རྫོགས་པ་ཆེན་པོའི་རྒྱུད་སྡེ་ཆེན་པོ་བཞིའི་ནང་ཚན་ཨ་ཁྲིད་མ་བུ་ཆ་ལག་བཅས་ཀྱི་བྱུང་ཚུལ་སྐོར་རོབ་ཙམ་བརྗོད་པ།

རྩོམ་ཡིག་འདི་ཐེངས། 26390 བཀླགས་འདུག

0

སྤྱིར་བླ་མེད་རྫོགས་པ་ཆེན་པོའི་གཞུང་ལུགས་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས་གཙོ་བོར་རྒྱུད་སྡེ་ཆེན་པོ་བཞི་སྟེ། ཨ་རྫོགས་སྙན་གསུམ་དང་ཡེ་ཁྲི་མཐའ་སེལ་བཅས་སོ། དང་པོ་ནི། རྫོགས་པ་ཆེན་པོ་བྱང་སེམས་གབ་པ་དགུ་སྐོར་དང། དེའི་དགོངས་འགྲེལ་མཁས་པ་མི་བཞིའི་མཛད་པ་སེམས་ལུང་གབ་པ་དགུ་བསྐོར་གྱི་འགྲེལ་བ་རྒྱ་ཆེར་བཤད་པ། བླ་ཆེན་པོ་དྲན་པ་ནམ་མཁའི་མཛད་པ་གབ་པའི་འགྲེལ་བཞི་རིག་པའི་རྒྱ་མཚོ། རྗེ་རིན་པོ་ཆེའི་མཛད་པ་གབ་འགྲེལ་གསལ་བྱེད་ཉི་མའི་དཀྱིལ་འཁོར། སེམས་སྨད་སྡེ་དགུའི་རྩ་འགྲེལ། དེ་དག་གི་དོན་འགྲེལ་ཨ་ཁྲིད་མ་བུ་བཅས་སོ། གཉིས་པ་ནི། རྫོགས་ཆེན་བསྒྲགས་པ་སྐོར་གསུམ། དེའི་དགོངས་འགྲེལ་སྙ་ཆེན་ལི་ཤུའི་མཛད་པ་ཡང་རྩེ་ཀློང་ཆེན་བཅས་སོ། གསུམ་པ་ནི། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། དེའི་དགོངས་འགྲེལ་ཉམས་རྒྱུད་རྒྱས་པ་སྐྱ་རུ་དང་སྨུག་རུ། འབྲིང་པོ་སོར་བཞག བསྡུས་པ་ཐོར་བུ། ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་བཅས་སོ། བཞི་པ་ཡེ་ཁྲི་མཐའ་སེལ་དང། དེའི་དགོངས་འགྲེལ་བླ་ཆེན་པོ་དྲན་པ་ནམ་མཁའི་མཛད་པ་ནམ་མཁའ་འཕྲུལ་མཛོད་དྲང་ངེས་གཉིས། ཐེག་འགྲེལ་མེ་ལོང་དགུ་བསྐོར་བཅས་སོ། དེ་དག་གི་ནང་ནས་འདིར་བཤད་པར་བྱ་བ་ནི་དགོངས་མཛོད་རི་ཁྲོད་ཆེན་པོ་ནས་བརྒྱུད་པའི་རྫོགས་པ་ཆེན་པོ་ཨ་ཁྲིད་ཀྱི་གདམས་པ་མ་བུ་ཆ་ལག་དང་བཅས་པའི་སྐོར་ཡིན། དེ་ཡང་ཨ་ཁྲིད་ནི། བྱང་སེམས་གབ་པ་དགུ་བསྐོར་དང་སེམས་སྨད་སྡེ་དགུ་གཉིས་ཀྱི་དོན་འགྲེལ་ཡིན་པར་བདག་གི་བླ་མ་སྐྱབས་རྗེ་ཡོངས་འཛིན་ཆེན་མོ་གསུང་ངོ་། དེའི་རྒྱུ་མཚན་ནི། རི་ཁྲོད་པས་ཞུ་སྐྱེ་སེ་ཆེན་པོའི་མདུན་ནས་བྱང་སེམས་གབ་པའི་སྐོར་གྱི་གདམས་ངག་ཡོངས་སུ་རྫོགས་པ་གསན་ནས་ཚུལ་བཞིན་ཉམས་སུ་བླངས་པས་དེའི་དགོངས་པ་མངོན་དུ་གྱུར་ནས་དེའི་དོན་གཏན་ལ་ཕབས་པ་རྫོགས་པ་ཆེན་པོ་ཨ་ཁྲིད་འདི་ཡིན་པར་བཞེད། བྱང་སེམས་གབ་པ་དགུ་བསྐོར་དང་སེམས་སྨད་སྡེ་དགུ་རྣམས་བསྟན་པ་སྔ་དར་གྱི་སྐབས་སུ་བོན་གཤེན་རིག་འཛིན་རྣམས་ཀྱི་ཐུན་མོང་གི་ཉམས་སུ་ལེན་རྒྱུ་གཙོ་བོ་དེ་ཡིན། དེའི་བྱུང་ཁུངས་ནི། ཐོག་མར་བོན་སྐུ་བཟང་པོས་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་བཤད།  རྫོགས་སྐུ་གཤེན་ལྷ་འོད་དཀར་གྱིས་གཤེན་ཚད་མེད་འོད་ལྡན་ལ་བཤད། གཤེན་ཚད་མེད་འོད་ལྡན་གྱིས་འཕྲུལ་གཤེན་སྣང་ལྡན་ལ་བཤད། འཕྲུལ་གཤེན་སྣང་ལྡན་གྱིས་འཆི་མེད་གཙུག་ཕུད་ལ་བརྒྱུད། འཆི་མེད་གཙུག་ཕུད་དང་སྟོན་པ་གཤེན་རབ་མི་བོ་གཉིས་གདུལ་བྱའི་སྣང་ཚུལ་ལ་ཆུ་ཟླ་དང་མཁའ་ཟླ་ལྟ་བུ་ལས་དོན་ལ་གང་ཟག་གཅིག་ཡིན་ནོ། འཆི་མེད་གཙུག་ཕུད་ཀྱིས་ཡུམ་བཟང་བཟའ་རིང་བཙུན་དང་གཤེན་གསང་བ་འདུས་པ་གཉིས་ལ་བརྒྱུད། བཟང་བཟའ་རིང་བཙུན་གྱིས་ཀླུ་གྲུབ་ཡེ་ཤེས་སྙིང་པོ་ལ་བརྒྱུད། གཤེན་གསང་བ་འདུས་པས་ལྷ་གཤེན་ཡོངས་སུ་དག་པ་ལ་བརྒྱུད། དེ་ལ་ལྷ་བོན་ཡོངས་སུ་དག་པའང་ཟེར། བླ་མ་འདི་ནི་སྟོན་པ་གཤེན་རབ་མི་བོས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་གསུང་ས་དེ་ཡིན། ཀླུ་གྲུབ་ཡེ་ཤེས་སྙིང་པོ་དང་ལྷ་གཤེན་ཡོངས་སུ་དག་པ་གཉིས་ཀྱིས་རྒྱལ་གཤེན་མི་ལུས་བསམ་ལེགས་ལ་བརྒྱུད། དུས་སྐབས་དེར་བླ་མེད་རྫོགས་པ་ཆེན་པོའི་བོན་དང་ལྷག་པར་གསང་སྔགས་མ་རྒྱུད་ཕྱི་ནང་གསང་གསུམ་རྣམས་ཤིན་ཏུ་དར་རྒྱས་སུ་འཕེལ་བའོ།།Screen Shot 2016-04-23 at 2.58.43 AM

་་་་་་་་་་་་་་དེ་ཡང་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་ཡོངས་སུ་དག་པ་ལ་རྫོགས་པ་ཆེན་པོའི་བོན་དང་། གསང་བ་འདུས་པ་ལ་གསང་སྔགས་ཀྱི་བོན་རྣམས་ཞུས་ནས་ཞང་ཞུང་བར་པའི་ཡུལ་རྒྱལ་མཁར་བ་ཆོད་དུ་གསང་སྔགས་ཀྱི་སྒྲུབ་གྲྭ་བརྒྱད་དང་། རྫོགས་ཆེན་གྱི་སྒོམ་གྲྭ་བཞི་བཙུགས་ནས་ལོ་བརྒྱ་དང་ལྔ་བཅུ་རིང་གྲུབ་པ་ཐོབ་པའི་གཤེན་པོ་ལྔ་སྟོང་ལྔ་བརྒྱ་བྱུང་ཡོད། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་ནམ་མཁའ་སྣང་བའི་མདོག་ཅན་ལ་བསྟན། ནམ་མཁའ་སྣང་བའི་མདོག་ཅན་ནི། གཉའ་ཁྲི་ཡབ་སྲས་ཀྱིས་བོད་དུ་གདན་དྲངས་ནས་བོད་རྒྱལ་གྱི་སྐུ་གཤེན་ཐོག་མ་དེ་ཡིན། བླ་མ་འདིས་རྫོགས་པ་ཆེན་པོ་བྱང་སེམས་གབ་པ་དང་གསང་སྔགས་སྤྱི་སྤུངས་སྐོར་གསུམ་ཞང་སྐད་ལས་བོད་སྐད་དུ་བསྒྱུར་ནས་གཉའ་ཁྲི་ཡབ་སྲས་གཉིས་ལ་བསྟན། ཡབ་སྲས་དེ་གཉིས་ཀྱིས་སྔགས་རྫོགས་ལ་ཉམས་ལེན་གཏིང་ཕྱིན་པ་གནང་བར་མ་ཟད། རྗེས་སུ་མུ་ཁྲི་བཙན་པོས་གཅིག་རྗེས་གཉིས་མཐུད་དུ་ཞང་ཞུང་ནས་མཁས་པ་བརྒྱ་དང་བརྒྱད་སྤྱན་དྲངས། བོད་ལ་འདུས་གནས་སུམ་ཅུ་སོ་བདུན་བཙུགས་ཡོད། འདུས་གནས་ཞེས་པ་དེ་བོན་འཆད་འཁྲིད་དང་། སྒོམ་སྒྲུབ། སྒྲ་བསྒྱུར་བྱེད་སའི་ལྟེ་གནས་ཤིག་ཡིན། སྐབས་དེ་ནས་བཟུང་བོད་གངས་ཅན་ལྗོངས་སུ་གཡུང་དྲུང་བོན་ཉི་མ་ཤར་བ་ལྟར་གྱུར་ནས་མཁས་ཤིང་གྲུབ་པའི་དབང་པོ་ནམ་མཁའི་སྐར་ཚོགས་དང་མཉམ་པ་བྱུང་ཡོད། མུ་ཁྲི་བཙན་པོས་ཧ་ར་ཅི་པར་ལ་བརྒྱུད། དེས་སྟག་ཝེར་ལི་ཝེར་ལ་བརྒྱུད། དེས་ཨ་ནུ་ཕྲག་ཐག་ལ་བརྒྱུད། དེས་སད་ནེ་གའུ། དེས་ད་མི་ཐད་ཀེ། དེས་ཧྲིང་ནེ་མུ་ཝེར། དེས་ཤད་བུ་ར་ཁུག དེས་ཟིང་པ་མཐུ་ཆེན། དེས་སུམ་པ་མུ་ཕྱོད། དེས་གླང་མུ་ཝེར། དེས་སྤེའུ་བོན་ཐོག་རྩེ། དེས་སྤེའུ་བོན་ཐོག་འཕྲུལ། དེས་མཁས་པ་མི་བཞི་ལ་བརྒྱུད། མཁས་པ་མི་བཞི་ནི། སྟོང་རྒྱུང་མཐུ་ཆེན། ཤ་རི་དབུ་ཆེན། གྱིམ་ཚ་རྨ་ཆུང་། ལྕེ་ཚ་མཁར་བུ་ཆུང་བཅས་སོ། མཁས་པ་དེ་བཞི་ལ་རྒྱུང་ཡར་བླ་ཆེན་ཁོད་སྤུངས་དྲན་པ་ནམ་མཁས་ཞུས། དེ་རྣམས་ཀྱི་རིངས་ལ་ཞང་བོད་གཉིས་ཀ་ལ་བསྟན་པ་རིན་པོ་ཆེ་མེ་འབར་བ་ལྟར་གྱུར་ཡོད། ལོ་རྒྱུས་རྣམས་སུ་རྒྱལ་བླ་ན་ཆེ། གོང་ན་གཤེན་མཉན། བར་ན་ཁྲིམས་དམ། འོག་ན་འབངས་སྐྱིད། འདྲེ་སྲིན་ཁ་ཕྱིར་ལ་སྟོན། བསྟན་པ་གདུགས་བཞིན་བདལ། འགྲོ་བ་བོན་གྱིས་འདུལ། རྒྱལ་གྱི་སྐུ་འཚོ། བློན་གྱི་གྲོས་འཆའ། ན་བ་གསོ། ཤི་བ་འདུར། དད་པ་ཅན་ལྟ་སྒོམ་གྱིས་འདྲེན། བར་ཆོད་ཚ་ཚ་ཆུ་གཏོར་གྱིས་སེལ། ཡུལ་ཁམས་ཐམས་ཅད་གསས་ཁང་དང་མཆོད་རྟེན་གྱིས་གང་ཞེས་གསུངས་པ་དེ་དོན་ལ་གནས་སོ།

་་་་་་་་་་་་་་་དེ་ནས་གྲི་གུམ་བཙན་པོས་བོན་བསྣུབས་པའི་དུས་སུ་བོན་སྒོ་དེ་རྣམས་སྟོང་རྒྱུང་མཐུ་ཆེན་གྱིས་འབྲིག་མཚམས་མཚོ་རྔའི་བྲག་དཀར་ལ་སྦས་ནས་གཏེར་སྲུང་ཡེ་ཤེས་དབལ་མོ་ལ་བཅོལ། འོན་ཀྱང་སྐབས་དེར་བྱང་སེམས་གབ་པ་གཏན་མེད་དུ་མ་ནུབ་པར་རྗེས་སུ་དུས་རབས་བརྒྱད་པའི་ནང་དུ་བོད་ཀྱི་དྲན་པ་ནམ་མཁས་གབ་པའི་འགྲེལ་བཞི་རིག་པའི་རྒྱ་མཚོ་རྩོམ་ཡོད་པ་དེས་དཔོག་ཐུབ། སྤྱི་ལོ་༡༠༡༧ ལོར་གཏེར་སྟོན་ཆེན་པོ་གཤེན་ཆེན་ཀླུ་དགས་གཏེར་ཞལ་ཕྱེས་ནས་ཞུ་ཡས་ལེགས་པོ་ལ་བསྟན། ཁོང་གིས་སྐྱིད་མཁར་རི་ཞིང་དགོན་ཕྱག་བཏབ། དགོན་པ་དེ་ནི་རྫོགས་ཆེན་གྱི་གཞུང་སློབ་གཉེར་དང་སྒོམ་སྒྲུབ་བྱེད་སའི་ལྟེ་གནས་གལ་ཆེན་ཞིག་ཡིན། དེར་མ་ཟད་གཤེན་ཀླུ་དགའི་སློབ་བརྒྱུད་བྲུ་རྗེ་གཡུང་དྲུང་བླ་མས་སྤྱི་ལོ་༡༠༧༢ལོར་གཡས་རུ་དབེན་ས་ཁ་ཕྱག་བཏབ། དགོན་པ་དེ་ནི་གབ་མཛོད་ས་གསུམ་འཆད་འཁྲིད་བྱེད་སའི་ལྟེ་གནས་ཤིག་ཡིན། གབ་མཛོད་ས་གསུམ་ནི། རྫོགས་པ་ཆེན་པོ་གབ་པ་དགུ་བསྐོར་དང་སེམས་སྨད་སྡེ་དགུ། སྣང་སྲིད་མཛོད་ཕུགས། ས་དང་ལམ་གྱི་རྣམ་བཞག་རྒྱས་པར་བཤད་པ་ཁམས་ཆེན་སྟོང་ཕྲག་བརྒྱ་པ་དང་བྱམས་མ་འབུམ་ལྔ་དེ་རྣམས་ཡིན། སྐབས་དེ་ནས་བཟུང་རྫོགས་ཆེན་གྱི་གཞུང་འཆད་འཁྲིད་དང་སྒོམ་སྒྲུབ་དར་ཞིང་རྒྱས་པར་གྱུར་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུའང་ཤིན་ཏུ་མང་པོ་བྱུང་ཡོད། ཞུ་ཡས་ལེགས་པོའི་སློབ་མ་མང་དུ་བྱུང་བའི་ནང་ནས་ཉམས་རྟོགས་ཕུལ་དུ་ཕྱིན་པ་ནི་ཞུ་སྐྱེ་སེ་ཆེན་པོ་ཡིན། བླ་མ་དེའི་སློབ་མ་དགོངས་མཛོད་རི་ཁྲོད་ཆེན་པོ་ཡིན་ལ་ཁོང་གི་འཁྲུང་ཡུལ་ནི། བོད་དབུས་གཙང་རུ་བཞིའི་ནང་ཚན་གཡས་རུ་གཙང་གི་ས་ཆ་ཤངས་ཀྱི་གུར་ཞོག་ཅེས་པ་དེར་ཡབ་རྨེའུ་ཤག་བསྟན་དང་རྡོ་རྗེ་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༼༡༠༣༠༽ལོར་སྐུ་འཁྲུངས། ཆེར་སྐྱེས་པ་ན་ཕ་མའི་ཞབས་ཏོག་ལེགས་པར་བསྒྲུབས། སྐབས་ཤིག་ཏུ་བཙུན་མོ་ཞིག་བཞེས་ནའང་ཡུན་རིང་མ་འགོར་བཙུན་མོ་དང་ཁ་བྲལ། ཞུ་སྐྱེ་སེ་ཆེན་པོ་དང་། རྨེའུ་ལྷ་རི་གཉེན་པོ་གཉིས་ཀྱི་མདུན་ནས་གསང་སྔགས་དང་རྫོགས་ཆེན་གྱི་བོན་མང་དུ་གསན། ལྷག་པར་རྫོགས་པ་ཆེན་པོ་བྱང་སེམས་གབ་པ་དང་སེམས་སྨད་སྡེ་དགུ་གཉིས་ལ་ཉམས་ལེན་གཙོ་བོར་གནང་། རྗེས་སུ་བྲུ་རྗེ་གཡུང་དྲུང་བླ་མ་དང་ཞུ་སྒྲོལ་བ་གཤེན་རྒྱལ་གཉིས་ལའང་ཐོས་བསམ་ལེགས་པར་མཛད། དེ་ནས་བླ་མ་བྲུ་ཞུ་གཉིས་ཀྱིས་ཉང་སྟོད་སྟག་པ་ཁ་ཆེ་ཞེས་པའི་ས་གནས་དེར་ཚད་མའི་སློབ་གཉེར་བཙུགས་ནས་ཚད་མ་གསན་སྐབས་ཁོང་གིས་བསམ་གཞིགས་མང་དུ་བགྱིས་པས། ཁོང་གཉིས་ནི་གདན་ས་སྐྱོང་ཞིང་བཀའ་བཤད་འཛུགས་པར་འདུག ང་ལ་འདིས་ཀྱང་མི་ཕན་ཏེ། ད་རེས་དལ་འབྱོར་འདི་རྙེད་ཚེ། ཚད་མའི་བརྗོད་བྱ་ངན་པ་ལ། མི་ཚེ་སྐྱལ་བ་དོན་མི་འདུག དོན་ཉམས་སུ་ལེན་པའི་དགེ་སྦྱོར་ཞིག་དགོས་པར་འདུག་སྙམ་ནས་གཡས་རུ་དཀར་པོ་བྲག་ལ་ཕེབས་ནས་རྫོགས་པ་ཆེན་པོ་ལ་ཉམས་ལེན་རྐྱང་འདེད་གཅིག་སྒྲིལ་དུ་གནང་། དགུང་ལོ་ཉེར་བཞིའི་ཐོག་ཏུ་དབུས་ལྷ་སའི་ཉེ་འགྲམ་སྐྱོར་མོ་ལུང་དགོན་པར་ཕེབས་ནས་མཁན་པོ་ཇོ་གདུང་དང་སློབ་དཔོན་ཇོ་གཡུང་གཉིས་ལས་རབ་ཏུ་བྱུང་། དེས་ནས་གཡས་རུ་དཀར་པོའི་བྲག་ལ་ཕྱིར་ཕེབས་ནས་ལོ་དུ་མའི་རིང་སྒོམ་སྒྲུབ་ཀྱི་ཉམས་ལེན་ཚུལ་བཞིན་བསྐྱངས་ནས་བྱང་སེམས་གབ་པ་དང་སེམས་སྨད་སྡེ་དགུའི་དགོངས་པ་མངོན་དུ་གྱུར། ཉམས་རྟོགས་ཁྱད་པར་ཐུགས་ལས་འཁྲུངས། གྲུབ་རྟགས་དང་རྫུ་འཕྲུལ་གསལ་སྣང་གི་ཡོན་ཏན་དུ་མ་ལ་མངའ་བརྙེས་སོ། དེ་ནས་སྒོམ་སྒྲུབ་ཀྱི་སྲོལ་ལེགས་པར་འཛུགས་པ་དང་། རྫོགས་ཆེན་གྱི་བསྟན་པ་དར་རྒྱས་སུ་སྤེལ་བའི་ཆེད་དུ་སློབ་མ་སྐྱོང་མགོ་བརྩམས། ཁོང་གིས་རྫོགས་པ་ཆེན་པོ་ཨ་ཁྲིད་ཐུན་མཚམས་བརྒྱད་ཅུ་པ་ཞེས་པ་ཞིག་བརྩམས་ཡོད་པར་གསུངས། དེ་ནི་སྐབས་དེ་དུས་ཁོང་གི་སློབ་མ་རྣམས་ཀྱིས་ཉམས་སུ་ལེན་རྒྱུའི་གཞུང་གཙོ་བོ་དེ་རེད། དེའི་ཐུན་མཚམས་རེ་རེ་ལ་བདུན་ཕྲག་གཅིག་དང་གཉིས་བར་ཉམས་སུ་ལེན་དགོས། དེའི་ནང་ཐུན་མཚམས་འགའ་ཤས་ཟླ་བ་ལ་ཉམས་ལེན་དགོས་པ་ཡང་ཡོད་འདུག ཉམས་སུ་བླངས་ནས་ཉམས་རྟོགས་ཤར་བ་རྣམས་ལ་རྟོགས་ལྡན་ཞེས་པའི་མཚན་གསོལ་བ་ཡིན།

་་་་་་་་་་་་་་སྤྱིར་ཁོང་གི་གདུལ་བྱ་དང་བུ་སློབ་བསམ་གྱིས་མི་ཁྱབ་པར་བྱུང་ནའང་དེའི་ནང་ནས་ཉམས་རྟོགས་སད་ཅིང་འགྲོ་བ་ལ་ཕན་ཐོག་པའི་ཁྱད་པར་འཕགས་པའི་སློབ་མ་ཐུགས་ཀྱི་སྲས་བཞི་དང་༼གཉལ་ལྷ་རྗེ་དྲང་སྲོང་། ཕོ་སྒོམ་ཞིག་པོ། སྒོམ་ཆེན་འབར་བ། ཡར་འབྲོག་མེ་སྟོན།༽ ལྕམ་གཉིས།༼ཇོ་མོ་རྒྱལ་མོ། བཙུན་མ་དར་སྒྲོན།༽ གཅུང་བརྒྱད།༼རྒྱ་ཡེ་ཤེས་སྙིང་པོ། སྟག་ལོ་འདུལ་བ། འུ་ཟངས་སྒོམ་དཀར། ཇོ་གཤེན། ཅོག་ལྷ་ཇོ་དད། ཚུལ་ཁྲིམས་འོད་ཟེར། སྟོན་པ་གྲུབ་པ། དམ་པ་ཕོ་བཙུན།༽ ད་དུང་ཀུན་བཟང་གནས་རྟེན་དང་སྐལ་ལྡན་ཟུག་སྟོན་སོགས་གྲུབ་པ་ཐོབ་པའི་སློབ་མ་ལྔ་བཅུ་རྩ་བརྒྱད་བྱུང་། སྐབས་རེར་ཡང་ཕྱོགས་ཐ་གྲུ་ནས་ཕེབས་པའི་ཁོང་གི་སློབ་མ་སྟོང་ཕྲག་ལས་བརྒལ་བར་འཛོམས་ཤིང་དུས་རྒྱུན་ཕྱག་ཕྱིར་འབྲེང་བའི་སློབ་མ་སུམ་བརྒྱ་ཙམ་རེ་ཡོད་པར་བཤད། བཞུགས་གནས་ཀྱི་ལྟེ་བ་གཡས་རུ་ཤངས་ཀྱི་བློན་པོ་སྟེངས་ཟེར་བ་དེར་ཡིན། སློབ་མ་དེ་དག་གི་ནང་ནས་གྲྭ་པ་དང་ཨ་ནེ་སྐྱ་བོ་སྐྱ་མོ་སྣ་ཚོགས་སུ་ཡོད། བཞུགས་ཁང་ནི། དེང་སང་གི་དགོན་པ་ནང་བཞིན་གསེར་དངུལ་གྱིས་སྤྲས་པའི་ཁྲ་ཚུབས་སེ་བ་དེ་འདྲ་ཞིག་མེད་ནའང་འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས་ཉམས་ལེན་པ་གཤའ་མའི་ངང་ཚུལ་བཟུང་ནས་རྡོ་ཁང་དང་། བྲག་ཕུག ས་ཁུང་རྣམས་སུ་བཞུགས་གནང་གི་ཡོད། མདོར་ན་བླ་མ་དེ་ནི་སྒྲུབ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་ལྟ་བུ་གྱུར་ནས་རྟོགས་ལྡན་དང་ཉམས་ལེན་པ་ཐམས་ཅད་དེ་ནས་དར་རྒྱས་སུ་ཕྱིན་པའོ། ཁོང་གི་སློབ་མ་མང་དུ་ཡོད་པའི་ནང་ནས་རྟོགས་པའི་རྩལ་ཆེ་ཞིང་རྫོགས་ཆེན་སྒོམ་སྒྲུབ་ཀྱི་བརྒྱུད་འཛིན་མཁན་ནི་རྟོགས་ལྡན་སྒོམ་ཆེན་འབར་བ་ཡིན། སྒོམ་འབར་གྱི་ཞལ་སློབ་ཁྱད་པར་འཕགས་པ་སྐྱེ་མེད་ཇོ་གདུང་དང་ཁྱུང་སྒོམ་ཇོ་གཡུང་གཉིས་ཡིན། དེ་གཉིས་ཀྱི་སློབ་མ་ཞང་དམ་པ་ཚུལ་ཤེས་དང་། དེའི་སློབ་མ་མཁས་གྲུབ་གཡོར་པོ་མེ་དཔལ་ཡིན། ཁོང་གིས་དགོངས་མཛོད་ཆེན་པོའི་ཉམས་ཁྲིད་ཨ་ཁྲིད་ཐུན་མཚམས་བརྒྱད་དམ་བཅུ་པ་ཟེར་བ་ཞིག་ཡི་གེར་བཀོད། དེ་ནི་ད་སྐབས་མཇལ་ཡུལ་དུ་ཡོད། དེའི་སློབ་མ་འ་ཞ་འགྲོ་འགྲོ་མགོན་བདུད་རྩི་རྒྱལ་མཚན་ཡིན། དེའི་ཞབས་ལ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་བཏུགས་ཤིང་ཁོང་གིས་ཀྱང་ཨ་ཁྲིད་ཐུན་མཚམས་བཅུ་གསུམ་པ་ཞེས་པ་ཞིག་བརྩམས། དེ་ད་ལྟ་མཇལ་ཡུལ་དུ་ཡོད་མེད་མ་ཤེས་སོ། དེའི་ཆ་ལག་གི་ཚུལ་དུ་གགས་སེལ་གྱི་གདམས་པ་མུན་སེལ་སྒྲོན་མ་དང་། ཨ་ཁྲིད་འཕྲུལ་འཁོར་བཞི་བཅུ་པ། བར་དོའི་གནད་དོན་བཞི་པ་སོགས་བརྩམས། དེ་དག་ད་སྐབས་མཇལ་ཡུལ་དུ་ཡོད། དེས་བྲུ་འདུལ་བ་རིན་པོ་ཆེ་ལ་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྐྱངས་པས་བཟུང་འཛིན་གྱི་མཚན་མ་མཁའ་ལྟར་གྲོལ་ཏེ། མཐའ་བྲལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པར་གྱུར། དགོངས་མཛོད་རི་ཁྲོད་ཆེན་པོའི་མཛད་སྲོལ་ཇི་ལྟ་བ་བཞིན་སྒོམ་སྒྲུབ་གྱི་རྐང་བཙུགས་ཏེ། གནས་དང་འགྲོ་དོན་ཕྱོགས་མེད་དུ་རྫོགས་པ་ཆེན་པོའི་འཁོར་ལོ་བསྐོར་བས་ཀུན་གྱི་སྤྱི་ཕུད་ལྟ་བུར་གྱུར་ནས། བསྟན་པ་རིན་པོ་ཆེ་དར་རྒྱས་ཕྱོགས་མེད་ཀུན་ཏུ་འཕེལ་བའོ། དེའི་སློབ་མ་བྲུ་རྒྱལ་བ་རིན་པོ་ཆེ་ཡིན་ལ་ཁོང་གིས་ཀྱང་། གཡས་རུའི་ཨ་ཁྲིད་ཀྱི་འཆད་ཐབས་དང་། རྟོགས་ལྡན་ཉམས་བརྒྱུད་ཀྱི་རྣམ་ཐར་རིན་ཆེན་ཕྲེང་བ། མན་ངག་ཁྲིད་ཀྱི་རིམ་པ་ལག་ལེན་ཐུན་མཚམས་དང་བཅས་པ། ངོ་སྤྲོད་རིན་ཆེན་གསལ་འདེབས་རྒྱབ་སྐྱོར་གྱི་གདམས་པ། གདམས་པ་རིན་པོ་ཆེ་ཨ་ཁྲིད་ཀྱི་འཕོ་བ་ཡེ་ཤེས་ཟངས་ཐལ། གདམས་པ་རིན་པོ་ཆེ་ཨ་ཁྲིད་ཀྱི་གཏམ་རྒྱུད་རྒྱལ་བུ་སྟོན་ཐུན། ཀུན་ཏུ་བཟང་པོའི་འཆི་རྟགས། མན་ངག་རིན་པོ་ཆེ་ཨ་ཁྲིད་ཀྱི་སྔོན་འགྲོའི་ཚིག་བཤད་བཅས་བརྩམས། དེ་ནི་ད་སྐབས་ཡོངས་སུ་གྲགས་པའི་ཨ་རྫོགས་སྙན་གསུམ་གྱི་ཡ་གྱལ་གྲུ་ཚང་གི་ཨ་ཁྲིད་ཆེན་མོ་ཐུན་མཚམས་བཅོ་ལྔ་པ་ཞེས་པ་དེ་ཡིན་ནོ།།

་་་་་་་་་་་་་་་་དེའི་ཕྱག་ལེན་བདག་གི་རྩ་བའི་བླ་མ་དམ་པ་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་ཆེན་མོའི་ཞལ་ཁྲིད་གནང་སྟངས་ཞིག་འདིར་འཆད་པར་སྤྲོའོ། དེ་ཡང་ཐོག་མར་ལོ་རྒྱུས་ཀྱི་ཁུངས་བཙུན་ཞིང་གདམས་ངག་ལ་ངེས་ཤེས་སྐྱེ་བ་དང་། གྲུབ་ཐོབ་བླ་མ་རྣམས་ཀྱིས་ཐོས་བསམ་དང་ཉམས་ལེན་ཇི་ལྟར་བྱས་ཚུལ་ལ་སྒྲོ་འདོགས་ཆོད་པའི་ཆེད་དུ་ཨ་ཁྲིད་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་ཞིབ་ཕྲའི་སྒོ་ནས་འགྲེལ་བཤད་བཀྱོན་བ་དང་། དེ་ནས་གཡས་རུའི་ཨ་ཁྲིད་ཀྱི་འཆད་ཐབས་ལྟར། དང་པོ་གཞུང་གི་བླ་མ་བཀའ་དྲིན་ནས་ཁྲིད་ཀྱི་རིམ་པ་གསུམ་ཡན། དེ་ནས་རྒྱབ་སྐྱོར་གྱི་ངོ་སྤྲོད་ནས་གྱེར་མིས་གསུངས་ཡན་ཞེས་གསུང་པ་ལྟར་གཞུང་ཐུན་མཚམས་བཅོ་ལྔ་པ་དང་དེའི་རྒྱབ་སྐྱོར་གཉིས་ཨ་ཁྲིད་འཆད་ཐབས་ལྟར་སྦྲག་ལེན་ཇི་བཞིན་གནང་ནས་སློབ་མ་རྣམས་ཀྱིས་ཚིག་ལ་སྒྲོ་འདོགས་ཆོད་ཅིང་དོན་ལ་ལག་ལེན་ཐེབས་ངེས་པའི་ཞལ་ཁྲིད་གསལ་ཞིང་རྒྱས་པ་གོ་བདེ་བར་གནང་སྲོལ་འདུག ཉམས་སུ་ལེན་ཚུལ་ནི། ཐུན་མཚམས་རེར་ཉིན་བདུན་རེ་དང་། ཉིན་རེར་ཐུན་བཞི། ཐུན་རེར་ཆུ་ཚོད་གཅིག་དང་ཕྱེད་ཀ་རེར་གཞུང་ལས་ཇི་ལྟར་གསུང་པ་ལྟར་བསྐྱེད་རྫོགས་དང་གྲངས་གསོག་གང་དགོས་ཚུལ་བཞིན་བྱེད་དགོས་ཚུལ་ཡང་ཡང་ནན་བཤད་གནང་གིན་འདུག མཇུག་ཏུ་ཨ་ཁྲིད་ཀྱི་འཕོ་བ་ཉིན་བདུན་སྦྱོང་དགོས། ཉིན་རེར་ཐུན་བཞི། ཐུན་མགོར་ཨ་ཁྲིད་སྔོན་འགྲོ་ཆ་ཚང་ཚར་གཅིག་འདོན། དེ་ནས་འཕོ་བའི་བསྐྱེད་ཆོག་བྱ། ཧིག་གིས་བདུན་སྤར། དེ་ནས་གསོལ་འདེབས་སྤྱི་གཙུག་བདེ་བ་ཆེན་པོ་ཞེས་པའི་ཚིག་བཞི་དེ་བླ་མའི་རྣལ་འབྱོར་གྱི་དབྱངས་བྱ་བཞིན་ཚར་གཅིག་བརྗོད་ནས་བདུན་སྤར། དེ་འདྲ་ལན་དྲུག་བྱ། མདོར་ན་ཐུན་རེ་ལ་གསོལ་འདེབས་རྒྱས་པ་ཚར་གཅིག་དང་བསྡུ་མ་ཚར་དྲུག་སྟེ་ཁྱོན་སྡོམ་ཚར་བདུན། ཧིག་གིས་སྤར་བ་བདུན་བདུན་བཞི་བཅུ་ཞེ་དགུ་འགྲོ་དགོས། སྐབས་དེར་རིག་འཛིན་འདུས་པའི་ཚོགས་འཁོར་འདོན། དེ་ནས་གག་སེལ་འཕྲུལ་འཁོར་བཅོ་ལྔ་པ་དང་། ཀུན་ཏུ་བཟང་པོའི་འཆི་རྟགས་བཅས་ཁྲིད་མཇུག་འགྲིལ་གནང་གིན་འདུག ཁོ་བོས་ཀྱང་རྩ་བའི་བླ་མ་དམ་པ་ཁོང་གི་ཞལ་སྔ་ནས་རྫོགས་པ་ཆེན་པོ་ཨ་ཁྲིད་ཀྱི་གདམས་པ་ཆ་ཚང་ཞལ་ཁྲིད་རྒྱས་པ་ཚར་གསུམ་ཉན་རྒྱུའི་གོ་སྐབས་བྱུང་བས་སྤོབས་པ་རྒྱས་ཤིང་ཚད་མེད་པའི་དགའ་བ་འཕེལ་བཞིན་ཡོད། བྲུ་རྒྱལ་བའི་མདུན་ནས་རྟོགས་ལྡན་ནམ་མཁའ་འོད་ཟེར་གྱིས་ཞུས་ནས་ཚིག་དོན་མ་ལུས་པ་ཁོང་དུ་ཆུད། གཡས་རུ་མཁར་སྣའི་གསང་ཕུག་ལ་བཞུགས་ནས་རྩེ་གགཅིག་ཡེངས་མེད་དུ་ཉམས་སུ་བླངས་པས། རིག་སྟོང་འོད་གསལ་ཆེན་པོའི་དོན་རྟོགས་ནས། རྟོགས་ལྡན་འཁྲུལ་ཞིག་ཆེན་པོར་གྱུར་ཏོ། རྟོགས་ལྡན་ཆེན་པོ་དེས་མཐའ་བྲལ་བསོད་ནམས་རྒྱལ་མཚན་ལ་བརྒྱུད། དེ་ཡང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོར་གྱུར་ནས་གདན་ས་ཆེན་པོ་གཡས་རུ་མཁར་སྣར་བཞུགས་ནས་ཕྱི་ནང་གསང་གསུམ་གྱི་བོན་འཆད་འཁྲིད་རྒྱ་ཆེར་མཛད། དོན་ལྡན་གྱི་སློབ་མ་མང་དུ་བྱུང་བའི་ནང་ནས་མཆོག་ཏུ་གྱུར་པ་འདམ་སྟོན་ཚུལ་ཁྲིམས་འོད་ཟེར་དང་བྲུ་མཚུངས་མེད་བསོད་ནམས་བློ་གྲོས་དེ་དག་བྱོན་པའོ། མཚུངས་མེད་བསོད་བློས་སྤྲུལ་སྐུ་རྣམ་རྒྱལ་ཀ་ར་ལ་བརྒྱུད། དེས་མཁས་གྲུབ་རིན་ཆེན་བློ་གྲོས་ལ་བརྒྱུད། དེས་མཁས་གྲུབ་ཆེན་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་བརྒྱུད། རྗེ་རིན་པོ་ཆེས་གཡུང་དྲུང་བོན་མདོ་སྔགས་མདོ་སེམས་གསུམ་རིག་པའི་གནས་དང་བཅས་པ་ཁོང་དུ་ཆུད་ནས་གྲྭ་ས་ཆེན་པོ་བཀྲ་ཤིས་སྨན་རི་བསྐྲུན། ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་ལ་འཆན་ཉན་དང་མར་ངོ་ལ་བསྙེན་སྒྲུབ་ཀྱི་བྱ་བ་རླབས་པོ་ཆེ་མཛད་ནས་ཐོས་བསམ་ཁོ་ནར་ལྷུར་ལེན་པ་མ་ཡིན་པར་ཐོས་བསམ་སྒོམ་གསུམ་ཟུང་འབྲེལ་དུ་གནང་བ་ནི་འགྲོ་བའི་རྒྱུད་ཀྱི་ཉོན་མོངས་ཀྱི་གཉེན་པོ་འགྲོ་ངེས་པའི་མཛད་པ་རྒྱ་ཆེར་བསྐྱངས།

་་་་་་་་་་་་་་ད་དུང་གཞན་གྱི་འགྲན་ཟླ་མེད་པའི་བཀའ་བརྟེན་ཆེན་པོ་འཕྲུལ་སྒྲོན་རྣམ་ལྔ་སོགས་བརྩམས། དཔེར་ན་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་ལྟ་བུ་ལ་མཚོན་ན། གངས་ཅན་ལྗོངས་ཀྱི་ཚད་མ་ཡོངས་སུ་རྫོགས་པའི་སྙིང་བཅུད་ལྟ་བུ་ཡིན་ལ། དེ་ཡང་ཚིག་ཚོགས་ཉུང་ཞིང་དོན་གྱི་སྙིང་པོས་ཕྱུག་པ། གོ་དཀའ་བའི་ཐ་སྙད་ཀྱི་རིགས་དབེན་ཞིང་ཚིག་སྒྲུབ་ཀྱི་འགྲོས་ལེགས་པ། འཁྱར་འཁྱོར་གྱི་རྟགས་གསལ་དང་ཉག་ཉོག་གི་ཚིག་ལྷད་མེད་ཅིང་དུས་རབས་ཀྱི་འགྲོས་དང་མཐུན་པ། ཚིག་བློ་ལ་འཛིན་སླ་བས་གསར་བུ་ཀུན་གྱིས་འཇུག་པ་བདེ་བ། མཁས་པ་ཀུན་གྱི་ལེགས་ཚོགས་བསྡུས་ཤིང་གཞུང་ཆེན་མོའི་ལྡེ་མིག་ཏུ་འགྱུར་ངེས་པ། ལན་གྲངས་ཇི་ལྟར་མང་པོ་ལྟས་ཀྱང་དེའི་ཚོད་ཀྱི་རྣམ་་དཔྱོད་གསར་པ་རེ་སྦྱིན་ངེས་པའི་ཁྱད་བོན་དུ་མས་བརྒྱན་པ་མ་ཟད། གཞུང་འདིའི་རྩོམ་པ་པོ་རྗེ་རིན་པོ་ཆེ་ནི། ཤེས་རབ་ཀྱི་རྣམ་དཔྱོད་ཟབ་ཅིང་གྲུབ་མཐའི་ཆགས་སྡང་གིས་དབེན་པའི་དག་སྣང་གི་རྣམ་པར་ཕྱུག་པའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་པར་གསལ་བར་བསྟན་ཡོད། ད་དུང་བསྡུད་འགྲེལ་གསལ་བའི་སྒྲོན་མ་དང་གབ་འགྲེལ་གསལ་བྱེད་ཉི་མའི་དཀྱིལ་འཁོར་འདི་གཉིས་ལ་ཐུན་མིན་གྱི་ཁྱད་བོན་མང་དུ་འདུག་ནའང་སྐབས་དོན་མིན་པས་ལན་གཅིག་བཞག རྗེ་རིན་པོ་ཆེའི་མདུན་ནས་བསྟན་འཛིན་ཆེན་པོ་རིན་ཆེན་རྒྱལ་མཚན་གྱིས་ཨ་ཁྲིད་མ་བུ་ཆ་ལག་དང་བཅས་པ་ཞུས་ནས་ཚིག་དོན་མ་ལུས་པར་ཐུགས་སུ་ཁྲེམ་པར་གནང་། བསྟན་འཛིན་ཆེན་པོ་དེས་རྣམ་སྤྲུལ་ནམ་མཁའ་ཡེ་ཤེས་ལ་བརྒྱུད། དེས་མཁས་གྲུབ་ཀུན་བཟང་རྒྱལ་མཚན་ལ་བརྒྱུད། དེས་རང་ཤར་རིན་ཆེན་རྒྱལ་མཚན། དེས་གཙུག་རྒྱན་ཚུལ་ཁྲིམས་རྒྱལ་མཚན། དེས་ཀུན་མཁྱེན་བསོད་ནམས་ཡེ་ཤེས། དེས་སྨྲ་སེང་བསོད་ནམས་གཡུང་དྲུང་། དེས་མགྲོ་མགོན་ཤེ་ཙུ་དྲུང་མུ། དེས་རྒྱལ་སྲས་ཤེས་རབ་འོད་ཟེར། དེས་དགོངས་ལྡན་གཡུང་དྲུང་རྒྱལ་མཚན། དེས་འགྲན་བྲལ་ཤེས་རབ་བློ་གྲོས། དེས་གྲུབ་ཆེན་ཤེས་རབ་འོད་ཟེར། དེས་མཐའ་བྲལ་གཙུག་ཕུད་འོད་ཟེར། དེས་མཁས་མཆོག་གཡུང་དྲུང་ཚུལ་ཁྲིམས། དེ་ནི་གསང་བ་སྔགས་ལ་མཁས་པ་ཕུལ་དུ་ཕྱིན་པའི་སྐྱེས་བུ་ཞིག་ཡིན། ཁོང་གིས་མཛད་པའི་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་མངོན་རྟོགས་ཀུན་བཟང་དགོངས་རྒྱན་དང་། བྱམས་མའི་མངོན་རྟོགས་ཐར་ལམ་གས་བྱེད། ཀློང་རྒྱས་སྐབས་ཆོག་ཟིན་རིས་སོགས་རྒྱུད་སྡེའི་དགོངས་པ་ཇི་བཞིན་གཏན་ལ་ཕབས་པའི་བཀའ་བརྟེན་ཡང་མང་། དེས་གསང་སྒོམ་རིན་ཆེན་འོད་ཟེར། དེས་འདོད་འབྱུང་རིན་ཆེན་ལྷུན་གྲུབ། དེས་འགྲོ་མགོན་ཤེས་རབ་བསྟན་འཛིན། དེས་ཀུན་མཁྱེན་ཤེས་རབ་དབང་རྒྱལ། དེས་དགྲ་བཅོམ་གཡུང་དྲུང་དབང་རྒྱལ། དེས་རང་གྲོལ་ཕུན་ཚོགས་རྣམ་རྒྱལ། དེས་ཀུན་གྲོལ་བསོད་ནམས་བློ་གྲོས། དེས་སྣང་སྟོན་ཟླ་བ་རྒྱལ་མཚན། དེས་ཀུན་མཁྱེན་ཉི་མ་བསྟན་འཛིན། དེས་མཆོག་སྤྲུལ་བསོད་ནམས་ཕུན་ཚོགས། དེས་འགྲོ་མགོན་ཤེས་རབ་གཡུང་དྲུང་། དེས་སྐལ་བཟང་ཉི་མ་ཏོག་རྒྱན། དེས་རྣམ་འདྲེན་ཕུན་ཚོགས་དབང་རྒྱལ། དེས་མཁན་ཆེན་ཤེས་རབ་བློ་ལྡན་ལ་བརྒྱུད། དེས་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་ལ་བརྒྱུད། དེས་སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ལ་བུམ་པ་གང་བྱོའི་ཚུལ་དུ་གནང་། རིན་པོ་ཆེས་ཀྱང་ཚིག་དོན་མ་ལུས་པར་ཁོང་དུ་ཆུད་ནས་མཁས་ཤིང་གྲུབ་པའི་ཁྱུ་མཆོག་ཆེན་པོར་གྱུར། དེར་མ་ཟད་གཤེན་འཛམ་གླིང་རིན་པོ་ཆེ་དང་། སྨན་རིའི་མཁན་ཆེན་བསྟན་པ་བློ་གྲོས། ཡོངས་འཛིན་སངས་རྒྱས་བསྟན་འཛིན་སོགས་མཁས་ཤིང་གྲུབ་པའི་དབང་པོ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་པས་གཡུང་དྲུང་བོན་མདོ་སྔགས་རྫོགས་གསུམ་གྱི་དགོངས་པ་མངོན་དུ་གྱུར་ནས་དེ་དག་ཐམས་ཅད་ཀྱི་བདག་གིར་འཛིན་ཞིང་དབང་ལུང་མན་ངག་གི་བརྒྱུད་པའི་རྐང་འཛིན་པའི་སྐྱེས་བུ་བླ་ན་མེད་པ་ཞིག་ཏེ། རྗེ་མཉམ་མེད་ཆེན་པོ་དང་མི་གཉིས་པར་བཞུགས་ནས་ད་ལྟ་དགུང་ལོ་གོ་བཞི་ལ་ཕེབ་ནས་ཀྱང་ད་དུང་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་འདི་ནི། བདག་ཅག་གི་བསོད་ནམས་ཀྱི་བགོ་སྐལ་ཆེན་པོ། བོན་འབངས་ཡོངས་ལ་དབང་བའི་མ་བགོས་སྤྱི་ལ་བཞག་པའི་ནོར་བུ་ཞིག་ཡིན། ཞེས་པ་འདི་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་གྱིས་འཚོ་བའི་སྒྲུབ་གྲྭའི་མཁན་མིང་འཛིན་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་དབྱིན་ཇིའི་རྒྱལ་ས་ལོན་དྲོན་ལ་སྤྱི་ལོ་༢༠༡༨ཟླ་བ་༡༠ཚེས་༨ཉིན་མཇུག་རྫོགས་པར་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *