར་སྐད༑

་་་་་་་་་་་་་་་་བོད་རིག་པའི་ཞིབ་འཇུག་པ་བདེ་ཆེན་དབང་མོ་ཞུ་བས་སྤྱི་ལོ་2010ལོར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྐབས་སུ་བསྒྲོགས་སྦྱང་བྱས་པའི། «གཡུང་དྲུང་བོན་གྱི་ལོ་རྒྱུས་ལས་ཀོང་ཙེ་འཕྲུལ་རྒྱལ་དང་དཀར་ནག་བཀྲ་གསལ་གྱི་ཐོག་མའི་གཞི་གང་ཡིན་ལ་རྩད་ཞིབ་ཞུས་པ་»ཞེས་པའི་དཔྱད་རྩོམ་དེ་རུ་འདིའི་སྐོར་དཔྱད་བརྗོད་ཏོག་ཙམ་བྱས་ཡོད༑ དཔྱད་རྩོམ་དེར་ཀོང་ཏཱ་ཡུད་ཀྱིས་བརྩམས་པར་གྲགས་པའི་«རི་མཚོའི་མདོ་»(山海经)ཞེས་པ་གཙོར་བྱས་ནས་རྒྱའི་ཡིག་ཚང་ཁག་དང་གོ་བསྡུར་བགྱིས་ཏེ་དཔྱད་གླེང་བྱས་འདུག «རི་མཚོའི་མདོར་»གསལ་བ་ལྟར་ན། “ཧ་ལམ་ལོ་ངོ་4200ལྷག་ཙམ་གྱི་སྔ་རོལ་དུ་རྨ་ཆུར་ཆུ་ལོག་ཆེན་པོ་ཐོན་ཅིང་ཤིན་ཏུ་ཉེས་པའི་སྐབས་ཏཱ་ཡུད་ཀྱིས་ཆུ་ལོག་བཅོས་པའི་བརྒྱུད་རིམ་ནང་དུ་འབུམ་གླིང་དགོན་ཆགས་སའི་རྨ་ཆུའི་བྲག་རོང་གསུམ་གྱི་ས་ཁུལ་ཏུ་གནོད་པ་རྩོམ་མཁན་གྱི་འབྲུག་ངན་མགོ་དགུ་པ་ཅན་ཞིག་བཏུལ་ཞིང་། གནས་དེར་ས་ཡི་སྟེགས་བུའམ་ཕོ་བྲང་ཅིག་བཞེངས”(17)ཚུལ་འཁོད་ཡོད་འདུག་ལ། བདེ་ཆེ་དབང་བོས་འོལ་མོ་ལུང་གི་ཆགས་དབྱིབས་དང་འབྲེལ་སྟེ་ས་ཕུང་ངམ་རྡོ་ཕུང་རི་བོ་ཡོད་སའི་ས་དབྱིབས་གཉིས་བསྡུར་ནས་འོལ་མོ་ལུང་རིང་ཡང་གནས་འདིར་ཡིན་མིན་གྱི་དོགས་སློང་མཛད༑

་་་་་་་་་་་་་་ཀོང་ཏཱ་ཡུད་དང་ཀོང་ཙེ་འཕྲུལ་རྒྱལ་ཞེས་པའི་མི་སྣ་གཉིས་ཀྱི་མི་ཚེའི་ལོ་རྒྱུས་མི་འདྲ་བ་ཇི་སྙེད་ཅིག་མཆིས་ཀྱང་འདྲ་བའི་ཆ་ཡང་མང་ཙམ་སྣང་༑ དཔེར་ན། ཞྭ་རྒྱལ་རབས་བཙུགས་ནས་ད་ལྟའི་དབར་མི་ལོ་4089ཙམ་སོང་ཡོད་པས། བོན་ལུགས་ལྟར་བྱས་ཏེ་རྒྱ་ཀོང་ཙེ་སྟོན་པ་གཤེན་རབ་ཀྱི་སློབ་བུ་ཞིག་ཡིན་པའི་དབང་དུ་བཏང་ན་ལོ་ཚིགས་ཐད་ནས་དེང་དུས་ཁས་ལེན་དང་ཉེ་པོར་གྱུར་ཡོད༑ དེ་བཞིན་ཀོང་ཙེས་དཀར་ནག་བཀྲ་གསལ་བཞེངས་སྐབས་དུས་ཡུན་རིང་པོ་ཞིག་ཁྱིམ་དུ་ལོག་མ་མྱོང་བ་དང་ཀོང་ཏཱ་ཡུད་མི་ལོ་བཅུ་གསུམ་ཆུ་ལོག་འགོག་ཆེད་ཁྱིམ་ལ་མ་འཁོར་བ། བདུད་སྲིན་ཧ་དྷ་སྐྱེས་ཅིག་ལ་བདུད་ཁྱབ་པས་ངན་སྐུལ་བྱས་བརྟེན། གསས་ཁང་ཆུ་སྲིན་ཁ་རུ་ནུབ་བཅུག་པ་དང་ཆུ་འོག་མར་མར་ནུབ་པ་ལ་སྟོན་པ་གཤེན་རབ་ཀྱིས་རོགས་བྱས་ཏེ་ཕྱོགས་བཞིར་ཀ་བ་བཙུག་ཚུལ་དང་། ཀོང་ཏཱ་ཡུད་ཀྱི་ཡུལ་ཚོར་ཆུ་ལོག་བྱུང་ནས་ཡུལ་ལུང་ལ་གནོད་འཚེ་བྱུང་བས་ཆུ་ལོག་འགོག་ཐབས་བྱས་པ། ཀོང་ཙེས་གསས་ཁང་བཞེངས་སྐབས་བདུད་སྲིན་གྱི་རྒྱལ་པོ་ཧ་དྷ་སྐྱེས་ཅིག་ཅེས་པའི་ཆ་བྱད་ལ། ཕག་ནག་མགོ་དགུའི་ཁྲི་ཆེན་བརྩིགས་པའམ་འོག་རྟ་ཅན་ཞིག་ཡོད་པ་དང་། ཀོང་ཏཱ་ཡུད་ལ་ངོ་ལོག་དང་འགོག་རྒོལ་གནོད་འཚེ་བྱེད་མཁན་དེ་ཡང་འབྲུག་ངན་མགོ་དགུ་ཅན་ཞིག་ཡོད་ཚུལ། གསས་ཁང་བཞེངས་གྲུབ་བྱུང་རྗེས་ཕྱོགས་སོ་སོ་ནས་བཟོ་བོ་གདན་དྲངས་ཏེ་ནང་གི་ལྷ་སྐུ་རྟེན་བཞེངས་མཛད་ཚུལ་དང་། ཆུ་ལོག་བཅོས་བཅོམ་བྱས་རྗེས་འབུམ་གླིང་དགོན་བཞེངས་པ་མ་ཟད། དེང་དུས་ཀྱང་ངོ་མཚར་བའི་བཟོ་བཀོད་ཕུན་སུམ་ཚོགས་པའི་རྗེ་བཙུན་བྱམས་སྐུ་བཞེངས་པ་སོགས་འདྲ་བའི་ཆ་ཤིན་ཏུ་མང་པོར་སྣང་བས་དཔྱད་ཞིབ་ཀྱི་རིན་ཐང་ཆེའོ།། འོན་ཀྱང་། རྦད་དེ་ཡོང་ཐབས་མེད་པ་ནི་གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་འོལ་མོ་ལུང་རིང་གོང་གི་ས་གནས་དེར་ངོས་བཟུང་བ་དེ་རེད༑

་་་་་་་་་་་་་་འབུམ་གླིང་དགོན་དུ་ཡོད་པའི་བྱམས་པའི་སྐུ་བརྙན་ཆེན་པོ་དེ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་ཞེས་ཐོག་མར་གསུང་མཁན་ད་དུང་ཏག་ཏག་ཅིག་མ་ཤེས་ཀྱང་། «མཁར་ནག་ཆོས་འབྱུང་»དང་བྲག་དགོན་པ་དཀོན་མཆོག་རབ་རྒྱས་(1801—1866)ཀྱིས་མཛད་པའི་«མདོ་སྨད་ཆོས་འབྱུང་»སོགས་སུ། “རྨ་ཆུའི་འགྲམ་དུ་སྤྲུལ་པའི་ལྷ་ཁང་། བཟོ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པའི་བྱམས་པ་འབུམ་གླིང་དུ་”ཞེས་དང་། “བྱམས་པ་འབུམ་གླིང་གི་བྱམས་ཆེན་འདི་ངག་རྒྱུན་འགར་ཀོང་ཙེས་བཞེངས་པ་ཡིན་ཟེར་ཞིང་། དེའི་རྒྱུ་མཚན་གྱིས་ཀོང་ཙེའི་མིང་ལའང་བཟོ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་བཤད། འགའ་ཞིག་དེ་བོན་པོ་ཞིག་ཡིན་པ་གཞིར་བཞག  དང་པོ་སྟོན་པ་གཤེན་རབ་ཀྱི་སྐུ་ཡིན་པ་ལ་ཕྱིས་སུ་གཙུག་ཏོར་སོགས་བསྣན་ཏེ་བྱམས་པའི་སྐུའི་རྣམ་པར་བསྒྱུར་ཟེར་སྣང་”(18)ཞེས་འཁོད་ཡོད་འདུག  འདིའི་སྐོར་ཚངས་དབང་དགེ་འདུན་བསྟན་པ་ལགས་ནས་དཔྱད་རྩོམ་ཞིག་བྲིས་ཏེ་2003ལོའི་«བོད་ལྗོངས་ཞིབ་འཇུག་»འདོན་ཐེངས་བཞི་པར་བཀོད་ཡོད༑

་་་་་་་་་་་་་«མཁར་ནག་ཆོས་འབྱུང་»ནི་མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་སྤྱི་ལོ་1630ལོར་མཛད་པ་དང་། «མདོ་སྨད་ཆོས་འབྱུང་»ཡང་རབ་བྱུང་བཅུ་བཞི་པའི་ཤིང་གླང་སྤྱི་ལོ་1865ལོར་བྲག་དགོན་པས་མཛད་པ་ཞིག་ཡིན༑(19) འབུམ་གླིང་དགོན་གྱི་བྱམས་སྐུ་ཀོང་ཙེས་བཞེངས་པ་དང་ཐོག་མར་གཤེན་རབ་མི་བོ་ཆེའི་རྣམ་པ་ཡིན་པ་ཐུའུ་ཀན་ཆོས་ཀྱི་ཉི་མས་(1737—1802)ཀྱང་ཞལ་བཞེས་མཛད་ཀྱི་ཡོད་འདུག་པ་དང་(20)། བྱམས་སྐུ་འདི་ཐོག་མར་སྟོན་པ་གཤེན་རབ་ཀྱི་སྐུ་ཡིན་པ་ལ་ཕྱིས་སུ་གཙུག་ཏོར་སོགས་བསྣན་ཚུལ། “པཎ་ཆེན་ཡེ་ཤེས་རྩེ་མོའི་སྐྱེ་བར་གྲགས་པ་གཙང་རྟག་ནག་པ་ཀུན་དགའ་རྣམ་སྲས་ཞེས་བྱ་བ། བཀྲ་ཤིས་ལྷུན་པོར་མཁས་པར་སྦྱོངས་ཤིང་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དངོས་སློབ་ཏུ་གྱུར། པཎ་ཆེན་རིན་པོའི་ལུང་བསྟན་ལྟར་མདོ་སྨད་དུ་བྱོན། བྱམས་པ་འབུམ་གླིང་གི་བྱམས་སྐུ་ཆེན་པོ་འདི་སྔ་མོ་ཀོང་ཙེའི་དུས་བཞེངས་པའི་བོན་ལྷ་ཡིན་འདུག་པ་ལ། བླ་མ་འདིས་གཙུག་ཏོར་སོགས་བསྣན་ནས་བྱམས་པའི་སྐུའི་རྣམ་པ་བསྒྱུར།”(21)ཞེས་«བྱམས་གླིང་གི་དཀར་ཆག་»རང་དུ་གསལ་པོར་འཁོད་ཡོད་སྐད༑ གཙང་རྟ་ནག་པའི་ལོ་རྒྱུས་ཁ་གསལ་མ་མཐོང་ཡང་འཁྲུངས་ཡུལ་ནི་དེང་དུས་གཞི་རྩེའི་ས་ཁོངས་གཙང་རྟ་ནག་ཅེས་པ་ནས་ཡིན་པར་འདུག་ལ། དུས་རབས་བཅུ་དྲུག་ནང་གི་མི་ཡིན་པ་པཎ་ཆེན་བློ་བཟང་རྒྱལ་མཚན་(1570—1662)དང་དུས་མཉམ་པ་ལས་རྟོགས་ཐུབ༑

IMG_3788

བཞི་པ། ཐང་ཐའེ་ཙུང་དང་རྒྱ་ཀོང་ཙེ་འཕྲུལ་རྒྱལ་སྐོར།

 

་་་་་་་་་་་་དཔའ་བོ་གཙུག་ལག་ཕྲེང་བའི་«ཆོས་འབྱུང་མཁས་པའི་དགའ་སྟོན།»དུ་“དེ་ཡང་མགར་གྱིས་སྣ་དྲངས་པའི་བློན་པོ་བརྒྱས་ཕྱག་རྟེན་དོང་རྩེ་བརྒྱ། ཞུ་རྟེན་གསེར་པང་མིག་བདུན། རིན་དུ་ལྷའི་གོས་རིན་ཐང་མེད་པ་འདི་ཁྱེར་ལ་བྱ་ཁ་ཏའི་སྐད་ཀྱིས་མ་ནོན་པར་ཕར་ཚུར་དུ་སྒྲོལ་མ་ལ་གསོལ་བ་འདེབས་ཀྱིན་སོང་ཞིག་གསུངས་ནས། བློན་པོ་རྣམས་ཕྱིན་ཏེ་རྒྱ་ནག་ཟིམ་ཤིང་བཀྲ་ཤིས་ཁྲི་སྒོར་སླེབས་ཏེ་རྒྱལ་པོ་ཐང་ཐའེ་ཛུང་ངམ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་དེ་དང་མཇལ་”(22)ཞེས། རྒྱ་ཀོང་ཙེ་འཕྲུལ་རྒྱལ་ནི་རྒྱ་ནག་གི་ཐང་རྒྱལ་རབས་(618—907)སྐབས་ཀྱི་ཐང་ཐའེ་ཙུང་(唐太宗)ཞེས་པ་དེ་ཡིན་པའི་ངོས་འཛིན་མཛད་འདུག དཔའ་བོ་གཙུག་ལག་ཕྲེང་བ་ནི་རབ་བྱུང་བརྒྱད་པའི་ཤིང་བྱི་སྤྱི་ལོ་1404ལོར་འཁྲུངས་ཤིང་ཆོས་འབྱུང་འདི་སྤྱི་ལོ་1545ལོར་འབྲི་འགོ་བཟུང་སྟེ་སྤྱི་ལོ་1564ལོར་མཇུག་གྲུབ་པར་བཤད༑ ཁོང་གིས་ཆོས་འབྱུང་འདི་མཛད་སྐབས་ཁུངས་གཙོ་བོ་«སྦ་བཞེད་»དང་«བཀའ་ཆེམས་བཀའ་ཁོལ་མ།»གཉིས་བྱས་ཡོད༑ འོན་ཀྱང་། «སྦ་བཞེས་»ལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་ལས་«སྦ་གསལ་སྣང་གི་བཞེད་པ།»ཞེས་པར། “བོད་ཀྱི་རྒྱལ་པོ་ལ་བཟང་བ་མེས་སྲོང་བཙན་སྒམ་པོ་དེ་ཨརྱ་པ་ལོ་ཀེ་ཏའི་སྤྲུལ་བར་གྲགས། དེའི་བཙུན་མོ་ལྷ་གཅིག་ཀོང་ཇོ་ཡིན། ཀོང་ཇོའི་ཡུལ་རྒྱ་ནག་པོའི་ཡུལ་གྲོང་ཁྱེར་ཀེག་ཤིང་ཁྲི་སྒོ་ན་རྒྱལ་པོ་ཀོང་ཚེ་འཕྲུལ་ཆུང་བྱ་བ་འབྱོར་པ་རྒྱས་པ། མངའ་ཐང་རྒྱས་པ་ཅིག་ཡོད་”(23)ཅེས་འཁོད་འདུག་ཅིང་། «སྦ་བཞེད་ཞབས་བཏགས་མ།»(24)དང་«ཆོས་འབྱུང་ཞིབ་མོ།»(25)ཞེས་པ་སོགས་སུའང་ཚིག་མང་ཉུང་ཙམ་ལས་གཅིག་ཏུ་སྣང་༑

་་་་་་་་་་་་་་«སྦ་བཞེད་»ཅེས་པའི་དཔེ་ཆ་འདི་གཙོ་བོ་བསམ་ཡས་དགོན་པའི་ལོ་རྒྱུས་ཡིན་ཅིང་ཁག་ཅིག་གིས་འདི་ནི་ཁྲི་སྲོང་ལྡེའུ་བཙན་(742—796)གྱི་དུས་སུ་བློན་སྦ་གསལ་སྣང་གིས་མཛད་ཅེས་གྲགས༑ འོན་ཀྱང་། ད་ལྟའི་མཐོང་ཡུལ་དུ་གྱུར་བའི་«སྦ་བཞེད་»ཁག་གི་ཚིག་དོན་ལ་བལྟས་ན་དེ་འདྲའི་སྔ་བ་ཞིག་མིན་རུང་། “ཞབས་བཏགས་མ་དེ་དུས་རབས་བཅུ་གཉིས་ཀྱི་དུས་དཀྱིལ་གྱི་སྔོན་དུ་བྱུང་ཡོད་པ་ནི་དཔེ་ཆ་དེའི་ནང་གི་ནང་དོན་མང་པོ་ཞིག་«ཉང་རལ་ཆོས་འབྱུང་»ནང་དུ་དྲངས་ཡོད་པ་ལས་གསལ་བཤད་བྱེད་ཐུབ་”(26)ཅེས་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ནས་དཔྱད་ཞིབ་བྱས་ཡོད༑ དེ་ལྟར་ན་ཡང་མཁར་རྨེའུ་ལགས་ནས་«སྦ་བཞེད་ཞབས་བཏགས་མ།»འདི་ཕྱིས་སུ་མཁས་པས་ཁ་བསྣོན་བྱས་ཏེ་གྲུབ་པ་ཞིག་ཡིན་པར་འདོད་ཅིང་། སྤྱི་ལོ་2009ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་«རྦ་བཞེད་ཕྱོགས་བསྒྲིགས།»ཀྱི་འགོ་བརྗོད་དུ་གསལ་བ་ལྟར་ན། ཞབས་བཏགས་མ་འདི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་མཛད་པར་བརྗོད༑ ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སྤྱི་ལོ་1011ལོར་འཁྲུངས་ཤིང་1075ལོར་སྐུ་གཤེགས་པས་དུས་རབས་བཅུ་གཅིག་ནང་གི་མི་ཡིན༑ ཆེས་གནད་འགག་ཅན་ཞིག་ནི་ཏུན་ཧོང་གཏེར་ཡིག་གི་ཁྲོད་དུ་«སྦ་བཞེད་»ཀྱི་མ་ཕྱི་ཞིག་ཐོན་པར་གྲགས་ལ། ད་སྔོན་དཔྱད་འབྲས་ལ་བཞིག་ན་ཕྱི་མོ་དེ་ནི་སྤྱི་ལོ་768ལས་མི་སྔ་ཞིང་དུས་རབས་བཅུ་གཅིག་པ་ལས་མི་འཕྱི་བར་བཤད་དོ།། འོན་ཀྱང་། དེའི་ཁྲོད་དུ་རྒྱ་ཀོང་ཙེའི་སྐོར་ཡོད་མེད་མ་ངེས་ལ་«རྦ་བཞེད་ཕྱོགས་བསྒྲིགས།»སུ་འཁོད་པའི་«དབའ་བཞེད་»ཅེར་པར་ཀོང་ཙེའི་སྐོར་གཅིག་ཀྱང་མི་གསལ༑

་་་་་་་་་་་་་་«བཀའ་ཆེམས་བཀའ་ཁོལ་མ།»ནི་སྤྱི་ལོ་1049ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཀ་བ་བུམ་པ་ཅན་ནས་གཏེར་དུ་བཞེས་པར་སྐད༑ ཁག་ཅིག་གིས་འདི་ནི་«མ་ཎི་བཀའ་འབུམ་»ལས་ལོགས་སུ་ཕྱུང་བའི་གླེགས་བམ་ཞིག་ཡིན་པར་ཡང་བཤད༑ གང་ལྟར་ཀྱང་དཔེ་ཆ་འདིའི་ནང་དུའང་“དུས་དེ་ཙ་ན་རྒྱ་ནག་རྒྱལ་པོའི་ཡུལ་གྲོང་ཁྱེར་ཁྲི་སྒོ་རྩེགས་པ་བྱ་བ་ན། རྒྱ་ནག་རྒྱལ་པོ་ཀོང་རྩེ་འཕྲུལ་ཆུང་གི་ཕོ་བྲང་དུ་”(27)ཞེས། «སྦ་བཞེད་»མི་འདྲ་བ་ཁག་ལྟར་ངོས་འཛིན་བྱས་འདུག་ལ། «མཁས་པ་ལྡེའུ་ཆོས་འབྱུང་།»(28) «ཉང་ཆོས་འབྱུང་།»(29) «དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།»(30)སོགས་བོད་ཀྱི་ཆོས་འབྱུང་ཕལ་ཆེ་བས་འདི་བཞིན་ཞལ་བཞེས་མཛད་ཡོད༑ གུས་པས་བལྟས་ན་ལྟ་བ་འདི་ཐོག་མར་«སྦ་བཞེད་»ལས་བྱུང་ཡོད་འདུག་པ་དང་། «སྦ་བཞེད་»ནི་བོད་རིག་པ་བ་དག་གིས་དུས་རབས་བཅུ་གཉིས་དུས་དཀྱིལ་དང་ཡང་ན་བཅུ་གཅིག་ནང་བྱུང་བར་འདོད་པ་གོང་དུ་གསལ་ན། བོན་དཔེ་ཁག་ཏུ་རྒྱ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་ཞིག་ཡོད་ཅིང་དེ་ཡང་རྒྱ་ནག་གི་རྒྱལ་པོ་ཞིག་ཡིན་པ་གང་ཞིག་ལ་བོད་དང་འབྲེལ་བ་ཆེ་ཚུལ་གླེང་བས། རང་རེ་ལ་རྒྱ་ནག་གི་རྒྱལ་པོ་ཆེས་རྒྱུས་མངའ་ཡོད་པ་དང་འབྲེལ་ལམ་ཟབ་པ་ནི་ཐང་ཐའེ་ཙུང་ཡིན་པ་སོགས་ལ་རྟེན་ནས། རྒྱ་ཀོང་ཙེ་དང་ཐང་ཐང་ཐའེ་ཙུང་གཉིས་མི་གཅིག་་ཡིན་པའི་ངོས་འཛིན་བྱས་པ་མིན་ནམ་སྙམ༑ དེ་མིན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་མི་སྣ་གཉིས་ཀྱི་མི་ཚེའི་ལོ་རྒྱུས་སོགས་ལ་བརྟག་ན་འདྲ་བའི་ཆ་དང་སྒྲུབ་ཀྱི་རིག་པ་གང་ཡང་རྙེད་ཡ་མི་འདུག

་་་་་་་་་་་རྒྱུ་མཚན་ནི་རྒྱ་ཀོང་ཙེའི་སྐོར་གཙོ་བོ་བོན་གྱི་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ཁག་ལས་འབྱུང་ཞིང་«དྲི་མེད་གཟི་བརྗིད་»ནི་སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་ལས་རྒྱས་པ་དེ་ཡིན༑ འདི་ལ་ཁྱོན་པོ་ཏི་བཅུ་གཉིས་ཡོད་པ་དང་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་ཡིན་པར་བཤད༑ «བོན་གྱི་བསྟན་རྩིས་»ཁག་ལྟར་ན་བློ་ལྡན་སྙིང་པོ་ནི་རབ་བྱུང་དྲུག་པའི་ལྕགས་བྱི་(1360)ལོར་འཁྲུངས་པ་ཡིན༑ བསྡུས་པ་པོད་གཅིག་ཅན་«མདོ་འདུས་»དང་འབྲིང་པོ་«མདོ་གཟེར་མིག»ཟེར་ཞིང་པོད་གཉིས་ཡོད༑ སྐུ་ཞབས་མཁར་རྨེའུ་བསམ་གཏན་ལགས་ཀྱིས་རྣམ་ཐར་འདི་གསུམ་ཞིབ་འཇུག་བྱས་ཡོད་པ་མ་ཟད། ཕྱིས་སུ་བོད་རིག་པ་བ་མང་ཙམ་གྱིས་རྣམ་ཐར་འདི་གསུམ་ཞིབ་འཇུག་མཛད་འདུག «མདོ་འདུས་»ནི་ཁྲི་སྲོང་ལྡེའུ་བཙན་(742—796)གྱི་དུས་སུ་བོན་གཤེན་སྙ་ལི་ཤུ་སྟག་རིང་གིས་གཡུང་དྲུང་ལྷ་ཡི་སྐད་ནས་བོད་སྐད་དུ་བསྒྱུར་བར་གསལ་ཞིང་། དུས་རབས་བཅུ་པའི་(961)ནང་བསམ་ཡས་ནས་ཐོན་པའི་གཏེར་མ་ཞིག་ཡིན་པས་དབུས་གཏེར་གྲས་སུ་གཏོགས༑ དེ་བཞིན་«གཟེར་མིག»ཞེས་པ་འདི་བོད་རིག་པའི་ཁྱབ་ཁོངས་སུ་མིང་གྲགས་ཆེ་བས་ཞིབ་འཇུག་མཛད་མཁན་ཀྱང་མང་ཙམ་བདོག་སྟེ། འགའ་ཞིག་གིས་འདི་ནི་གཏེར་མ་ཡིན་པར་བཤད་ཅིང་ལ་ལས་གཏེར་མ་ཡིན་པ་གང་ཞིག་ལ་བཅོས་འཕྲི་བྱས་པ་ཞིག་ཡིན་(32)ཅེས་བསྙད༑ ཡང་ཁག་ཅིག་གིས་གཏེར་དུ་སོང་མ་མྱོང་བར་སྨྲ་བ་(33)དང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཕྱིས་སུ་མཁས་པས་བརྩམས་པའམ་བསྒྲིགས་པར་འདོད་པ་སོགས་ལྟ་བ་སྣ་ཚོགས་བྱུང་འདུག གང་ལྟར་ཡང་དུས་རབས་བཅུ་གཅིག་གི་ཡར་སྔོན་ཡིན་པ་ནི་དུས་རབས་བཅུ་གཅིག་ནང་བྱོན་པའི་མཁས་པ་འགས་«མདོ་གཟེར་མིག་»ལས་ལུང་དྲངས་འདུག་པ་སོགས་ཀྱིས་ར་འཕྲོད་ཐུབ་ཚུལ་«མདའ་དང་འཕང་»དུ་དཔྱད་གླེང་བྱས་འདུག་པས། རྒྱས་པ་«དྲི་མེད་གཟི་བརྗེད་»ཕྱིས་བྱུང་དཔེ་ཆ་ཞིག་ཏུ་ངེས་ཀྱང་«མདོ་འདུས་»དང་«གཟེར་མིག་»གཉིས་ནི་མ་མཐའ་དུས་རབས་བཅུ་པ་དང་བཅུ་གཅིག་ཡར་སྔོན་གྱི་དཔེ་ཆར་ངོས་འཛིན་བྱེད༑ དེར་བརྟེན།  «སྦ་བཞེད་ཞབས་བཏགས་མ་»དང་«བཀའ་ཆེམས་བཀའ་ཁོལ་མ་»གཉིས་ལས་ཅུང་ཙམ་སྔ་བ་ཡིན་ནོ།།

་་་་་་་་་་་་་ཀོང་ཙེ་འཕྲུལ་རྒྱལ་རྒྱ་ནག་ཐང་རྒྱལ་རབས་ཀྱི་རྒྱལ་པོ་ཐང་ཐའེ་ཙུང་དང་གཅིག་ཡིན་པའི་སྐོར་འདི་ལྟར་ཆོས་འབྱུང་དང་དེབ་ཐེར་མང་པོར་སྣང་ཡང་། མཁས་དབང་དུང་དཀར་(1927—1997)རིན་པོ་ཆེ་མ་གཏོགས་དོ་སྣང་འབྱུང་མཁན་དང་དཔྱད་ཞིབ་བྱེད་མཁན་མེད་པ་འདྲ༑ དུང་དཀར་རིན་པོ་ཆེས། “«མཁས་པའི་དགའ་སྟོན་»མི་རིགས་དཔེ་སྐྲུན་ཁག་གི་ལྕགས་དཔར་མ་ཤོག་གྲངས་206ཐོག  རྒྱལ་པོ་ཐང་ཐའི་ཛུང་ངམ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་དེ་དང་མཇལ་ཞེས་འཁོད་པ་འདི་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཛུང་ལ་བཟོ་བོ་མཁས་པ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང་འདྲ་བའི་བསྟོད་བསྔགས་བྱས་པ་ཞིག་ཡིན་ཚོད་ལས། ཐང་ཐའི་ཙུང་ལ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པའི་མིང་སྒྲ་རྒྱ་སྐད་ཐོག་བརྗོད་སྲོལ་མ་སྣང་”(34)གསུང་མཛད་ཡོད༑ འདི་ནི་དཔྱད་ཞིབ་གནད་ཁེལ་གྱི་གསུང་ཚིག་ཅིག་ཏུ་མཐོང་བས་ཚངས་དབང་དགེ་འདུན་བསྟན་པ་ལགས་ནས་ལྟ་བ་འདི་མོས་མཐུན་བྱས་འདུག

་་་་་་་་་་་་་འོན་ཀྱང་། གནད་འགག་གཅིག་ཡོད་པ་ནི་«ཆོས་འབྱུང་མཁས་པའི་དགའ་སྟོན།»དུ་རྒྱ་ཀོང་ཙེ་འཕྲུལ་རྒྱལ་ཞེས་དངོས་སུ་གསལ་རུང་«སྦ་བཞེད་»མི་འདྲ་བ་ཁག་དང་། «བཀའ་ཆེམས་བཀའ་ཁོལ་མ།»སོགས་ཆོས་འབྱུང་ཁག་ཏུ་ཀོང་ཙེ་འཕྲུལ་ཆུང་ཞེས་བྲིས་ཡོད་པས་རྒྱ་ཀོང་ཙེ་འཕྲུལ་རྒྱལ་དང་ཀོང་ཙེ་འཕྲུང་ཆུང་གཉིས་བོན་ལུགས་ཡིག་ཆ་ལྟར་ན་མི་སྣ་མི་འདྲ་གཉིས་ཡིན་ཏེ། ཀོང་ཙེ་འཕྲུལ་ཆུང་ནི་རྒྱ་ཀོང་ཙེ་འཕྲུལ་རྒྱལ་དང་གཉན་ལྕམ་འོད་མ་དཀར་གཉིས་ལ་སྲས་གསུམ་དང་སྲས་མོ་གཉིས་ཡོད་པ་ལས། སྲས་མོ་འཕྲུལ་སྒྱུར་མ་སྟོན་པ་གཤེན་རབ་ཀྱི་བཙུན་མོར་ཕུལ་བའི་སྲས་ཀོང་ཙེ་འཕྲུལ་བུ་ཆུང་བྱ་བ་དེ་ཡིན༑ དེར་བརྟེན། ཀོང་ཙེ་འཕྲུལ་བུ་ཆུང་ནི་གཤེན་རབ་མི་བོ་ཆེའི་སྐུ་སྲས་དང་རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱི་ཚ་བོ་ཡིན་པ་ཤེས་དགོས༑

IMG_3787

ལྔ་པ། ཁུང་ཙེ་དང་རྒྱ་ཀོང་ཙེ་འཕྲུལ་རྒྱལ་སྐོར།

 

་་་་་་་་་་་་ཁུང་ཙེ་(孔子)ནི་རུའུ་ལུགས་(儒家)སྲོལ་འབྱེད་པ་ཡིན་ཅིང་རྒྱ་ནག་གི་ལོ་རྒྱུས་ཁྲོད་དུ་མི་སྣ་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད་དེང་དུས་རྒྱལ་ཁབ་མང་མང་པོར་མིང་གྲགས་ཆེ༑ ཁོང་སྤྱི་ལོའི་སྔོན་551ལོར་དེང་དུས་ཧྲན་ཏུང་ཞིང་ཆེན་དུ་(山东)འཁྲུངས་ཤིང་གནའ་བོའི་རྒྱ་ནག་གི་ལུའུ་རྒྱལ་ཕྲན་གྱི་མི་ཡིན༑ ཁོང་ལོ་གསུམ་ཙམ་ཕེབས་སྐབས་ཨ་ཕ་ཚེ་ལས་འདས་པས་ཨ་མའི་སློབ་གསོའི་འོག་ཚར་ལོང་བྱུང་ཞིང་དགུང་ལོ་བཅུ་བདུན་སྟེང་ཨ་མ་ཡང་ཚེ་ལས་འདས་པས། ཆུང་ནས་དྭ་ཕྲུག་གི་འཚོ་བ་བསྐྱལ་བ་དང་རང་ནུས་ཀྱིས་དཔེ་ཀློག་དང་སློབ་སྦྱོང་ལ་འབད་དེ་བསམ་བློ་བ་དང་སློབ་གསོ་བ་གྲགས་ཅན་ཞིག་ཆགས་ཤིང་། སྒྲ་སྙན་རོལ་ལ་མཁས་པ་དང་ལུའུ་རྒྱལ་ཁབ་ཀྱི་བློན་པོ་བྱས་པ་སོགས་ཕྱིས་སུ་རྒྱལ་ཁམས་ཉུལ་མཁན་ཞིག་ཏུ་གྱུར་ཚུལ་ཁོང་གི་ལོ་རྒྱུས་ལས་གསལ(35)༑ དེར་བརྟེན། མི་སྣ་འདི་དང་ཀོང་ཙེ་འཕྲུལ་རྒྱལ་གྱི་མི་ཚེའི་ཁ་གཏད་དང་བྱུང་བ་རྦད་དེ་མི་འདྲ་བ་གཉིས་གྱུར་ཡོད༑ འོ་ན། མི་ཚེའི་ལོ་རྒྱུས་དང་ཁ་ཕྱོགས་མི་འདྲ་བའི་མི་སྣ་གཉིས་ཇི་ལྟར་གཅིག་ཏུ་ངོས་བཟུང་བ་ཡིན་ནམ་ཞེ་ན།

་་་་་་་་་་་་་་ནམ་རྒྱུན་ཡོངས་གྲགས་སུ་རྒྱ་ཀོང་ཙེ་འཕྲུལ་རྒྱལ་དང་རྒྱ་ནག་གི་རུའུ་ལུགས་(儒家)སྲོལ་འབྱེད་པ་ཁུང་ཙེ་(孔子)གཉིས་མི་སྣ་གཅིག་ཡིན་པར་བཤད་མཁན་ཐོག་མ་ནི་ལྕང་སྐྱ་རོལ་བའི་རྡོ་རྗེ་(1717—1786)ཡིན་པར་ངོས་འཛིན་བྱེད༑ ལྕང་སྐྱ་རང་གིས་དངོས་སུ་ཀོང་ཙེ་དང་ཁུང་ཙེ་མི་སྣ་གཅིག་ཡིན་པའི་ལྟ་བ་བཏོན་པའི་བརྩམས་ཆོས་ཕལ་ཆེར་མེད་པ་འདྲ༑ ཐུའུ་ཀྭན་བློ་བཟང་ཆོས་ཀྱི་ཉི་མས་(1737—1767)མཛད་པའི་«ཐུའུ་ཀྭན་གྲུབ་མཐའ་»རུ་ལེའུ་གསུམ་པ་མ་ཧཱ་ཙི་ནའི་ཡུལ་དུ་རིག་བྱེད་དང་གྲུབ་མཐའ་བྱུང་ཚུལ་ཞེས་པར་འདིའི་སྐོར་མང་ཙམ་གསུང་ཡོད༑ ཁོང་གིས་སྐར་མ་ལྟ་བུའི་ཤེའུ་ཞེས་བྱ་བའི་ལུགས་དང་ཟླ་བ་ལྟ་བུ་དོའུ་སི་ཞེས་པ་བོན་གྱི་གྲུབ་མཐའ་ཞེས། རྒྱ་ནག་ཏུ་དར་བའི་གྲུབ་མཐའ་ཆེན་མོ་གཉིས་ཀྱི་ལྟ་དགོངས་དང་བྱུང་རབས་སོགས་གླེང་བརྗོད་བྱས་ཤིང་། སྐར་མ་ལྟ་བུ་ཤེའུ་ཞེས་པའི་གྲུབ་མཐའི་སྲོལ་གཏོད་པ་པོ་ནི་ཁུང་ཙེ་ཡིན་པར་བསྙད་ཅིང་བོན་རྣམས་ཀྱིས་སྒྲ་ཇི་བཞིན་མ་ཐོན་ནས་ཀོང་ཙེ་ཞེས་འབོད་སྲོལ་བྱུང་བར་བཤད་ལ། “ཀོང་ཙེའི་རིགས་བརྒྱུད་ལ་གོང་ནས་ད་ལྟ་གུང་གི་ལས་ཚན་གནང་བཞིན་པ་ཡིན་ཞིང་དེང་སང་གི་གུང་འདི་ཀོང་ཙེ་ནས་མི་རབས་བདུན་ཅུ་དོན་གསུམ་པ་ཡིན་ཟེར་རོ་”(36)ཞེས། ཁུང་ཙེའི་སྐད་དོད་དུ་ཀོང་ཙེ་ཞེས་པའི་ཐ་སྙད་སྦྱར་ནས་ཁུང་ཙེ་ནི་ཀོང་ཙེ་འཕྲུལ་རྒྱལ་ཡིན་པར་བཤད༑ དེ་བཞིན་ཟླ་བ་ལྟ་བུ་དོའུ་སི་ཞེས་པ་དེ་ནི་བོན་གྱི་གྲུབ་མཐའ་ཡིན་ཅིང་། དེའི་སྲོལ་འབྱེད་པ་པོ་རྒྱ་ནག་གི་ཏའོ་ལུགས་སྲོལ་འབྱེད་པ་ལའོ་ཙེ་ཞེས་པ་དེ་ཡིན་ཅིང་ལའོ་ཙེ་ནི་སྟོན་པ་གཤེན་རབ་དང་གཅིག་ཚུལ་གསུང་འདུག འོན་ཀྱང་། འདི་དག་ནི་ཁོང་གི་རྩ་བའི་བླ་མས་གསུངས་སོ་ཞེས་པ་ཙམ་ལས་ཁོང་གི་ལྟ་བ་དངོས་མིན་པའི་རྣམ་པ་བསྟན་ཡོད༑

་་་་་་་་་་་་་་ཁོང་གི་རྩ་བའི་བླ་མ་ནི་ལྕང་སྐྱ་རོལ་བའི་རྡོ་རྗེ་ཡིན་ཅིང་ཐུའུ་ཀྭན་གྱིས་བརྩམས་པའི་«ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་»དུ་འདིའི་སྐོར་གསལ་ཙམ་གསུང་འདུག  ལྕང་སྐྱ་རོལ་པའི་རྡོ་རྗེ་ནི་རྒྱ་ནག་ཆིང་(清)རྒྱལ་རབས་(1644—1911)དུས་སྐབས་ཀྱི་མཁས་པ་ཆེན་པོ་ཞིག་ཡིན་ལ་ཆིང་ལུང་གོང་མས་སྤྱིར་ཞྭ་སེར་དགེ་ལྡན་པའི་རིང་ལུགས་ལ་རྒྱབ་སྐྱོར་ཆེ་ཁར། དམིགས་བསལ་ཁོང་ལ་གཙིགས་མཐོང་ཆེ་ཙམ་གནང་གི་ཡོད་པའི་བཤད་སྲོལ་མཆིས༑ རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པ་ལས་བཙན་ལྷ་དང་ཁྲོ་སྐྱབས། ཆུ་ཆེན་གསུམ་ནི་རྒྱལ་ཕྲན་ཆེན་པོ་གསུམ་ཡིན་ལ་བོན་བསྟན་རིག་གནས་ཆེས་ཆེར་དར་བའི་ཡུལ་ལུང་གསུམ་ཡིན༑ ཆིང་ལུང་གོང་མས་རྒྱལ་རོང་དུ་སྤྱི་ལོ་1747ནས་1775བར་དམག་ཐེངས་གཉིས་རྒྱབ་ཅིང་མཐར་རྒྱལ་རོང་བ་རྣམས་ཕམས་ཉེས་བྱུང་བས(37)། ཡུལ་དེའི་བོན་དགོན་གཡུང་དྲུང་ལྷ་སྟེང་སོགས་གཙོར་བྱས། དགོན་སྡེ་རྣམས་ཞྭ་སེར་རིང་ལུགས་སུ་བསྒྱུར་ཅིང་དེང་ཕྱིན་བོན་ཆོས་བྱེད་མི་ཆོག་པའི་བཀའ་རྒྱ་བསྒྲགས་པ་དང་ཞྭ་སེར་གྱི་བསྟན་པ་ཧ་ཅང་དར་བར་བྱས༑ «ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་»དུ་གསལ་བ་ལྟར་ན་སྐབས་དེར་གོང་མས་ལྕང་སྐྱ་གདན་འདྲེན་བྱས་ཏེ་ཆོས་འཆད་དུ་བཅུག་པ་དང་ལྷག་པར་བོན་གྱི་སྐོར་བཀའ་འདྲི་ཞུས་པར། ལྕང་སྐྱས་“བོན་གྱི་སྟོན་པ་གཤེན་རབ་རྒྱའི་ལོའུ་ཀྱུན་བྱ་བ་ཡིན་པས། བོན་དང་རྒྱའི་དོའུ་སི་གཉིས་ཁུངས་གཅིག་ཚུལ་སོགས་ཞིབ་ཏུ་ཞུ་བ་མཛད་”(38)ཅེས། ཐབས་མཁས་པོའི་སྒོ་ནས་སྟོན་པ་གཤེན་རབ་དང་ལའོ་ཙི་གཉིས་མི་སྣ་གཅིག་ཡིན་པ་དང་བོན་གྱི་ཁུངས་དང་རྒྱ་ནག་གི་ཏའོ་ལུགས་གཉིས་གཅིག་ཏུ་གསུང་བ་སོགས། བོན་དང་ས་སྐྱ། བཀའ་རྒྱུད། རྙིང་མ་སོགས་བོད་ཀྱི་གྲུབ་མཐའ་རྣམས་སྐྱོབས་པའི་ཐབས་མཛད་པར་གྲགས༑

་་་་་་་་་་་་དེར་བརྟེན། དེང་དུས་བོད་རིག་པའི་ཞིབ་འཇུག་པ་ཁག་གིས་སྟོན་པ་གཤེན་རབ་དང་ལའོ་ཙི་གཉིས་མི་སྣ་གཅིག་ཡིན་པ་དང་། ཀོང་ཙེ་འཕྲུལ་རྒྱལ་དང་ཁུང་ཙེ་གཉིས་ཀྱང་གཅིག་ཡིན་པར་སྨྲ་བ་ནི་ཐོག་མར་ཆབ་སྲིད་གནས་སྟངས་འདི་ལྟ་བུ་ཞིག་གི་འོག་ཏུ་བྱུང་བ་དང་། ཐུའུ་ཀྭན་བློ་བཟང་ཆོས་ཀྱི་ཉི་མས་ལྟ་བ་དེ་ཉིད་ཞིབ་ཏུ་བཀྲལ་ཏེ་རང་གི་གྲུབ་མཐར་བཀོད་པ་ནས་བཟུང་། རིམ་གྱིས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སོགས་ཀྱིས་ལྟ་བ་འདི་ཉིད་འཐད་ལྡན་དུ་སེམས་ཏེ་ད་ལྟའི་བར་དུ་བྱུང་བར་བསྙད༑ འོན་ཀྱང་། གུས་པས་དཔྱད་ཞིབ་བྱས་པ་རྒྱུད་ལྟ་བ་འདི་ཐོག་མར་ཡིག་ཐོག་ཏུ་འགོད་མཁན་ནི་ཐུའུ་ཀྭན་ཆོས་ཀྱི་ཉི་མ་ཡིན་མིན་དོགས་པ་བྱུང་༑ རྒྱུ་མཚན་ནི་གུང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་«རྒྱ་ནག་ཆོས་འབྱུང་»དུ་“བོན་སྟོན་ལོའུ་ཀྱུ་དང་། བཞུ་སྟོན་ཁོང་ཙིའི་(བོད་དག་གིས་མཚན་ཙམ་གཡར་བ་ཀོང་ཙེ་ཟེར་འདུག)བརྒྱུད་པ་ནི་མ་ཆད་ཅིང་གྲགས་ཆེ་”ཞེས་དང་། “བཞུ་ལུགས་སྐར་མ་ལྟ་བུ། བོན་ལུགས་ཟླ་བ་ལྟ་བུ། ཆོས་ལུགས་ཉི་མ་ལྟ་བུའོ་”(39)ཞེས་«ཐུའུ་ཀྭན་གྲུབ་མཐར་»གསལ་བ་ཇི་བཞིན་འབྱུང་བ་མ་ཟད། བོད་དག་གིས་མཚན་ཙམ་གཡར་བ་ཀོང་ཙེ་ཟེར་འདུག་ཅེས་མཆན་ཡང་བཏབ་འདུག གུང་མགོན་པོ་སྐྱབས་ཀྱི་འཁྲུངས་འདས་ལོ་ཚིག་གསལ་ཐག་ཆོད་པ་ཞིག་དེ་སྔ་སུས་ཀྱང་རག་མེད་པ་འདྲ༑ འོན་ཀྱང་། ང་ཚོས་ཁོང་གི་འཁྲུངས་འདས་ལོ་ཚིག་ཏག་ཏག་ཅིག་མ་རྙེད་ཀྱང་«རྒྱ་ནག་ཆོས་འབྱུང་»སྤྱི་ལོ་1746ལོར་བརྩམས་པར་གྲགས༑ རྨེའུ་རུ་ཡུལ་ལྷ་ཐར་ལགས་ནས་ཁོང་གི་སྐོར་དཔྱད་བརྗོད་ཅིག་བྲིས་འདུག་པ་ལྟར་ན། འཁྲུངས་ཡུལ་ནི་དེང་དུས་ནང་སོག་ནས་ཡིན་ཅིང་ཆིང་ལུང་གོང་མའི་སྐབས་སུ་སྐད་ཡིག་ལོ་ཙཱའི་ཕྱག་ལས་གནང་མྱོང་བ་དང་། རྒྱ་བོད་སོག་གསུམ་དང་མན་འཇུ་དང་བཅས་པའི་སྐད་རིགས་སྣ་བཞི་སྨྲ་བའི་མཁས་པ་ཆེན་མོ་ཞིག་ཡིན་འདུག གང་ལྟར། «ཐུའུ་ཀྭན་གྲུབ་མཐའ་»སྤྱི་ལོ་1801ལོར་བརྩམས་པ་ཡིན་འདུག་པས་དེ་ལས་ལོ་དྲུག་ཅུ་ལྷག་ཙམ་«རྒྱ་ནག་ཆོས་འབྱུང་»སྔ་བར་འདུག་གོ། དེ་ལྟར་ན་ཡང་གུང་མགོན་པོ་སྐྱབས་ཆིང་ལུང་གོང་མའི་སྐབས་ཀྱི་ལོ་ཙཱ་བ་ཆེན་མོ་ཞིག་ཡིན་པས། ལྕང་སྐྱ་དང་འབྲེལ་བ་ངེས་ཅན་ཡོད་པ་གདོན་མི་ཟ་བ་ལགས་ན་ལྟ་བ་འདིའི་ཁུངས་སྔར་བཞིན་ལྕང་སྐྱ་རོལ་བའི་རྡོ་རྗེ་ལ་བྱས་ན་མི་འགྲིག་པ་མེད༑

་་་་་་་་་་་་་་་་ལྟ་བ་འདི་ཆབ་སྲིད་ཀྱི་དགོས་དབང་ཞིག་གིས་བྱུང་ཡོད་པ་ལས་ལོ་རྒྱུས་དངོས་དང་དེ་ཙམ་འབྲེལ་བ་མེད་པ་ཇི་བཞིན་བོན་ཕྱོགས་ནས་ཀྱང་ལྟ་བ་འདི་དང་ལེན་བྱེད་ཀྱི་མེད་ཏེ། བོན་གྱི་བསྟན་འབྱུང་«ལེགས་བཤད་མཛོད་»དུ་“གཞན་སྡེ་ཁ་ཅིག་གིས། ཤེའུ། དོའུ། ཇིང་དང་གསུམ་ལས། ཤེའུ་ཞེས་པའི་གཞུང་དེ་ཐོག་མར་སྟོན་པ་པོ་ནི། ཁུང་ཙིའམ་ཕུའུ་ཙི་ཞེས་གྲགས་པ་སྟེ། བོད་རྣམས་ཀྱིས་སྐད་ཟུར་ཆགས་ཏེ་ཀོང་ཙེ་ཞེས་འབོད་པ་དེའོ།། འདི་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ལོ་མི་ལང་ཙམ་ན་ཤན་ཇུང་གི་ཡུལ་དུ་བྱུང་། ཞེས་བཤད་པ་འདི་སྟོན་པ་གཤེན་རབ་མི་བོའི་བསྟན་པ་བཞག་པའི་སྦྱིན་བདག་རྒྱའི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་དུ་ངོས་བཟུང་བ་ནི་མི་འཐད་དེ། ཀོང་ཙེ་ཉིད་སྟོན་པའི་བསྟན་པ་བཞག་པའི་ཡུལ་ཡིན་པར་ལུང་གིས་གྲུབ་པ་གཞིར་བཅས། གཤེན་རབ་འདས་འོག་ཏུ་ཐུབ་པ་བྱོན་པ་རང་གཞན་གཉིས་ཀའི་འདོད་པ་མཐུན་ན་ཐུབ་པ་བྱོན་ནས་ལོ་མི་ལང་ཙམ་ན་ཀོང་ཙེ་བྱུང་བར་འདོད་པ་སྨྱོན་པའི་བླ་རྡོལ་ལོ།། དེས་ན་ཀོང་ཙེ་འཕྲུལ་རྒྱལ་ནི་སྟོན་པའི་བསྟན་འཛིན་གྱི་རྒྱལ་པོ་དྲུག་གི་ནང་ཚན་གྱི་རྒྱ་ནག་གི་རྒྱལ་པོ་ཡིན་ལ། དེའང་ཡབ་རྒྱལ་པོ་ཀ་དྷ་ལ་དང་ཡུམ་མུ་ཏྲི་གཉིས་ཀྱི་སྲས་སུ་འཁྲུངས་”(40)ཞེས་དགག་བཞག་བྱས་ཡོད་པ་མ་ཟད། སྟོན་པ་གཤེན་རབ་རྒྱ་ནག་གི་ལའོ་ཙི་ཡིན་པར་བཤད་པ་དེ་ཡང་མི་འཐད་པའི་ཐལ་བ་འཕངས་ཡོད་(41)པ་དང་ཕྱིས་སུ་ནམ་མཁའི་ནོར་བུ་སོགས་ཀྱིས་དེ་བཞིན་དགག་སྒྲུབ་མཛད་འདུག འོན་ཀྱང་། ཐུའུ་ཀྭན་ཆོས་ཀྱི་ཉི་མས་“གང་འཚམས་ཐབས་འཕྲུལ་ཤེས་པ་དེ་རྣམས་ཀྱིས། །དག་བྱེད་གཞུང་ལུགས་རྣམ་གྲང་མང་སྦྱར་བས། །རྨོངས་པའི་དྲི་མ་བཀྲུས་ཏེ་གདུལ་བྱའི་རྒྱུད། །དམ་ཆོས་བདུད་རྩིའི་སྣོད་དུ་རུང་བར་བྱས། །”ཞེས་དང་། “ཙི་ནའི་ཡུལ་དུ་རིག་བྱེད་དང་། །བོན་གྱི་བྱུང་བ་བརྗོད་འདི་ནི། །ཇི་བཞིན་ངེས་པ་རྙེད་མིན་པར། །རབ་རིབ་ཕྱོགས་མཐོང་ཚུལ་ཙམ་གླེངས། །”(42)ཞེས་པ་སོགས། མཇུག་ཏུ་ཚིག་བཅད་ཁ་ཤས་སྡེབ་འདུག་པ་དག་གིས་དུས་དང་འཚམས་པར་བྱས་པ་ཙམ་ལས་ལོ་རྒྱུས་དོན་དང་མཐུན་པ་ཡིན་ཅེས་གསུང་མེད༑

་་་་་་་་་་་་ངོ་མཚར་བ་ཞིག་ལ་སྐུ་ཞབས་ཁར་རྨེའུ་བསམ་གཏན་ལགས་ནས་ལྕང་སྐྱ་རོལ་བའི་རྡོ་རྗེས་ཆིང་ལུང་གོང་མས་ཆུ་ཆེན་དུ་དམག་འདྲེན་པ་འགོག་ཐབས་དང་བོན་ལ་སྲུང་སྐྱོབས་གང་ནུས་བྱས་པ་སོགས་གླེང་ཡོད་ན་ཡང་། ཀོང་ཙེ་དང་ཁུང་ཙེ་གཉིས་མི་སྣ་གཅིག་ཡིན་པའི་ལྟ་བ་འདི་ཁས་ལེན་བྱས་ཡོད༑ དཔེར་ན། ཁོང་གིས་«ཕྱྭ་ཀེང་ཙེ་ལན་མེད་དང་ཁུང་ཙེའི་དབར་གྱི་བགྲོ་གླེང་ལ་དཔྱད་པ་»ཞེས་པའི་དཔྱད་རྩོམ་ཞིག་བྲིས་གནང་འདུག(43) དཔྱད་རྩོམ་དེར་བོན་གྱི་ཡིག་ཆ་«མདོ་གཟེར་མིག»ལས་རྒྱ་ཀོང་ཙེ་འཕྲུལ་རྒྱལ་དང་ཕྱྭ་ཀེང་ཙེ་ལན་མེད་དབར་བྱུང་བའི་བགྲོ་གླེང་ལ་དཔྱད་ཞིབ་བྱས་ཤིང་། ཀོང་ཙེ་འཕྲུལ་རྒྱལ་ནི་རྒྱ་ནག་གི་ཁུང་ཙེ་ཡིན་པ་གཞིར་བཞག་བྱས་ནས། དཔྱད་རྩོམ་གྱི་ཁ་བྱང་ལའང་ཕྱྭ་ཀེང་ཙེ་ལན་མེད་དང་ཁུང་ཙེའི་དབར་གྱི་བགྲོ་གླེང་ཞེས་བཏགས་འདུག  ཁོང་གི་དཔྱད་རྩོམ་དེར་«མདོ་གཟེར་མིག་»ལས་བྱུང་བའི་གཏམ་རྒྱུད་ཆ་ཚང་དྲངས་ཏེ། གཏམ་རྒྱུད་དེ་ནི་ཏུན་ཧོང་གཏེར་ཡིག་PT:3883དང་PT:992གཉིས་ཀྱི་ནང་དུ་བྱུང་ཡོད་པར་བཤད༑ ཡིག་ཆ་འདི་གཉིས་གནས་སའི་བྲག་ཕུག་ནི་སྤྱི་ལོ་1035ལོར་སྒོ་རྒྱ་བཏབ་ཅིང་དུས་རབས་ཉི་ཤུ་བའི་ནང་གཞི་ནས་སྒོ་ཕྱེས་པར་གྲགས་ལ། “སའོ་མེ་ཡི་(1954)ཡིས་བོད་དུ་ཏུན་ཧོང་ནས་རྙེད་པའི་དཔེ་ཆ་དེ་གཅིག་པུ་མ་ཡིན་པར་ད་དུང་དཔེ་རྒྱུན་གཞན་པ་ཞིག་ཡོད་པ་ནི་དུས་རབས་བཅུ་གསུམ་མམ་ཡང་ན་དེ་ལས་འཕྱི་ཙམ་གྱི་དུས་སུ་བྱུང་བའི་སོག་སྐད་ཐོག་འཁོད་པའི་གཏམ་རྒྱུད་དེའི་དཔེ་ཆ་ཞིག་ཡོད་པར་”(44)བཤད་ཡོད་འདུག འོན་ཀྱང་། «གཟེར་མིག་»ནི་དུས་རབས་བཅུ་གཅིག་ནང་བྱུང་བས་སའོ་མེ་ཡི་ཡིས་གོང་གི་རྒྱ་ཡིག་ཏུ་འཁོད་པའི་གཏམ་རྒྱུད་དེའི་མ་དཔེ་ནི་བོད་ཡིག་རང་གི་དཔེ་ཆ་དེ་ཡིན་པ་ར་སྤྲོད་ཐུབ་ཚུལ་བཤད་འདུག་ལ། མཁར་རྨེའུ་ལགས་ཀྱང་ཏུན་ཧོང་ཡིག་རྙིང་དང་རྒྱ་ཡིག་ཏུ་འཁོད་པའི་ཕྱྭ་ཀེང་ཙེའི་བགྲོ་གླེང་བྱེད་ས་དེ་ཁུང་ཙེ་ཞེས་མིང་བཀོལ་བ་ཙམ་ལས་དོན་དུ་ཁུང་ཙེ་ཡིན་པའི་སྒྲུབ་བྱེད་ཅི་ཡང་བཏོན་མེད༑

་་་་་་་་་་་་དེ་ལྟར་ན་ཡང་མཁར་རྨེའུ་བསམ་གཏན་ལགས་ནས་«གཟིར་མིག་»ནང་དུ་བྱུང་བའི་ཕྱྭ་ཀེང་ཙེ་དང་ཀོང་ཙེ་འཕྲུལ་རྒྱལ་དབར་གྱི་གཏམ་རྒྱུད་དེ་ཏུན་ཧོང་གཏེར་ཡིག་ལས་དྲངས་པར་འདོད་ཀྱི་ཡོད་པ་འདྲ༑ ཁོང་གིས་བོན་གྱི་བཀའ་དང་བཀའ་བརྟེན་སྐོར་དཔྱད་གླེང་བྱེད་སྐབས་“གཏེར་མ་ཞེས་པ་ནི་དོན་དངོས་ཐོག་སྔོན་གྱི་དཔེ་ཆ་རྙིང་པ་ཞིག་རྙེད་པ་གང་ཞིག་གི་གཞི་སྟེང་དུ་བྲིས་སམ་དེ་དག་རྒྱས་པར་སྤྲོས་པ་ལས་བྱུང་བ་ཞིག་ཡིན་སྙམ། དེའི་ཐད་བོན་གྱི་དཔེ་ཆ་«གཟིར་མིག་»ཅེས་པ་དེ་དཔེ་མཚོན་ཡག་པོ་ཞིག་ཡིན་སྟེ། གཏེར་སྟོན་དྲང་རྗེ་བཙུན་པ་གསེར་མིག་གིས་ཏུན་ཧོང་གི་ལོ་རྒྱུས་དཔེ་ཆའི་ནང་དོན་ཁག་གཅིག་«གཟེར་མིག་»ནང་དྲངས་གནང་ཡོད་པ་ལྟར་རོ་”(45)ཞེས་བཤད་འདུག གཏམ་རྒྱུད་འདི་«གཟེར་མིག་»ཙམ་མ་ཡིན་པར་སྤྱི་ལོ་961ལོར་གཏེར་ནས་ཐོན་པའི་«མདོ་འདུས་»ལས་ཀྱང་འབྱུང་གི་ཡོད༑ དེས་ན་ང་ཚོས་ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་རྒྱ་ནག་པ་ཞིག་ཡིན་པ་གཏན་ཁེར་ཡང་ད་ལྟའི་བར་དུ་ཞྭ་རྒྱལ་རབས་འཛུག་མཁན་ཀོང་ཏཱ་ཡུད་ཅེས་པ་དང་། རུའུ་ལུགས་སྲོལ་འབྱེད་པ་ཁུང་ཙེ། ཐང་རྒྱལ་རབས་སྐབས་ཀྱི་ཐང་ཐའེ་ཙུང་སོགས་རྒྱ་ནག་གི་མི་སྣ་གྲགས་ཅན་མང་པོ་ཞིག་ལ་མཛུབ་མོ་བཙུག་སྟེ་ངོས་འཛིན་སྣ་ཚོགས་བྱས་ཀྱང་ཁུངས་ཕེར་བའི་ཡིག་ཆ་དང་རིག་པ་ཅི་ཡང་རྙེད་མེད༑ འོན་ཀྱང་། མཁར་རྨེའུ་ལགས་ནས་དཔྱད་གླེང་བྱས་པའི་གོང་གི་རྒྱ་བོད་ཡིག་ཚང་གཉིས་ཀར་གསལ་བའི་གཏམ་རྒྱུད་དེ་གཉིས་དང་འབྲེལ་ཏེ་མུ་མཐུད་ཡིག་ཚང་གཞན་པ་བཙལ་འཚོལ་བགྱིས་ན། རྒྱ་ཀོང་ཙེ་འཕྲུལ་རྒྱལ་ངོ་མ་དེ་རྙེད་ཐུབ་པའི་རེ་བ་ཆེའོ་སྙམ༑

/

གསལ་བཤད། དཔྱད་རྩོམ་འདི་[རྒྱ་ཀོང་ཙེ་འཕྲུལ་རྒྱལ་ལས་འཕྲོས་ཏེ་«གཤེན་རབ་རྣམ་པར་རྒྱལ་བའི་གཟུངས་ཆེན་»གྱི་ནང་དོན་དང་ཞང་སྐད་སོགས་ཀྱི་སྐོར་དཔྱད་གླེང་།]ཞེས་པའི་དོན་ཚན་དང་པོ་ཁོལ་ཕྱུང་བ་ཡིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *