ཀོང་ཙེ་ཡི་རྗེས་ཤུལ་ལས་ག་ཅུའི་མཆོད་རྟེན་རིང་མོའི་སྐོར་ལ་ཟུར་ཙམ་ལྟ་བ།

རྩོམ་ཡིག་འདི་ཐེངས། 76638 བཀླགས་འདུག

1

སྔོན་གླེང་།

 

་་་་་་་་་་་་འདས་པའི་ལོ་ཁ་ཤས་ཀྱི་སྔོན་ནས་ཀོང་ཙེ་ཡི་རྗེས་ཤུལ་ལ་ཟུར་ཙམ་རེ་བལྟ་ཁུལ་བྱས་པ་ཡིན། ད་ལོའི་རྒྱ་ཟླ་བཅུ་བའི་ཚེས་གཉིས་ཉིན་དངོས་སུ་ག་ཅུའི་མཁར་ཤུལ་དང་མཆོད་རྟེན་རིང་མོ་སོགས་དངོས་འཚོལ་ཐོག་མཇལ་བ་ཡིན། མཆོད་རྟེན་རིང་མོ་ནི་ལེན་ཧྭའ་གྲོང་ཁྱེར་གྱི་ཉེ་འགྲམ་ན་དབུ་འཕང་གནམ་ཏུ་ཟུག་ཅིང་རབ་ཏུ་རྔམ་བརྗིད་དང་ལྡན་པའི་སྒོ་ནས་འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གསོན་པོ་ཞིག་ངོམ་ཞིང་གང་ལ་འཁྲེང་སེམས་དང་བཅས་པའི་ཁེར་རྐྱང་གི་ངང་དུ་གྲོང་ངེར་འགྲེང་བཞིན་འདུག

དངོས་གླེང་།

་་་་་་་་་་་་་་་དངོས་བརྗོད་རིང་ལུགས་ཀྱི་ལྟ་བའི་ཐོག་ནས་བཤད་ན་མདོ་སྨད་དང་ཡང་སྒོས་སུ་ག་ཅུ་ཡི་གཞོང་བ་འདི་ལ་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཧ་ཅང་གི་ལོ་རབས་སྔ་མོ་ནས་དར་ཡོད་ལ་ཡོད་པའི་བདེན་རྟགས་ཀྱང་འདྲ་མིན་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ལོ་རྒྱུས་ཀྱིས་གསལ་བཤད་བྱེད་བཞིན་འདུག གཞོང་བ་འདི་ལ་ཤེས་རིག་གི་འོད་སྣང་ཐོག་མར་སྒྲོན་མཁན་དེ་ཀོང་ཙེ་འཕྲུལ་རྒྱལ་དང་ཁོང་གི་ཚ་བོ་འཕྲུལ་བུ་ཆུང་སོགས་ཡིན་པར་སྙམ། ཅིའི་ཕྱིར་ན། མཆོད་རྟེན་རིང་མོ་དང་། ཀོང་ཙེས་བཞེངས་པའི་འཇམ་དབྱངས་ལྷ་ཁང་། ཀོང་ཙེས་བཞེངས་པའི་བྱམས་པ་འབུམ་གླིང་གི་བྱམས་སྐུ་སོགས་ཀྱིས་མཚོན་ཐུབ། དུས་རབས་ཤིག་གི་བར་སྐབས་སུ་ཐུབ་བསྟན་རིག་གནས་ཡང་དར་བར་བྱས་སོ།།

 

་་་་་་་་་་་་་་་ག་ཅུ་ཞེས་པའི་མིང་བརྡ་འབྲི་སྟངས་ཀྱི་ཐད་ལ་ཡང་མང་པོ་ཞིག་ཡོད། ཀྭ་ཅུ ( བོད་ཡིག་བརྡ་རྙིང་ཚིག་མཛོད ) དང་། ག་ཆུ ( འདུལ་བ་ཀུན་འདུས་ཀྱི་འགྲེལ་བ་འཕྲུལ་གྱི་སྒྲོལ་མེ ) ། ག་ཅུ ( མདོ་དྲི་མེད་གཟི་བརྗིད ) །  ག་ཅུ( ཏུན་ཧོང་གཏེར་ཡིག )། ཀ་ཇུ ( མདོ་སྨད་ཆོས་འབྱུང ) སོགས་གཞུང་མང་པོ་ཞིག་ཡོད་ལ་མིང་གི་གོ་དོན་གྱི་ཆ་ནས་ས་གནས་ཀྱི་མིང་ཡིན་ལ་འདོད་རྒྱལ་དང་རྗེས་གྲུབ་གཉིས་ལས་འདོད་རྒྱལ་ལས་མ་འདས་པར་སྙམ།

་་་་་་་་་་་་་་སྤྱིར་མཆོད་རྟེན་ལ་བཟོ་དབྱིབས་འདྲ་མིན་ཡོད་པ་དང་། བན་དང་བོན་གང་ཡིན་ཡང་མཆོད་རྟེན་གྱི་བཟོ་དབྱིབས་ལ་གཅིག་གྱུར་གྱི་འདི་ཞེས་པའི་ངེས་གཏད་མེད། བོན་ལུགས་ནས་ཀྱང་ཀློང་ལས་ཅི་ཡང་སྤྲུལ་བའི་མཆོད་རྟེན་བརྒྱ་དང་ཉི་ཤུའི་བཟོ་དབྱིབས་ཀྱང་མི་འདྲ་བར་གནས་ཡོད། ག་ཅུའི་མཆོད་རྟེན་རིང་མོ་འདི་ཡི་བཟོ་དབྱིབས་ནི་ཟུར་བཞི་གླིང་བརྒྱད་དུ་གྲུབ་ཅིང་རྩ་བ་སྤར་ཁ་བརྒྱད་ཀྱི་ཕྱག་བརྒྱས་བསྐོར་ཡོད། ཕྱོགས་གཅིག་ནས་བལྟས་ན་བཀྲ་ཤིས་སྒོ་མང་མཆོད་རྟེན་དང་བཟོ་དབྱིབས་ཅུང་མཚུངས་ལ་ཕྱོགས་གཅིག་ནས་བལྟས་ན་ཤར་རྒྱལ་མོ་རོང་གི་ཟུར་དྲུག་ཟུར་བརྒྱད་ཅན་གྱི་གསས་མཁར་རིང་མོ་ཞིག་གི་རྣམ་པ་དང་ཡོངས་སུ་འདྲ་བར་མངོན་ཡོད།0

་་་་་་་་་་་་་་ག་ཅུའི་མཆོད་རྟེན་རིང་མོ་འདི་ཡི་བཟོ་སྐྲུན་པ་ཐོག་མ་དེ་སུ་ཡིན་ཞེ་ན་མདོ་སྨད་ཆོས་འབྱུང་ལས།  མཁར་གྱི་ཕྱི་རོལ་ཏུ་ཐཱ་རི་ཟི་སྟེ་མཆོད་རྟེན་རིང་མོ་ནི།  གནའ་གཏམ་ངག་རྒྱུན་དུ། ཀོང་ཙེ་འཕྲུལ་རྒྱལ་གྱི་བུས་ནུབ་གཅིག་ལ་བཞེངས་ཟེར། རྒྱུ་སོ་ཕག་ལྟ་བུ་ལ་ཁང་བུ་བརྩེགས་པའི་བཟོ་དབྱིབས་ངོ་མཚར་བ་སྣང1 ཞེས་བཀོད་ཡོད། ཡང་སྙིང་ཀོང་ཙེ་ཡི་བུ་ཞེས་པ་དེ་གང་ལ་ངོས་འཛིན། བཀའ་ཆེམས་ཀ་ཁོལ་མ་ལས། ཤར་ཕྱོགས་རྒྱ་ནག་གི་ཡུལ་གྲོང་འཁྱེར་ཀེ་ཤི་ཁྲི་སྒོ་བྱ་བ་ན། རྒྱལ་པོ་ཀོང་རྩེ(ཙེ) འཕྲུལ་ཆུང་བྱ་བ་ལ་ལྷ་ཅིག་ཨོང་ཅོང་བྱ་བ 2 ཞེས་དང་། ཚིག་དེ་རྒྱས་པར་བཀྲལ་བ་མདོ་སྨད་ཆོས་འབྱུང་ལས། དཔྱོད་ལྡན་འགའ་ཞིག་གིས་མ་ཎི་བཀའ་འབུམ་དུ། རྒྱ་ནག་ཀེ་ཤིང་ཁྲི་སྒོ་ནས་རྒྱ་རྗེ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་སྲས་ཀོང་ཙེ་འཕྲུལ་ཆུང་བྱ་བའི་སྲས་མོ་ལྷ་ཅིག་ཀོང་ཇོ 3 ཞེས་བཀོད་ཡོད། འདི་དག་ལ་གཞིག་ན་འཕྲུལ་བུ་ཆུང་ནི་ཀོང་ཙེ་ཡི་སྲས་ལ་ངོས་བཟུང་བ་དང་མཆོད་རྟེན་རིང་མོ་ཡི་བཟོ་སྐྲུན་པ་ཐོག་མ་དེ་ཡང་དོན་ལ་འཕྲུལ་བུ་ཆུང་ཡིན་པར་བརྗོད་འདུག

་་་་་་་་་་་་་གཞུང་འདིའི་ནང་གི་ནོར་དོགས་དེ་གང་རེད་ཅེ་ན་འཕྲུལ་བུ་ཆུང་ནི་ཀོང་ཙེ་ཡི་སྲས་མ་ཡིན་ལ་ཀོང་ཙེ་ཡི་ཚ་བོ་དང་སྟོན་པ་གཤེན་རབ་ཀྱི་སྐུ་སྲས་ཡིན་པ་དཔྱོད་ལྡན་འགའ་ཞིག་གིས་མཁྱེན་རྟོགས་བྱུང་མེད། བོན་གྱི་གཞུང་ལུགས་མདོ་གཟེར་མིག་དང་མདོ་དྲི་མེད་གཟི་བརྗིད་ན་འདིའི་སྐོར་ཅུང་གསལ་བར་ཡོད། སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རྒྱས་པ་མདོ་དྲི་མེད་གཟི་བརྗིད་ལས། ཁྲུས་བདག་སྤང་ལ་གནམ་གཤེན་ཁྱོད། འདི་ནས་འཛམ་གླིང་ཤར་ཕྱོགས་ཀྱི། ག་ཅུ་རྒྱ་ཡི་རྒྱལ་ས་རུ། ཅི་ཙེ་འཕྲུལ་གྱི་རྒྱལ་པོར་འཁྲུངས། བདུད་རྒྱལ་འཁོར་བས་བསྒྱུར་བ་ཡི། མི་མཐུན་ལོག་པའི་རྩིས་སྦྱོར་ལ། གཙུག་ལག་འཕྲུལ་གྱི་གབ་ཙེར་བསྒྱུར། བསྟན་པའི་མཐའ་ཡུན་བརྟན་པར་གྱིས། དེ་ནས་འོག་མིན་གནས་སུ་གྲུབ 4 ཅེས་གསུངས་ཡོད་ལ། འདིའི་ནང་གི་ཅི་ཙེ་འཕྲུལ་གྱི་རྒྱལ་པོ་དེས་ག་ཅུའི་གཞོང་བ་རུ་གབ་ཙེའམ་རྩིས་ཀྱི་བསྟན་པ་ཁྱབ་བདལ་དུ་བཏང་བ་ངེས་ལ་ཅི་ཙེ་འཕྲུལ་གྱི་རྒྱལ་པོ་དེ་ཡང་སྙིང་ཀོང་ཙེ་འཕྲུལ་རྒྱལ་དང་ཀོང་ཚ་འཕྲུལ་བུ་ཆུང་སོགས་གང་ཡིན་པ་ཐག་གཅོད་དཀའ་བར་སྙམ།

་་་་་་་་་་་་་་་་དངོས་ཡོད་ཀྱི་དཔེ་གཞུང་འདི་དག་ལས་ང་ཚོས་ཟུར་ཙམ་གོ་ཐུབ་པ་ནི་ག་ཅུའི་གཞོང་བ་འདི་ལ་བོད་ཀྱི་ཤེས་རིག་སྔ་མོ་ནས་དར་ཡོད་པ་དང་། ཀོང་ཙེ་ཁུ་ཚ་དག་གི་རྗེས་ཤུལ་ད་རུང་མ་ཡལ་བར་གནས་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་ཐུབ་ལ་ནམ་ཞིག་གི་ལོ་ལ་བཞེངས་པ་ཡིན་ནམ་ཞེ་ན། འདི་ཡི་ལོ་ཞེས་པའི་གསལ་ཁ་མ་ངེས་ན་ཡང་ཀོང་ཙེ་དང་ཁོང་གི་ཚ་བུ་འཕྲུལ་བུ་ཆུང་གཉིས་སྐྱེས་པའི་ལོ་ཚིགས་ནི། བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་ལས། སྤྱི་ལོའི་སྔོན་གྱི་ལོ ( ༡༣༦༡༦ ) དང ( ༡༣༥༥༦ )སྟོན་པ་གཤེན་རབ་གཤེན་ལོ་ཉེར་ལྔའི་སྐབས་སུ་རྒྱ་རྗེ་ཀོང་ཙེ་འཕྲུལ་རྒྱལ་གྱིས་གསས་ཁང་དཀར་ནག་བཀྲ་གསལ་འབར་གྱི་མགོན་དུ་རྣམ་པར་རྒྱལ་བའི་སྐུ་བཞེངས་བདུད་སྲིན་གཡུལ་ངོ་བཟློག་ནས་རབ་གནས་མཛད 5 ཅེས་དང་། ཡང་དེ་ཉིད་ལས། སྤྱི་ལོ་སྔོན་གྱི་ལོ ( ༡༣༡༡༦ ) དང ( ༡༣༠༧༦  ) སྟོན་པ་གཤེན་རབ་གཤེན་ལོ་སུམ་ཅུ་པའི་སྐབས་སུ་རྒྱ་བཟའ་འཕྲུལ་སྒྱུར་ལ་རྒྱལ་སྲས་ཀོང་ཚ་འཕྲུལ་བུ་འཁྲུངས་པ་དེ་ལ་གཙུག་ལག་རྩིས་རྒྱུད་བསྟན་པ་གཉེར་གཏད་མཛད 6 ཅེས་བཀོད་པ་ལ་གཞིག་ན་ཀོང་ཙེ་ཁུ་ཚ་གཉིས་ཀ་ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ  ( ༡༣༠༧༦  )ཡན་གྱི་བོད་མི་ཞིག་ཡིན་པ་ངེས་ཐུབ་ལ་སྐུ་ཚེ་སྨད་ཀྱི་ཆ་ལ་མདོ་སྨད་དུ་ཕེབས་ནས་བསྟན་པ་སྤེལ་བ་ལོས་ཡིན་སྙམ་པའི་སྣང་ཚུལ་བྱུང་།0

་་་་་་་་་་་་་་ཀོང་ཙེ་ཁུ་ཚ་སོགས་མདོ་སྨད་དུ་ཕེབས་ནས་ཞང་བོད་ཤེས་རིག་དར་སྤེལ་བཏང་བའི་ལོ་རྒྱུས་ནི་བོན་གྱི་རིག་གཞུང་ན་མང་པོ་མི་གསལ་ལ་མཁར་ནག་ཆོས་འབྱུང་སོགས་ན་ཅུང་གསལ་བའི་ཁུངས་དེ་གང་ན་ཡོད་པ་དང་སུ་ཡིས་བྲིས་པ། ཇི་ལྟར་འཇིག་པ་སོགས་ལ་ངེས་པར་དུ་དཔྱད་དགོས་པ་ཞིག་རེད། མདོ་སྨད་ཆོས་འབྱུང་ལས། འཕགས་པའི་གྲྭ་ཆེན་བཞིས་མདོ་སྨད་ལྷོ་རྒྱུད་ཀྱི་བོན་བསྒྱུར་ཏེ་སོ་སོས་གནས་གཞི་བརྩིགས  7 ཤེས་དང་། བྱ་ཁྱུང་གདན་རབས་ལས། ས་སྐྱའི་འགྲོ་མགོན་འཕགས་པ་སློབ་མ་གྲྭ་ཆེན་བཞི་ཡོད་པའི་གཅིག་ལ་ཏཱ་དབོན་དྲུང་རིན་ཆེན་གྲགས་ཟེར། འདིས་འཕགས་བོད་དུ་བྱོན་པའི་སྐུ་ཚབ་མཛད། ཧོར་རྒྱལ་པོས་འཕགས་པ་དང་མཚུངས་པར་བཀུར། ཤིང་ཀུན་དཔལ་གྱི་སྡེ་ཆེན་སོགས་གདན་ས་གསུམ་གྲགས་པའི་སྡེ་ཆེན་བཙུགས། དེའི་དབོན་པོ་དྲུང་མཛེས་པའི་ཏོག་གམ་དཀོན་མཆོག་རིན་ཆེན་ཏེ་ཁུ་དབོན་གཉིས་ཀའང་འགྲོ་མགོན་འཕགས་པའི་དངོས་སློབ་ཡིན། རྨ་ཆེན་གངས་ལ་ཐུག་པའི་བར་གྱི་མདོ་སྨད་ཀྱི་བོན་མཐའ་དག་བནྡེར་བསྒྱུར་བ་སོགས་ཕྱག་རྗེས་ཆེ 8 ཞེས་གསུངས་པ་དག་ལ་གཞིན་ན་མདོ་སྨད་དུ་བོན་བསྟན་དར་བའི་བྱུང་རབས་ཀྱི་ལོ་རྒྱུས་རྣམས་འཕགས་པའི་གྲྭ་ཆེན་བཞི་ཡི་དུས་སྐབས་སུ་འཇིག་གནས་ཐིམ་གསུམ་བྱས་པ་ཤེས་ཐུབ།

་་་་་་་་་་་་་་་ད་སྐབས་ཀྱི་དུས་འདི་ལ་ག་ཅུའི་མཆོད་རྟེན་རིང་མོ་ནི་རྒྱའི་ཏོ་ལུགས་པས་བཟུང་ཡོད་ལ་ཏོ་ལུགས་པས་ནམ་ཞིག་བཟུང་བའི་ལོ་ཚིགས་བོད་ཀྱི་ཡིག་ཚང་ན་གསལ་བོ་མེད་ན་ཡང་མདོ་སྨད་ཆོས་འབྱུང་ལས། ཕྱིས་སུ་བར་དུ་བྱ་ཚང་ཆུད་པའི་སེར་ཁ་བྱུང་བར། ཉིན་གཅིག་ཏོའུ་ཞིན་ཞིག་འོང་། ལྷ་ཁང་འཁྱམས་ནས་བསྡད། དེ་ནུབ་རླུང་དམར་དྲག་པོ་ནམ་ལང་བར་དུ་གཡོ་བ་བྱུང་བའི་ཕྱི་ཉིན་གས་སྲུབ་མི་མངོན་པར་བྱ་ཚང་ཐང་ལ་བྲུལ། རྩེ་མོ་ན་རྩེ་གསུམ་འགའ་རེ་ཡོད་པའི་གཅིག་དང་ཧ་ཤང་ཡང་མི་སྣང་།  9 ཞེས་གསུངས་ཤིང་ཧ་ཤང་སྐབས་འཕྲད་དེ་མ་སྣང་ཡང་མཆོད་རྟེན་རིང་མོ་བཟུང་བའི་མགོ་བརྩམས་འདུག རྒྱའི་ཏོ་ལུགས་པ་བང་ཙོང་ཉན་གྱིས་བསྒྲིགས་པའི་ཀན་སུའུ་ལེན་ཞ་བན་ཧྲོའི་ཀོན་ཞེས་པའི་ནང་དུ་ཅུང་སྔ་མོའི་དུས་སུ་ཏོ་ལུགས་བྱུང་བར་མངོན། གང་ལྟར་ག་ཅུའི་མཆོད་རྟེན་རིང་མོ་ནི་ཀོང་ཙེ་ཁུ་ཚ་དག་གིས་བཞེངས་ཤིང་ཕྱིས་སུ་རིམ་གྱིས་རིམ་གྱིས་ཏོ་ལུགས་སོགས་ཀྱིས་བཟུང་ནས་མཆོད་རྟེན་རིང་མོ་འདི་མ་འཇིག་པར་ད་ལྟའི་བར་དུ་གནས་ཐུབ་པ་བྱུང་།1

མཇུག་གཏམ།

་་་་་་་་་་་་་་་ག་ཅུའི་ཕྱོགས་ནི་རྒྱའི་ཡུལ་ཁོ་ན་མ་ཡིན་པར་བོད་དང་བོད་ཀྱི་ཤེས་རིག་གི་རྫོང་འཐུག་པོ་འདྲ་ཡོད་པའི་ས་གནས་ཞིག་ཏུ་འཁུམས། ཅིའི་ཕྱིར་ན། ཆེས་གདོད་མའི་དུས་སྐབས་སུ་དར་བའི་འབུམ་གླིང་བྱམས་སྐུ་དང་མཆོད་རྟེན་དཀར་པོ། མཆོད་རྟེན་རིང་མོ་སོགས་ཡོད་པས་ཡིན། ད་རུང་མུ་མཐུད་དུ་ག་ཅུའི་ཕྱོགས་འདི་ལ་བོད་པ་ཚོས་ཤེས་རིག་ཞིབ་འཇུག་གི་ཁ་ཕྱོགས་ཆེ་བར་བཏང་ནས་ཞིབ་འཇུག་བྱ་རྒྱུ་ནི་བོད་ཀྱི་དགོས་ངེས་ཤིག་ཏུ་འདོད་དོ།།

༡༽  བྲག་སྒོམ་པའི་མདོ་སྨད་ཆོས་འབྱུང་གི་ཤོག་གྲངས  ༥༨༤  ན་གསལ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

༢༽  བཀའ་ཆེམས་ཀ་ཁོལ་མའི་ཤོག་གྲངས ༡༢༧ ན་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

༣༽  མདོ་སྨད་ཆོས་འབྱུང་གི་ཤོག་གྲངས ༢༢༨ ན་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

༤༽  དྲི་མེད་གཟི་བརྗིད། པོད་བཅུ་གཉིས་པའི་ཤོག་གྲངས ༥༠༩ ན་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན།

༥༽  བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་གི་ཤོག་གྲངས ༤༤༣ ན་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན།

༦༽  བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་གི་ཤོག་གྲངས ༤༤༤ ན་གསལ

༧༽  མདོ་སྨད་ཆོས་འབྱུང་གི་ཤོག་གྲངས ༢༡ ན་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

༨༽  ཚེ་ཏན་གསུང་འབུམ། གླེགས་བམ་གསུམ་པ། བྱ་ཁྱུང་གདན་རབས་ཀྱི་ཤོག་གྲངས ༥༧ ན་གསལ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

༩༽  མདོ་སྨད་ཆོས་འབྱུང་གི་ཤོག་གྲངས ༥༨༥  ན་གསལ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *