ཞང་ཞུང་བླ་མ་ལི་ཤུ་སྟག་རིང་དང་ཁོང་གི་ཞལ་གདམས།

རྩོམ་ཡིག་འདི་ཐེངས། 46542 བཀླགས་འདུག

0

(བོད་ཀྱི་རིས་མེད་ཆོས་ལུགས་ཁག་གི་ཉམས་མགུར་གྱེར་འདོན་སྐབས་ཀྱི་གཏམ་བཤད་མ་ཟིན།)

 

དང་པོ། གླེང་གཞི།

་་་་་་་་་་་་དེ་ཡང་བོན་ལུགས་ལྟར་ན་སྙན་ངག་གི་གཞུང་ལུགས་ནི་དུས་རབས་བདུན་པའི་སྟོད་ཙམ་ལ་བོད་ཡུལ་རུ་བཞིའི་ནང་ཚན་གཡས་རུའི་གཙང་གི་ས་གནས་སུ་སྐུ་མཆོག་མངོན་པར་བལྟམས་པའི་དམུ་རིགས་གཤེན་གྱི་མཁས་གྲུབ་ཆེན་མོའམ་རིག་པ་རང་སར་གྲོལ་ཞིང་སྙན་ངག་སྨྲ་བ་ལ་རང་དབང་འཐོབ་པའི་མཁས་པ་པཎྜི་ཏ་ཆེན་མོ་སྟེ། འཛམ་གླིང་མཁས་ཆེན་རྒྱན་དྲུག་གི་སློབ་མ་ཞང་བོད་རིག་འཛིན་གྲུབ་ཆེན་བརྒྱད་ཅུའི་ནང་ཚན་མཐུ་ཆེན་མི་དགུའི་གཙོ་བོ་མཁས་ཤིང་གྲུབ་པའི་འཁོར་བསྒྱུར་ཆེན་མོ་གཙང་གཤེན་སྙན་ངག་རང་གྲོལ་ཞེས་གྲགས་པའི་སྙན་པ་ས་གསུམ་ན་འབར་བའི་སྐྱེས་བུ་དེ་ཉིད་ཀྱིས་མཛད་པའི་སྙན་ཚིག་རིག་པའི་གཞུང་ལུགས་ཆེན་མོ་<<སྙན་ངག་རྒྱན་གསུམ་གསལ་པའི་མེ་ལོང་>>ཞེས་པའི་གཞུང་དེ་ཉིད་ཡིན། ཡོངས་གྲགས་སུ་སྙན་གཞུང་དེ་ལ་“སྙན་ངག་ཞང་ཞུང་མེ་ལོང་མ་”ཞེས་ཞུ། མཚན་བྱང་དངོས་ལ་<<སྙན་ངག་ཤེལ་གྱི་མེ་ལོང་>>ཞེས་ཞུ་བ་སྙན་ངག་མེ་ལོང་མ་རྒྱས་འབྲིང་བསྡུས་པ་གསུམ་ཡོད་པ་ལས་རང་རེའི་བོད་གངས་ཅན་གྱི་ཡུལ་དུ་ས་སྐྱེས་རྡོ་སྐྱེས་སུ་དར་བ་དེ་ནི་ཞང་ཞུང་མེ་ལོང་མ་ཞེས་པ་འདི་ཉིད་ཡིན་པར་གྲགས། 

་་་་་་་་་་་་་་་ཞང་ཞུང་གི་མེ་ལོང་མ་དེའི་མཛད་པ་པོ་ནི་“གཙང་གཤེན་སྙན་ངག་མཁན་པོ”འམ་“གཙང་གཤེན་སྙན་ངག་རང་གྲོལ།” “གཙང་གཤེན་དགྱེས་པའི་བློ་ལྡན” “གཙང་གཤེན་རིག་གྲོལ་ནོར་བུ།” “གཙང་གཤེན་རིག་པ་རང་གྲོལ།” “གཙང་གཤེན་དགྱེས་པའི་སྙན་ངག” “གཙང་གཤེན་སྙན་ངག་པ་”སོགས་མཚན་གྱི་རྣམ་གྲངས་མང་དུ་ཡོད་ཀྱང་ཡོངས་གྲགས་སུ་“གཙང་གཤེན་སྙན་ངག་རང་གྲོལ་”ཞེས་གྲགས་པ་ལྟར་ཡིན་ལ་ཁོང་ནི་གོང་ཞུས་ལྟར་བོན་གྱི་གྲུབ་ཆེན་རིག་འཛིན་བརྒྱད་ཅུ་དང་མཐའ་འདུལ་ཟིལ་ནོན་བོན་དགུ་ཡི་ཐོག་མའམ་གཙོ་བོ་ཡིན་པ་བོན་གྱི་ཡིག་རྙིང་<<མ་རྒྱུད་གྲུབ་ཆེན་ཕྱག་མཆོད་>>ལས་གསལ་བ་ལྟར་རོ། །

་་་་་་་་་་་་་ཁོང་གི་འཁྲུངས་ཡུལ་ཀྱང་བོད་བཙན་པོའི་སྐབས་ཀྱི་རུ་ལྔ་ལ་ལས་གཡས་རུ་གཙང་གི་ཕྱོགས་སུ་ཡིན་པ་མཁས་དབང་དཔལ་ཚུལ་གྱི་བསྟན་འབྱུང་<<གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་>>ལས། “གཙང་གཤེན་སྙན་ངག་གཡས་རུའི་གངས་ཁྲོད་བཞུགས། །བརྟུལ་ཞུགས་ཉམས་མྱོང་སྐད་རིགས་དུ་མ་སྨྲ། །ཚིག་སྙན་སྒྲ་སྦྱོར་པི་ཝང་གླིང་བུ་བསྒྱུར། །སྨྲ་བའི་དབང་ཕྱུག་རིག་འཛིན་གྲུབ་པ་བརྙེས། །”ཞེས་གསུངས་པ་ལྟར་སྔ་རབས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁ་ཡིན་པ་ཡང་མངོན་གསལ་ལྟ་བུ་རེད། ཞང་ཞུང་གི་མེ་ལོང་མ་ཞེས་པ་འདིའི་སྐོར་ལ་རྒྱས་པ་ཁོ་བོས་བྲིས་པའི་<<གནའ་བོའི་བོན་ལུགས་དང་འབྲེལ་ཏེ་བོད་ཀྱི་སྙན་ངག་རིག་པ་དང་དེའི་གཞུང་ལུགས་བྱུང་ཁུངས་ཐད་ལ་དཔྱད་པ་>>ཞེས་པའི་དཔྱད་རྩོམ་དེར་གཟིགས།

གཉིས་པ། ཞང་ཞུང་གི་བླ་མ་ལི་ཤུ་སྟག་རིང་།

་་་་་་་་་་་་་ཞང་ཞུང་གི་བླ་མ་མཁས་གྲུབ་ཆེན་མོ་རིག་འཛིན་ལི་ཤུ་སྟག་རིང་ཞེས་པ་ཁོང་ནི་བོན་གྱི་རྫོགས་ཆེན་གྱི་བླ་མ་གྲགས་ཅན་ཞིག་ཡིན་ལ་ཐོག་མར་བོན་མོ་སྟག་ཝེར་ལི་ཝེར་ཞེས་པ་དེ་ཡིན་པ་དང་། མ་ཟད། བླ་མ་ཧ་ར་ཅི་པར་གྱི་གསང་ཡུམ་ཡིན། ཕྱིས་སུ་མོ་ལུས་ཕོ་འགྱུར་གྱི་གདམ་པ་ཁྱད་པར་ཅན་ཉམས་སུ་བླངས་ནས་མོ་ལུས་ཕོ་རུ་གྱུར་ཏེ་མཚན་ལ་ཡང་རིག་འཛིན་ཆེན་མོ་སྙ་ཆེན་ལི་ཤུ་སྟག་རིང་ཞེས་དང་། གསང་ཡུམ་ལ་མཁའ་འགྲོ་ཅོ་ཟ་བོན་མོ་བཞེས་པར་གྲགས། ཁོང་ནི་ཞང་བོད་ཀྱི་ཡུལ་ན་བོན་ཆེན་མཁས་པ་ཉི་ཤུ་དང་བྱིན་རླབས་བརྒྱུད་པའི་གཤེན་དགུ་ཞེས་པའི་ནང་ཚན་དུ་གཏོགས། མཚན་གྱི་ཐོག་མར་“སྙ་”ཞེས་པ་དེ་ནི་རིགས་རུས་ཡིན་པ་དང་“ལི་ཤུ་”ཞེས་པ་ཡང་ཞང་ཞུང་གི་སྐད་དེ་“རླུང་རྒྱལ་”ལྟ་བུ་ལ་གོ། “སྟག་རིང་”ནི་འཁྲུངས་ཡུལ་ནི་ཞང་ཞུང་སྟག་སྐྱ་ར་ཞེས་པ་དེ་ཡིན་པས་རྒྱུ་མཚན་གྱིས་ཡིན་པར་སེམས། ཐོག་མར་བོན་མོ་“སྟག་ཝེར་ལི་ཝེར་”ཞེས་པ་དེ་ནི་ཞང་སྐད་ཡིན་པ་དང་བོད་སྐད་ལ་“སྟག་ཟ་རླུང་རྒྱལ་”ཞེས་སུ་གྲགས་པ་རེད།

་་་་་་་་་་་་་འཁྲུངས་འདས་ལོ་ཚིགས་ཐད་ལ་ཡང་ཉོག་འཛིངས་ཅུང་ཆེ་མོད། བོན་ལུགས་ལྟར་གྱི་བསྟན་རྩིས་ཁག་ལ་གཞིར་བཟུང་ནས་ཞུས་ན། ཕྱི་ལོ་སྔོན་གྱི་ལོ་(BC1751)ལ་རང་བྱུང་པད་སྡོང་གི་རྩེར་འཁྲུངས་ཞེས་པ་ལྟར་ན་ད་བར་སྐུ་འཁྲུངས་ནས་མི་ལོ་(3768)ཙམ་ཟིན་ཡོད། དེ་མིན་གཙོ་བོ་ཁོང་གི་སྐུ་འཁྲུངས་ཚུལ་དང་ཐོས་བསམ་གནང་ཚུལ། ཁྱད་པར་དུ་བོན་གྱི་རྫོགས་ཆེན་སྐོར་ལ་ཐུགས་བཞེས་གནད་དུ་གནང་སྟེ། རྫོགས་ཆེན་ཡང་རྩེ་ཀློང་ཆེན་དང་། དམར་བྱང་ཐུགས་ཀྱི་མེ་ལོང་དང༌། ཡང་གསང་གསལ་བའི་སྒྲོན་མ། བཅུད་འདུས་ལྡེ་མིག་སྐོར་གསུམ་སོགས་ཀྱང་མཛད་དེ་བྱས་རྗེས་བླ་མེད་བཞག་ཡོད། དཔེ་དེབ་དེ་དག་དེང་སང་མཇལ་རྒྱུ་ཡོད་པ་ལྟར་ཡིན། རྒྱས་པ་ཁོ་བོས་བྲིས་པའི་དཔྱད་རྩོམ་<<ཞང་ཞུང་གི་བླ་མ་ལི་ཤུ་སྟག་རིང་གི་སྐུ་ཚེའི་ལོ་རྒྱུས་སྐོར་ལ་དཔྱད་པ་>>ཞེས་པར་གཟིགས།

གསུམ་པ། ལི་ཤུའི་ཞལ་གདམས་དང་དེའི་ཁྱད་ཆོས།

་་་་་་་་་་་་་་སྤྱིར་ཞལ་གདམས་ལ་སྙན་ངག་ཡིན་པ་དང་མ་ཡིན་པ་གཉིས་ཡོད་པ་ལས་འདི་ནི་སྙན་ངག་ཡིན་པར་གྱུར་པའི་ཞལ་གདམས་ཡིན་པས་སྙན་ངག་གི་བྱེ་བྲག་ཏུ་གཏོགས་པ་ཞིག་རེད་ཅེས་ཞུ་ཆོག སྙན་ངག་ཡིན་པའི་ཞལ་གདམས་དེ་ལ་ཡང་ཉམས་མགུར་ཡིན་མིན་ཅི་རིགས་སུ་ཡོད་ལ་འདི་ནི་ཉམས་མགུར་ཀྱང་རེད་ཅེས་ཞུས་ན་འགྲིག་པར་སེམས། རྒྱུ་མཚན་ཉམས་མགུར་ཞེས་པའི་གོ་དོན་ནི། རྣལ་འབྱོར་པའམ་ཡང་ན་ཉམས་དང་རྟོགས་པ་མཐོན་པོར་ཕེབས་པའི་སྐྱེས་བུ་གང་རུང་བ་ཞིག་གིས་རང་གི་ཉམས་སྣང་དང་རྟོགས་སྣང་སྣ་ཚོགས་མགུར་དབྱངས་སུ་གྱེར་པ་ལྟ་བུ་སྟེ་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་ཀྱང་ཉམས་མགུར་ནི་”ཉམས་རྟོགས་ཅི་བྱུང་གླུ་དབྱངས་སུ་ལེན་པའི་མགུར་”ཞེས་གསལ་ཡོད་པ་ལྟར་རེད། མདོར་ན་བླ་མ་ལི་ཤུའི་སྟག་རིང་གི་ཞལ་གདམས་འདི་ནི་གནའ་སྔ་མོའི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་སྙན་ངག་ཅིག་སྟེ་འདི་ནི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་གྱི་སྙན་ངག་ཅིག་ཀྱང་ཡིན་པ་མ་ཟད་ཉམས་མགུར་དང་ཞལ་གདམས་ཡང་ན་ལེགས་བཤད་སོགས་ཀྱི་གཞི་མཐུན་པ་ཞིག་ཏུ་ཁས་བླངས་ཆོག་སྙམ། གཤམ་ནས་བླ་མ་ལི་ཤུའི་ཞལ་གདམས་འདི་ཚར་གཅིག་གྱེར་ཀློག་ཞུ་རྒྱུ་ཡིན། འདིའི་ཁྱད་དུ་འཕགས་པའི་ཚིག་སྦྱོར་དང་དེའི་ངོ་མཚར་བའི་ཁྱད་ཆོས་དེ་མིན་ཧ་ཅང་གཏིང་དཔག་ཟབ་པའི་གནད་ཀྱི་དོན་པོ་བརྗོད་པའི་ནང་དོན་སོགས་ནི་ཆེས་རྨད་དུ་བྱུང་བ་རང་གཞན་སྐྱེ་བོ་ཀུན་ཀྱི་སྤྱོད་ལམ་དང་རྒྱུད་ཐོག་ལ་ཀུན་ནས་སྨན་པའི་ལེགས་བཤད་ཞལ་གྱི་གདམས་ངག་ཟབ་མོའི་བསླབ་བྱ་བྱིན་རླབས་ཀྱི་ཚན་ཁ་ལྡན་པ་ཞིག་ཡིན་པར་དཔྱང་ཐག་བྲལ།

༡༽ཐོག་མར་མཛད་སྤྱོད་ལ་གདམས་པ།

་་་་་་་་་་་་་་་ལི་ཤུ་སྟག་རིང་གི་ཞལ་གདམས་བཞུགས། ལྟ་སྤྱོད་ཀུན་འབྲེལ་བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །བྱ་བྲལ་སྒྲིབ་མེད་ནམ་མཁའ་ལྟ་བུའི་དོན་རྟོགས་ཀྱང་། །མཛད་སྤྱོད་འདི་ལྟར་བགྱིས་ན་ལེགས་པར་ཁུམས། །ཀྱེ་མ་དོན་རྟོགས་རྣལ་འབྱོར་རྣམས་དགོངས་དང་། །མན་ངག་ངེས་པའི་དོན་སྟོན་བླ་མ་སྤྱི་བོར་ཁུར། །དེ་ཡིས་བསྟན་པའི་མན་ངག་སྙིང་བཞིན་རྟག་ཏུ་ཆོངས། །རྣལ་འབྱོར་ལྟ་ཁམས་མ་ཆུང་སྤྱོད་པའི་ཁམས་མ་ཆེ། །བདེར་གཤེགས་དགོངས་པ་རྟོགས་ཀྱང་མཛད་སྤྱོད་མི་དང་བསྟུན། །དགེ་སྦྱོར་ཚོགས་ལམ་མི་བཀག་ཀུན་ཏུ་མཐུན་པར་སྤྱོད། །རྟོགས་ཀྱང་ཤུགས་ལས་འཆར་གྱིན་སྙིང་རྗེ་གཏོང་ཕོད་བསྐྱེད། །ཐེག་དགུ་རང་སར་བདེན་གྱི་ཐེག་པའི་ཁ་མ་འཛིན། །དོན་དམ་ལྟ་ཕུགས་གཅིག་གིས་བོན་ལ་ཕྱོགས་ཞེན་བསྐྱུང་། །རང་རྒྱུད་ཐོས་པས་གྲོལ་གྱི་བོན་ལ་ངོམས་མ་སྐྱེན། །མི་བདེན་དོན་དང་འགལ་ན་བདེར་གཤེགས་བཀའ་ཡང་ཞོག །བདེན་ཞིང་དོན་དང་མཐུན་ན་བྱིས་པའི་ལས་སྤྱོད་ལོངས། །ཡིད་ཆེས་རང་ལ་ཡོད་ཀྱང་ཀུན་ལ་དྲིས། །རང་ཉམས་ཟབ་མོ་མི་ལ་མི་སྨྲ་གསང་། །བདག་གིས་གཞན་སྐྱོན་མ་བརྟགས་རང་གི་སྐྱོན་རྣམས་ཐོན། །སེམས་ཅན་མོས་པ་ཐ་དད་ཀུན་ལ་བསྐུར་མི་བཏབ། །

་།

༢༽མཁས་པའི་སྤྱོད་ལམ་ལ་གདམས་པ།

་་་་་་་་་་་་་་་མཁས་པ་ཕུལ་དུ་གྱུར་ཀྱང་ང་རྒྱལ་གྱོང་ཁེངས་སྐྱུངས། །བདག་མཐོ་ཆེ་བར་འདོད་ན་གཞན་སྨད་ཟུར་ཟ་སྤོངས། །དོན་མེད་ཉོན་མོངས་སྐྱེ་བའི་ཐེ་ཚོམ་རྩོད་པ་ཞོག །བོན་རྣམས་སྤྱོད་པར་བཞེད་ན་བདག་རང་བོན་བཞིན་སྤྱོད། །བཤད་པས་གང་ཟག་མི་ཐུལ་རང་ལ་ནང་དུ་ཤོད། །ངེས་ཤེས་རང་ལ་སྐྱེ་ཡི་རྣལ་འབྱོར་བསྒོམ་སྲན་བསྐྱེད། །ཉེས་ཚོགས་ཚེ་འདིར་འབྱུང་བས་སྡིག་ལ་ཤིན་ཏུ་འཛེམས། །རྩེ་གཅིག་སྒོམ་པར་བཞེད་ན་གཅིག་པུར་དབེན་སར་སྡོད། །རྟོགས་པ་གང་ཡང་བདེན་པ་ཡིན་གྱི་ཤེས་པ་གར་བདེར་ཞོག །བོན་དང་རྒྱབ་འགལ་ཡིན་པས་མི་ཆོས་བྱ་བ་ཐོངས། །

༣༽ དགེ་བྱེད་འགལ་རྐྱེན་ངོས་བཟུང་ནས་གདམས་པ།

་་་་་་་་་་་་་་་་ཆགས་པ་ངང་གིས་ཆུང་བས་དགེ་བྱེད་རང་ཡུལ་སྤོངས། །ཆགས་སྡང་རང་གྲོལ་ཤེས་ན་གང་དུ་བསྡད་ཀྱང་དབེན། །བོན་དང་འགལ་རྐྱེན་ཡིན་པས་འདུ་འཛིའི་གཡེང་བ་སྤོངས། །གང་ཡང་བོན་དུ་ཤེས་ན་ཅི་ཡང་སྤང་རྒྱུ་མེད། །ལྟ་བ་ཁ་རུ་འདོན་ན་དོན་ལ་འཆོལ་བའི་རྒྱུ། །སྤྱོད་ལམ་མ་བཅོས་རྣལ་མར་ཞོག་དང་བསྐུར་པ་ཞི། །ཆེ་བརྗོད་ང་རྒྱལ་བྱས་ན་རྣལ་འབྱོར་རང་རེ་ཆུང་། །མཁས་བཞེད་རྩོད་པ་བྱས་ན་དོན་མེད་ཉོན་མོངས་སྐྱེ། །ཟོལ་ཟོག་མི་ལ་བྱས་ན་མངན་དོན་རང་ལ་སྡིག །གཡོ་སྒྱུ་སེམས་ལ་བཅུག་ན་ལྷ་དང་མཁའ་འགྲོས་ཁྲེལ། །མ་རྟོགས་རྟོགས་ཚུལ་སྟོན་པ་རྣལ་འབྱོར་རང་ལ་ཁྲེལ། །མི་ཤེས་ཤེས་མདོག་བྱས་ན་མཁས་པའི་ཚོགས་ནས་ཁྲེལ། །ནོར་ཟས་འདོད་གདུང་ཆེ་ན་རྣལ་འབྱོར་རང་ལ་བཀྲེས། །སྙན་གྲགས་བསོད་ནམས་བཞེད་ན་རྣལ་འབྱོར་བདུད་ཀྱི་བསླུས། །ཆེ་ཐབས་འདོད་གདུང་ཆེ་ན་རྣལ་འབྱོར་རང་རེ་སྐྱོན། །

༤༽ འཁོར་འདས་ཀྱི་གཞི་རྩ་ངོས་བཟུང་ནས་གདམས་པ།

་་་་་་་་་་་་་་་གཟུང་འཛིན་ཞེན་ཆགས་ཆེ་ན་རྣལ་འབྱོར་རྟག་ཏུ་འཁོར་ཏེ་མཆི། །བོན་ཉིད་རྩ་བ་ལགས་ཀྱི་རང་སེམས་གཏན་ལ་ཕོབ། །རྣམ་རྟོག་རྩ་བ་ལགས་ཀྱི་ང་བདག་ཆམ་ལ་ཕོབས། །མྱང་འདས་རྩ་བ་ལགས་ཀྱི་སྐུ་གསུམ་གཏན་ལ་ཕོབས། །འཁོར་འདས་རྩ་བ་ལགས་ཀྱི་གཟུང་འཛིན་ཞེན་ཆགས་སྐྱུངས། །བོན་ཉིད་མེད་ཀྱི་མ་ཚོལ་རྣམ་རྟོག་དག་ལ་ལྟོས། །རྣམ་རྟོག་མཐོང་རྒྱུ་མེད་ན་བོན་ཉིད་དེ་ཡིས་མཐོང་། །བདེ་བ་དང་དུ་མ་ལེན་སྡུག་བསྔལ་སྤང་དུ་མེད། །སྡུག་བསྔལ་སྤང་རྒྱུ་མེད་ན་བདེ་བ་དེ་ཀ་ཡིན། །ཚིག་གི་རྩ་བ་མ་གཅོད་དོན་གྱི་རྩ་བ་ཆོད། །ཚིག་གི་རྩ་བ་བཅད་ན་ནམ་མཁའི་མཐའ་དང་མཉམ། །དོན་གྱི་རྩ་བ་བཅད་ན་ཚིག་མཐའ་དེ་ཀས་ཆོད། །བོན་ཉིད་རྩ་བ་མ་གཅོད་སེམས་ཀྱི་རྩ་བ་ཆོད། །སེམས་ཀྱི་རྩ་བ་ཆོད་ན་བོན་གྱི་བདག་པོ་ཡིན། །སངས་རྒྱས་མེད་ཀྱི་མ་ཚོལ་སེམས་ཀྱི་མཚན་ཉིད་ལྟོས། །སེམས་ཀྱི་མཚན་ཉིད་ཤེས་ན་སངས་རྒྱས་དེ་ཡིས་རྙེད། །སངས་རྒྱས་རྩ་བ་ལགས་ཏེ་གདམས་ངག་ཐུགས་རྗེ་ལྡན་པའི་མཁས་པ་དེ་ལ་ཞུས། །ཡིན་ནམ་མ་ཡིན་བརྟག་དཔྱད་རང་གིས་ཐོངས། །ཐེ་ཚོམ་ཟ་ན་རྒྱུད་ལུང་ཐ་དག་ལྟོས། །དེ་གསུམ་འགྲིགས་ན་ཐེ་ཚོམ་མེད་པར་མྱུར་དུ་འགྲུབ། །

༥༽ ཉམས་ལེན་ལ་འབད་དགོས་པར་གདམས་པ།

་་་་་་་་་་་་་་་ཚེ་ལ་ཡིད་བརྟན་མི་ཐུབ་རྣལ་འབྱོར་བརྩོན་འགྲུས་བསྐྱེད། །བརྟག་ན་སྐད་གཅིག་སྡད་དབང་མེད་ཀྱིས་ཉམས་ལེན་མྱུར་དུ་མཛོད། །སེམས་ལ་བྱ་རྩལ་མེད་པ་རྟོགས་པའི་ངང་ལ་ཞོག །གཞན་ཡང་དོན་རྟོགས་རྣལ་འབྱོར་རྣམས། །རིང་པར་མཛོད་ལ་དལ་བར་སྡོད། །མང་དུ་ཉོན་ལ་ཉུང་དུ་བསྡུས། །ཁྱད་པར་ཕྱེས་ལ་འདྲེས་པར་བསྲེས། །རྩིང་བར་གོ་ཡང་ཞིབ་ཏུ་སྤྱོད། །ཡངས་པར་གོ་ཡང་ཞིབ་པར་སྲུངས། །ཆེན་པོར་རྟོགས་ཀྱང་ཆུང་ལ་འཛེམས། །འཇིག་རྟེན་པ་ཡི་སྒྲོ་བསྐུར་དང་། །ཡ་ཀ་ཁ་ནས་མ་ཐོ་བ། །ཕྲ་མོ་རྣམས་ལ་དགེ་བྱེད་འཛེམས། །

༦༽ ཆོག་ཤེས་ཀྱི་ཚོད་ཟིན་དགོས་པར་གདམས་པ།

་་་་་་་་་་་་་གཉིད་དང་ཆང་དང་འདོད་ཆགས་གསུམ། །འདི་གསུམ་དགེ་བྱེད་དུག་ཡིན་གྱི། །འདི་ལ་ཧ་ཅང་མ་དགའ་མཛོད། །ཡུལ་ངན་གྲོགས་ངན་སློབ་ངན་གསུམ། །འདི་གསུམ་བོན་གྱི་འགལ་རྐྱེན་ཡིན། །སྤོང་བར་འདོད་ན་ཐབས་ཀྱིས་སྤོངས། །གྲགས་པ་སྙན་པ་བསོད་ནམས་གསུམ། །འདི་གསུམ་བོན་གྱི་འགལ་རྐྱེན་ཡིན། །འདི་ལ་ཧ་ཅང་དད་མ་ཆེ། །གཉེན་དང་རང་ཡུལ་ཟས་ནོར་གསུམ། །འདི་གསུམ་དགེ་བྱེད་བདུད་ཡིན་གྱི། །འདི་ལ་ཧ་ཅང་དད་མ་ཆེ། །

༧༽ ཉོན་མོངས་དགྲ་རྐུན་ལྟར་བཅོམ་དགོས་པར་གདམས་པ།

་་་་་་་་་་་་་་་བོན་དང་མཐུན་པར་མཛད་པས་ན། །ཉོན་མོངས་ཕྱི་ཡི་དགྲ་རྐུན་ཆོམས། །གཡོ་སྒྱུ་ནང་གི་ཁོང་སྐྲན་ཐོན། །སྡུག་བསྔལ་རྐྱེན་ལ་ངང་མ་ཐུང་། །འཁོར་བའི་གནས་ལ་ངང་མ་རིང་། །མི་ཆོས་ནང་དུ་རང་ཕམ་ལོངས། །བོན་གྱི་ནང་དུ་སྲོང་(སྲོག་)མ་ཞུགས། །མཆེད་ལྕམ་ནང་དུ་སྐྱོན་མ་འདོན། །ཉོན་མོངས་གཏམ་ལ་ཟུར་མ་རྣོ། །བདེར་གཤེགས་བཀའ་ལ་འཛི་(འཛིན་)མ་ཆུང་། །འཁྲུལ་པའི་བོན་ལ་བློ་མ་གསོ། །རང་དོན་བོན་ལ་གལ་མ་ཆུང་། །འཇིག་རྟེན་བོན་ལ་གལ་མ་ཆེ། །འཁྲུལ་སྣང་ཡུལ་དུ་ཡུན་མ་རིང་། །རྟོགས་པའི་ངང་ལ་ཡུན་མ་ཐུང་། །ཉམས་རྟོགས་གདེང་དང་མ་ལྡན་ན། །དུག་ལྔ་རང་གྲོལ་ཡང་མི་མཆི། །

༨༽ འཆི་བ་དྲན་སྐུལ་གྱི་གདམས་པ།

་་་་་་་་་་་་་་་སྐྱེ་འཆི་གཉིས་ལ་ཡུན་རིང་ན། །ངན་སོང་གསུམ་དང་མཇལ་ཏེ་མཆི། །དགེ་སྦྱོར་བྱེད་པ་མ་ལགས་ཏེ། །དད་པ་གདེང་ནས་མ་སྐྱེས་ཤིང་། །སྐྱེ་འཆི་གཉིས་ལ་མི་འཇིགས་པར། །འཁོར་བའི་བོན་ལ་མི་བྱོལ་ན། །འཆི་བ་ནམ་ཡང་མི་དྲན་པའི། །དགེ་བྱེད་ཟེར་ཡང་རྫུན་པོ་ཡིན། །སློབ་གཉེར་རེམ་ཡང་སོ་ནམ་འདོད། །སྒྲུབ་པར་རེམ་ཡང་རྐྱེན་གྱིས་བདས། །དགེ་རྩ་རེམ་ཡང་ཁེ་གྲགས་ཡིན། །བོན་བཤད་མཁས་པ་ཁ་གཏམ་ཡིན། །དགེ་སྦྱོར་རེམ་ཡང་ཚུལ་འཆོས་ཡིན། །དེས་ན་བོན་ལ་དད་པ་གཅེས། །བདུད་ཀྱིས་བསླུས་པའི་གང་ཟག་གིས། །སྙན་གྲགས་བསོད་ནམས་འདོད་པའི་ཕྱིར། །ལུས་ངག་དགེ་ལ་འབད་ནས་བྱེད། །ཁོག་པ་གཡོ་སྒྱུ་སྐྱོན་གྱིས་གང་། །ཉོན་མོངས་སྡུག་བསྔལ་རང་ཁར་སྤྱོད། །དེ་ཡི་བོན་དེ་དེ་ན་མེད། །གང་ཞིག་སྐྱེས་བུ་སྐལ་ལྡན་ཞིག །ཀུན་ལས་འཕགས་པའི་རྟོགས་པ་ལ། །ཀུན་ཏུ་མཐུན་པའི་སྤྱོད་པ་སྤྱོད། ། །ཕྱི་ནང་ཕྱོགས་རིས་ཞེན་ཆགས་ཆུང་། །ཕྱི་ནང་དོན་དང་འདུ་འབྲལ་མེད། །སྡུག་བསྔལ་ཉོན་མོངས་རྣམ་རྟོག་འཇོམས། །

༩༽ ཞལ་ཆེམ་གྱི་ཚུལ་དུ་གདམས་པ།

་་་་་་་་་་་་་སེམས་ཅན་ལུས་ལ་བདེར་གཤེགས་ཐུགས། །དེ་འདྲའི་སྐྱེས་བུ་ཤིན་ཏུ་དཀོན། །ལྟ་བ་ཟབ་མོ་ཐུགས་ལ་འཆང་། །སྤྱོད་པ་ཀུན་དང་མཐུན་ཤེས་ན། །གང་ཟག་སྐྱེས་བུའི་མཆོག་ཡིན་པས། །དེ་ཕྱིར་ལྟ་སྤྱོད་འགྲིགས་མར་སྤྱོད། །བདག་འདྲ་ལི་ཤུ་སྟག་རིང་གིས། །མཆེད་ལྕམ་སྤྱོད་པ་རྩིང་བ་ལ། །ཁ་ཆེམས་ཡིག་ཆུང་མདོ་རྩ་བྲིས། །མཁས་པ་རྣམས་ལ་བཟོད་པར་གསོལ། །རྨོངས་པ་རྣམས་ལ་སྨན་པར་ཤོག །དགེའོ། །

/

09889i

/

བཞི་པ། མཇུག་མོལ།

་་་་་་་་་་་་་འདི་ནི་སྙན་ངག་དང་ལྟ་མགུར། ཉམས་མགུར་དང་མགུར་གླུ། ཞལ་གདམས་དང་ལེགས་བཤད་སོགས་ཀྱི་གཞི་མཐུན་དུ་གྲུབ་པའི་མདོར་ན་གནའ་རབས་བོད་ཀྱི་འབོལ་རྩོམ་ལུགས་ཀྱི་ཞལ་གདམས་སྙན་ངག་ཁྱད་དུ་འཕགས་པ་ཞིག་ཡིན།འདི་ནི་རྣལ་འབྱོར་པའི་ཉམས་དང་རྟོགས་པ་ཀློང་དུ་ཆུབ་པའི་ངང་ནས་ཉམས་ལེན་དང་འབྲེལ་ནས་ཞལ་གདམས་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བ་གང་ཟག་ཕོ་མོ་སུས་ཀྱང་གསན་ན་གོ་སླ་བ་སོགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པའི་གནའ་བོའི་བོད་རང་གི་མེས་པོ་བོན་དང་དེའི་རིག་གཞུང་གི་གཏེར་ལས་ཐོན་པའི་རྩམ་དྲི་ཁོ་ན་འཐུལ་བའི་སྙན་མགུར་ཞལ་གདམས་ཤིག་ཡིན་ཞེས་ཀྱང་ཞུ་ཆོག འདི་ནི་དེང་སང་གི་དུས་ལ་སྙིགས་མ་ལྔ་ཆེས་ཆེར་བདོ་བ་ཚེའི་སྙིགས་མ་སྲོག་གི་དབང་པོ་རྒུད་པས་བར་ཆད་རྒོད་དེ་ཚེ་ཐུང་། ཉོན་མོངས་པའི་སྙིགས་མ་མི་དགེ་བ་བཅུ་ཀ་འབྱུང་། དུག་གསུམ་དུག་ལྔ་ཀུན་རགས། ལྟ་བའི་སྙིགས་མ་འཇིགས་ཚོགས་ཀྱི་ལྟ་བ་དེ། ཆོས་ཁྲིམས་ཐམས་ཅད་རྒུད་ནས་དམེ་དང་ཁྲམ་པ་ལ་སོགས་སྤྱོད་པ་ངན་པ་ཐམས་ཅད་དར། ལུས་ཀྱི་སྙིགས་མ་ཁ་ཟས་ཞན་སེམས་ཞུམ་པས། ལུས་ཤེད་ཆུང་མདོག་ངན་ནད་མང་། དུས་ཀྱི་སྙིགས་མ་ལྔ་བརྒྱའི་རྗེས་ལ་བྱང་སེམས་གསོད་པའི་དགྲ་མང་པས་ལྔ་བརྒྱ་ཐ་མའི་དུས་འདི་འདྲ་ལ་ཆེས་གནད་དུ་སྨིན་པའི་ཞལ་གདམས་འདི་འདྲ་ནི་དུས་ཐོག་གི་ཆར་བ་དང་བརྣག་ཐོག་ཁབ་གཙགས་ལྟ་བུར་གྱུར་འདུག་པ་ནི་སུས་ཀྱང་བསྙོན་དུ་མེད། འདི་ནི་དཀོན་པ་བཞི་ཡི་ཡ་གྱལ་ཉིན་གྱི་སྐར་མ་ལྟ་བུ་བོད་རང་གི་ས་སྐྱེས་རྡོ་སྐྱེས་ལྟར་གྱུར་པ་ལོ་ངོ་སུམ་སྟོང་ལྷག་གི་སྔོན་གྱི་རྩོམ་རིག་སྙན་ངག་འདི་ལྟ་བུ་ནི་རྣལ་འབྱོར་ཉམས་ལེན་པ་དང་། རྟོག་གེ་མཚན་ཉིད་པ། ཞིབ་འཇུག་སློབ་གཉེར་པ། འཇིག་རྟེན་འཁོར་འཛིན་པ་ཕོ་མོ་སུས་ཀྱང་གསན་པ་དང་འདོན་པ། དཔྱད་པ། ཉམས་སུ་ལེན་པ། ཡི་དམ་དད་གུས་སོགས་ཇི་ལྟར་བྱས་ཀྱང་བརྗོད་བྱའི་དོན་ནི་དགོས་འདོད་ཀྱི་ནོར་བུ་རིན་པོ་ཆེ་ལྟར་རྒྱལ་མཚན་གྱི་རྩེ་ལ་བཞག་ནས་སྨོན་ལམ་བཏབས་པ་ལྟར་རང་གཞན་ཀུན་ལ་གྱོང་གུད་དང་བསླུ་བ་མེད་པ་ནི་སྤོབས་སེམས་དང་བཅས་ནས་ཞུ་ཆོག །

 

ཕྱི་ལོ་༢༠༡༨ཟླ་བ་༡༢པའི་ཚེས་༡༣ལ་འཕགས་ཡུལ་ལྷོ་ཕྱོགས་རྒྱ་མཚོའི་ཉེ་འགྲམ་

གྲོང་ཁྱེར་ཆེན་པོ་སྤུར་ནེ་ཞེས་པ་རུ་སྦྱར་བ་དགེ་བར་གྱུར་ཅིག །

བླ་མ་ལི་ཤུའི་ཞལ་གདམས་དབྱིན་བསྒྱུར་ཅན་དུ་གཟིགས་འདོད་ན་དམར་པོ་རྟགས་ཅན་དུ་ནོན།

ལི་ཤུའི་ཞལ་གདམས། 

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *