རྩོམ་ཡིག་འདི་ཐེངས། 126138 བཀླགས་འདུག
༼༢༠༡༨ལོའི་ཉིན་ཐོ་ལས་ཟིན་བྲིས་སུ་བཏབ་པ།༽
བདུན་ཕྲག་གཅིག་གི་རྗེས་ནས་འཆར་ཅན་ལྟར་ལོ་རེའི་ལོ་མཇུག་གི་ཟླ་གཅིག་བསྙེན་སྒྲུབ་ཀྱི་མཚམས་ལ་སླེབ་ཡོད། བསྙེན་མཚམས་ཀྱི་སྒོ་དམ་པོར་མ་བཅད་པའི་སྔོན་རོལ་དུ་རྫོགས་ལ་ཉེ་ཞིང་དྲོད་ཀྱིས་སྐྱིལ་བའི་ལོ་སྟེ་༢༠༡༨ལོའི་ནང་གི་ལས་དོན་འགའི་སྐོར་ཉིན་ཐོ་རུ་བྲིས་པ་རྣམས་ཕྱོགས་གཅིག་ཏུ་བསྡུ་ནས་ཟིན་བྲིས་སུ་འབྲི་རྒྱུ་ཡིན། ཕྱི་ལོ་༢༠༡༨ལོའི་ཟླ་༢པར་རྒྱལ་གཤེན་བོན་ཚོགས་སུ་སྟོན་པ་སངས་རྒྱས་ཀྱི་འཁྲུངས་མཆོད་གྲུབ་པའི་ཉིན་ཤས་རྗེས་ལྷོ་ཨ་རིའི་ཁུལ་དུ་དཔེ་ཁྲིད་ཆེད་སྐྱོད་ཅིང་དཔེ་ཁྲིད་གྲུབ་མ་ཐག་པ་སྟེ་ཟླ་དེའི་ཚེས་༡༡ཉིན་བལ་ཡུལ་དུ་ལམ་ལ་ཆས། དེའང་ཕུ་བོ་བྱ་འཕུར་ཀུན་བཟང་རྒྱལ་མཚན་དང་བློ་གྲོས་རྒྱལ་མཚན་སོགས་བྱ་འཕུར་ཚེ་དབང་རིག་འཛིན་གྱིས་༧གདན་ས་ཆེན་པོ་སྨན་རིའི་གླིང་དུ་ལོ་མང་རིང་ཐོས་བསམ་གྱི་འཁོར་ལོར་དཀའ་བ་སྤྱད་དེ་རབ་འབྱམས་པའི་མཛད་སྒོར་བོད་ནས་ཆེད་དུ་འོང་བ་ཡིན་པས་ཕྲན་བསུ་མ་དང་སྣེ་ཁྲིད་དུ་བཅར་བ་ཡིན། འདི་ནི་ཕུ་བོ་གསུམ་སོགས་ནང་མི་རྣམས་ལ་ལོ་ཉེར་གསུམ་རྗེས་སུ་བྱུང་བའི་ནང་མའི་ཐུག་འཕྲད་ཀྱང་ཡིན་པས་དང་པོར་དགའ་བའི་མིག་ཆུའི་ཀློང་ནས་འཕྲད་ཅིང་བར་དུ་དགའ་སྤྲོའི་ཀློང་ནས་རྒྱ་བལ་གྱི་རི་ལུང་གནམ་ཐོག་ནས་བརྒལ།
ཟླ་དེའི་ཚེས་༡༧ཉིན་གདན་ས་ཆེན་པོ་སྨན་རིའི་གླིང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱི་གསེར་ཞལ་དངོས་སུ་མཇལ་ཞིང་ཚེས་༢༣དང་༢༤སྔ་ཕྱིར་བྱ་འཕུར་དགེ་བཤེས་ཀུན་བཟང་རྒྱལ་མཚན་རིན་པོ་ཆེ་དང་། ཁོ་བོ་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་གཉིས་༧གདན་ས་ཆེན་པོ་སྨན་རིའི་གླིང་དུ་བླ་མ་ཁྲི་བའི་ཁྲི་བཞེངས་ཀྱི་མཛད་སྒོ་སྤེལ། དེའང་མདོ་སྨད་སྣང་ཞིག་དགོན་ཆེན་ནས་ཇི་ལྟར་གསོལ་བ་བཏབ་ཟིན་པ་བཞིན་ཁོ་བོ་༧གདན་ས་ཆེན་པོ་སྨན་རིའི་གླིང་ནས་བླ་ཁྲིའི་ཁྲི་བཞེངས་སྐོར་དཔོན་གསས་བླ་མ་ཞིང་གཤེགས་དམ་པ་༧སྐྱབས་རྗེ་ཁྲི་འཛིན་སོ་གསུམ་པས་ཐུགས་དགྱེས་པའི་ངང་ནས་ཞལ་བཞེས་དང་ཟླ་དུས་སོགས་གཏན་འཁེལ་ལེགས་པར་གྲུབ་ཡོད། གཅེན་པོ་བྱ་འཕུར་ཀུན་བཟང་རྒྱལ་མཚན་གྱིས་གྲྭ་ས་ཆེན་པོའི་ལུགས་སྲོལ་ཇི་ལྟར་དང་པོར་སྨན་རི་ཚང་གི་ཚོགས་སྣེ་རུ་ཞུགས་ཤིང་རིམ་གྱིས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་སྐུ་མདུན་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཞུས་པར་མཚན་དུ་ལུང་རྟོགས་ཀུན་བཟང་རྒྱལ་མཚན་ཞེས་བསྩལ།
གཅེན་པོ་ཁོང་སྨན་རིར་བཞུགས་རིང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་སྐུ་མདུན་ནས་རྫོགས་པ་ཆེན་པོ་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་ཀྱི་ལུང་ཆ་ཚང་དང་། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ཆེན་པོའི་སྐུ་མདུན་ནས་ཚེ་སྒྲུབ་བྱ་རུ་མའི་ཁྲིད་སོགས་ཞུས། དེ་བཞིན་བཀྲ་ཤིས་པའི་དགེ་བཤེས་མཛད་སྒོ་ཡོངས་སུ་གྲུབ་མཚམས་ཕྱི་ཟླ་༣པའི་ཚེས་འགོར་ངེད་ཅག་ནང་མི་ལྷན་རྒྱས་ཝཱ་ར་ཎ་སི་དང་རྡོ་རྗེ་གདན་སོགས་ལ་བལྟ་སྐོར་དུ་ཕྱིན། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་དུར་ཁྲོད་བསིལ་བ་ཚལ་མ་རྒྱུད་ཀྱི་གནས་ཁྱད་པར་ཅན་ཞིག་ཡིན་པས་དེར་འགྲོ་ཐུབ་ན་ལེགས་ཚུལ་གསུངས་ཀྱང་། དབྱར་གྱི་ཚ་བའི་ངར་ཤུགས་ཉིན་རེ་ནས་ཉིན་རེར་ཇེ་ངར་ནས་ཇེ་ངར་ཡིན་པས་བོད་ནས་གསར་དུ་འབྱོར་བའི་ནང་མི་རྣམས་ལ་དཀའ་ངལ་འཕྲད་རྒྱུར་དོགས་ནས་རྡོ་རྗེ་གདན་ནས་རིམ་གྱིས་རྒྱ་བལ་གྱི་ས་མཚམས་བརྒལ་ཏེ་བལ་ཡུལ་གྱི་གནས་ཆེན་ཁག་ལ་མཇལ་སྐོར་དུ་ཕྱིན།
དེ་རྗེས་བོན་གྱི་འདུས་སྡེ་ཆེན་པོ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་མཁན་པོ་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་སོགས་ལ་མཇལ་ཞིང། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་ནས་རྫོགས་ཆེན་ཞང་ཞུང་སྙན་རྒྱུད་ལས་སྒྲོན་མ་དྲུག་སོགས་ཀྱི་དཔེ་ལུང་ཞུས། སྟོན་པ་གཤེན་རབ་ཀྱིས་བྱིན་གྱིས་བརླབས་པར་གཟེར་མིག་སོགས་ལུང་ལས་བསྔགས་པའི་འཕགས་པ་ཤིང་ཀུན་དང་། མཆོད་རྟེན་བྱ་རུང་ཁ་ཤོར། དེ་བཞིན་བལ་པོའི་རྒྱལ་སའི་ལྷོ་ནུབ་མཚམས་ནས་རླངས་འཁོར་ནང་ཆུ་ཚོད་གཅིག་ཙམ་སོང་བར་རི་ལུང་ཕལ་ཆེ་བ་བོད་ཀྱི་ལྷ་ཁང་དང་མཚམས་ཁང་སོགས་ཀྱིས་བདག་ཏུ་བཟུང་བའི་ས་གནས་Pharpingངམ་ཡང་ལེ་ཤོད་ཅེས་པར་སོང་། རྡོ་སྐས་རིང་མོ་ཞིག་བརྒྱུད་ནས་ཡར་འཛེགས་པ་ན་བོད་པ་ཚང་གི་གནས་བཤད་སྤྱི་མཚུངས་བཞིན་སྒྲོལ་མ་རང་འབྱོན་དང་། གུ་རུའི་སྒྲུབ་ཕུགས། གུ་རུའི་ཕྱག་རྗེས་སོགས་ཡོད་པ་གཅིག་མཚུངས་ལྟར་སྣང་། ཕྱག་རྗེས་ཡོད་སའི་བྲག་ཕུགས་དེ་ནི་ཨ་སུ་ར་ཡི་སྒྲུབ་ཕུགས་ཞེས་པ་དེ་ཡིན་འདུག་ལ།
ཡུལ་ལུང་དེ་གའི་མི་རབས་རྒན་པ་འགའི་བཤད་སྲོལ་གོ་བར་ལོ་ངོ་བཞི་བཅུའི་གོང་དུ་བོད་ཀྱི་བླ་མ་ཞིག་བྲག་ཕུགས་དེར་ཡུན་རིང་པོར་མཚམས་ལ་བཞུགས་པའི་རྗེས་སུ་ཕྱག་རྗེས་དེ་ཡང་མཐོང་ཡུལ་དུ་གྱུར། བླ་མ་ཁོང་ནི་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་སྨན་དང་རྩིས་ལ་མཁས་པའི་གྲགས་པ་ཅན་ག་རྒྱ་འགྲམ་ནག་གི་སྐུ་མཆེད་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ་མཆོག་ཡིན་འདུག བོན་གྱི་༧གདན་ས་ཆེན་པོ་རབ་ལེགས་གཡུང་དྲུང་གླིང་གི་དཔོན་སློབ་ཞིང་གཤེགས་དམ་པ་ཀུན་གསལ་བློ་གྲོས་ཀྱི་བསྟན་རྩིས་ལྷ་རྒྱུད་ཕྲེང་བ་ལྟར་ན་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་ཕྱག་རྗེས་ཡིན་ཚུལ་ཡང་བྲིས་ཡོད་པ་ཐོས། འོན་ཀྱང་ད་ཆར་གུ་རུའི་ཕྱག་རྗེས་ཡིན་ཚུལ་ཡོངས་གྲགས་ཡིན་པ་འདྲ། སྒྲུབ་ཕུགས་དེའི་གཤམ་ནས་གཡོན་ངོས་སུ་སོང་ན་ལྷ་ཁང་ཤིང་གི་རྒྱ་ཕིབས་ཅན་དུ་གཞན་སྡེས་མཁའ་འགྲོ་ཕག་གདོང་མ་དང་བོན་ཕྱོགས་ནས་མཁའ་འགྲོ་ཐུགས་རྗེ་ཀུན་གྲོལ་གྱི་སྐུ་འདྲ་སོགས་ལ་མཇལ། ཕྱིར་བལ་ཡུལ་རྒྱལ་ས་རུ་ལོག་པའི་ལམ་བར་ལམ་གཡོན་ངོས་ཀྱི་བྲག་རྫོང་ཞིག་ཏུ་བོན་ལུགས་གསང་མཆོག་རྒྱལ་པོ་མ་རྒྱུད་ཀྱི་གནས་ཆེན་ཉེར་བཞིའི་ནང་ཚན་”ཨ་སུ་ར་ཡི་མཁའ་འགྲོ་སྟག་གདོང་ལྔ་”ཞེས་པའི་སྟག་གདོང་ལྔ་བྲག་ངོས་ནས་འབུར་དུ་དོད་པའང་གསལ་བོར་མཇལ་ཐུབ་པ་འདུག
སྟག་གདོང་གི་ཟུར་དུའང་བྲག་ཕུགས་ཆུང་ཙམ་ཞིག་དང་། བོད་ཀྱི་སྒྲུབ་གནས་འབྲིང་ཙམ་ཞིག་འདུག གོ་ཐོས་ལ་སྒྲུབ་གནས་དེ་སྔ་འགྱུར་རྙིང་མའི་བླ་མ་ཆེ་གྲས་ཞིང་གཤེགས་བྱ་བྲལ་རིན་པོ་ཆེའི་བཞུགས་གནས་ཡིན་སྐད། དེར་མ་ཟད་སྟོན་པ་ཤཱཀ་ཐུབ་ཀྱིས་སྟག་མོར་ལུས་ཀྱི་སྦྱིན་པ་བཏང་བའི་གནས་ཀྱི་ལམ་སྐབས་སུ་འཇམ་པའི་དབྱངས་ཀྱི་རལ་གྲིས་བཅད་པའི་རི་བོའི་འཕྲང་ཤུལ་ཟེར་བ་ཡང་མཐོང་། བལ་ཡུལ་དུ་ཉིན་ཤས་བསྡད་རྗེས་ནང་མི་རྣམས་བལ་ཡུལ་གནམ་ཐང་ནས་བོད་གངས་ཅན་ལྗོངས་སུ་བཀྲ་ཤིས་པའི་ངང་སྐྱེལ་མ་བྱས་པའི་རྗེས་ཏག་ཏག་སྟེ། ཕྱི་ཟླ་༤ཚེས་འགོར་ནས་བཟུང་ལས་དོན་གལ་ཆེན་ཞིག་གི་ཆེད་ཉིན་ལྔའི་རིང་ཕྲན་དཔལ་ལྡན་འབྲུག་Bhutanརྒྱལ་ཁབ་ཏུ་ཉིན་ལྔའི་རིང་ཕྱོགས་སྐྱོད་བྱས་ཤིང་ཉིན་མཐའ་མར་བོད་པས་སྤ་གྲོ་འམ་འབྲུག་པས་སྤ་རོ་Paroརུ་འབོད་པར་འབྱོར། སྤ་གྲོ་ནས་ཆུ་ཚོད་གཉིས་ལྷག་རིང་གོམ་བགྲོད་བྱས་རྗེས་སྤ་གྲོ་སྟག་ཚང་དུ་སླེབས། བོན་གཞུང་མན་ངག་གནད་ཀྱི་རྫོང་འཕྲང་ལས་གསལ་བའི་བོན་གྱི་དངོས་གྲུབ་བསྙེམས་པའི་གནས་བརྒྱད་ཀྱི་ནང་ཚན་“སྤ་གྲོ་སྟག་ཚང་ནི་སེང་གེ་ཕུག་ན་ཡོད་”ཅེས་པའི་སེང་གེ་ཕུག་དང་དེའི་གཡོན་ངོས་སུ་ཡོད་པའི་སྟག་ཚང་དུ་ཕྱིན།
བོན་དཔེ་ཕུར་བའི་རྒྱུད་ལས་སོགས་གསུང་རབ་མང་པོ་ཞིག་སེང་གེ་ཕུག་ནས་བཏོན་པའི་ལོ་རྒྱུས་ཀྱང་ཡོད། “སྤ་གྲོ་སྟག་ཚང་སེང་གེ་ཕུག་སྟེ། སྤ་དྲོ་ཕུག་གཅལ་གྱི་གཡོན་ངོས། བྲག་སོག་པོ་དམག་ལ་ཆས་པ་འདྲ་བའི་སྐེད་པ། སེང་གེ་དཀར་མོ་ཁ་གདངས་པ་འདྲ་བའི་འོག རུས་སྦལ་ནག་པོ་ཆུ་འཐུང་བ་འདྲ་བའི་འགབ། ཕ་བོང་སྡིག་རུ་ཅན་གྱི་རྩ་བ། བྲག་དམར་ནག་མེ་རི་བསྒྲེངས་པ་འདྲ་བའི་དབུས། བྲག་ཕུག་ཉི་མ་རིས་སུ་གཏེར་དུ་སྦས་ཏེ་བཀའ་ཡི་སྲུང་མ་དྲུག་ལ་གཏེར་བདག་ཏུ་བཅོལ་”ཞེས་གསལ་བ་ལྟར་སེང་གེ་ཕུག་ནི་སྟག་ཚང་གི་གཡས་ངོས་སུ་ཡོད་པ་མ་ཟད་གནས་བཤད་ཇི་ལྟ་བུར་དངོས་སུ་མཇལ། དེང་སང་དེའི་སྒོ་བྱང་ངོས་སུ་ཡེ་ཤེས་མཚོ་རྒྱལ་གྱིས་ཕུར་པ་སྒྲུབ་གནས་ཡིན་ཞེས་དབྱིན་བོད་ཟུང་འབྲེལ་གྱིས་བྲིས་འདུག ལུང་རིག་གཉིས་ཀའི་ལམ་ནས་དཔྱད་ན་སྤ་གྲོ་ཕུག་གཅལ་འདི་ཕལ་ཆེར་སྟག་ཚང་གི་གཡོན་ངོས་ཀྱི་བྲག་རྫོང་མཐུག་ས་དེར་ཡོད་དགོས་འདུག འོན་ཀྱང་སྟག་ཚང་ཕུག་ནས་གཡོན་ངོས་སུ་འགྲོ་སའི་སྒྲུབ་ཕུག་གི་སྒོ་ཆུང་གཏན་རྒྱག་བྱས་འདུག་པས་དེའི་ནང་དུ་འགྲོ་ཐབས་མ་བྱུང་། ཕྱོགས་གཅིག་ནས་བཤད་ན་སྟག་ཚང་ཡོད་སའི་བྲག་རྫོང་མཐུག་པ་པོ་དེའི་རྒྱབ་ནས་གཡས་སྐོར་བྱས་ཏེ་སོང་ན་ཕུག་གཅལ་དུ་འགྲོ་སའི་ཆེས་དོག་པའི་ལམ་ཁ་རེ་ཡོད་སྲིད་ཀྱང་། དེ་ལ་ཕལ་ཆེར་ཉི་མ་གཅིག་ལྷག་འགོར་སྲིད་པས་ད་ལན་དུས་ཚོད་ཀྱིས་རྐྱེན་འགྲོ་ཁོམ་མ་བྱུང་བས་ཕང་པོ་འདྲ་བྱུང་། སུ་ཞིག་དུས་ཚོད་ཀྱིས་འདང་མཁན་དང་ལག་པས་འཇོན་མཁན་ཚོ་དེར་ཕྱོགས་སུ་ཕེབ་ཐུབ་ན་བསྟན་དོན་གསར་པ་རེ་འགྲུབ་རྒྱུར་རེ་བ་ཆེན་པོ་འདུག་སྙམ་པ་བྱུང་།
ཕྱི་ཟླ་༤པའི་ཚེས་དཀྱིལ་དུ་ལཱ་བོ་Laoདང་ཐེ་ལཱན་ཏྲི་Thilandརྒྱལ་ཁབ་གཉིས་སུ་ཕྱོགས་བསྐྱོད་དང་། ཕྱི་ཟླ་༥་དང་༦པའི་ནང་དུ་ཡོ་གླིང་གི་རྒྱལ་ཁབ་བཞིའི་ནང་དུ་འཆར་ཅན་ལྟར་སློབ་མ་བརྒྱ་ཤར་རེ་ཙམ་ལ་བོན་གྱི་སྔགས་རྫོགས་སྐོར་དཔེ་ཁྲིད་བྱས། ཡོ་གླིང་སུ་པེན་Spainདུ་བཙུགས་པའི་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་ལ་འཆར་ཅན་ཟླ་རེའི་སྒོམ་སྦྱོང་སོགས་དུས་ཚོད་གཏན་འབེབས་བྱས། རྒྱལ་ཁབ་དེའི་ལྷོ་མཐའི་གླིང་ཕྲན་ཞིག་ཏུ་བདུན་ཕྲག་གཅིག་རིང་སློབ་མ་འགའ་དང་ལྷན་བསྙེན་མཚམས་ལ་བསྡད་ཅིང་ཞོར་དུ་ཀེགས་སེལ་དང་འཕྲུལ་འཁོར་སྐོར་བརྙན་པར་དང་བཅས་པའི་དེབ་ཆུང་ཞིག་འབྲི་འགོ་བརྩམས། སྤྱི་ཟླ་༧པའི་ནང་དུ་ཨ་རིར་ཕྱིར་སོང་ནས་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་དུ་སློབ་མ་དྲུག་ཅུ་ཙམ་ལ་རྫོགས་ཆེན་ཞང་ཞུང་སྙན་རྒྱུད་ལས་གཟེར་བུ་ཉེར་གཅིག་གི་སྐོར་ཁྲིད་ཅིང་སྔ་དགོང་དུ་སྦྱིན་པ་རྣམ་བཞི་སོགས་བོན་གྱི་སྲོལ་རྒྱུན་ལྟར་དབྱར་མཚམས་གྲ་གང་ལེགས་སུ་བྱས་ནས་འཚོགས། ཞར་ཞོར་དུ་འགྲུབ་ལ་ཉེ་བའི་རྫོགས་ཆེན་ཀུན་བཟང་སྙིང་ཏིག་དབྱིན་སྒྱུར་ཅན་ལ་ཞུ་དག་ཞུས།
ཕྱི་ཟླ་༨པའི་ཟླ་མཇུག་ཏུ་དཔོན་གསས་བླ་མ་༧སྐྱབས་རྗེ་བདེ་བར་གཤེགས་པའི་དགོངས་རྫོགས་མཆོད་འབུལ་དང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེའི་བཀྲ་ཤིས་དགྱེས་སྟོན་གྱི་མཛད་སྒོར་༧གདན་ས་སྨན་རིའི་གླིང་དུ་ཆེད་བཅར་ཞུས། སྐལ་བཟང་དགྱེས་སྟོན་གྱི་མཛད་སྒོ་དང་བསྟུན་རྒྱལ་གཤེན་དཔེ་སྐྲུན་ཁང་གིས་ཕྲན་གྱི་སྙན་དེབ་༼རྒྱལ་ཁམས་པའི་གླུ་སྐད་༽པར་དུ་བཏབ། དེར་མ་ཟད་༼ཞི་བདེ་རང་ལས་འཚོལ་ཐབས་༽ཅེས་པའི་དབྱིན་དེབ་ཀྱང་སྐབས་དེར་དཔར་ཁང་དུ་བསྐྱལ་ཟིན་ཡང་ནང་འཇུག་རི་མོ་འགའ་དུས་ཐོག་ཏུ་འབྲི་མ་ཐུབ་པས་དེ་མུར་ལུས། ཕྱི་ཟླ་༨པའི་ཟླ་མཇུག་ཏུ་རྒྱལ་དབང་ཀརྨ་པའི་གདན་ས་རུམ་བཏེགས་དགོན་དུ་སོང་ནས་བོན་གྱི་མ་རྒྱུད་ཐབས་དྲུག་ལམ་ཁྱེར་དང་རྒྱལ་བ་བཀའ་རྒྱུད་པའི་ན་རོ་ཆོས་དྲུག་བར་དུ་དཔྱད་བསྡུར་བྱས་པ་མ་ཟད་བོད་ཡིག་གི་ལམ་ནས་རྩོམ་ཡིག་ཅིག་ཀྱང་བྲིས།
འདི་ལོར་ཁོ་བོས་དྲོད་ཀྱིས་སྐྱིལ་བའི་འཛོམས་པ་ཡག་མོའི་འོད་ལམ་སྙེག་སྐབས་ཆེས་ཡིད་སྐྱོ་བའི་གནས་ཚུལ་ཞིག་བྱུང་བ་སྟེ་བདག་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་སྐྱེས་མཆོག་དམ་པ་མཁས་དབང་བོན་བརྒྱ་ཚང་ཞིང་ཁམས་གཞན་དུ་ཕེབས་སོང་བས་དེ་ལས་ཡིད་ཕང་བ་ཞིག་མ་བྱུང་། འོན་ཀྱང་༧སྐྱབས་རྗེ་དམ་པའི་དགུང་ལོའི་བབ་དང་མི་ཡུལ་དུ་བཞུགས་རིང་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་དོན་ཆེས་རླབས་ཆེན་པོ་ཞིག་གྲུབ་ཟིན་པར་བསམ་སྟེ་སྡུག་གི་མུན་པ་རང་སར་དེང་བའི་ཐབས་ལ་འབད། ཕྱི་ཟླ་༡༠པར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེས་རྩོམ་བྲིས་གནང་བའི་༼གནའ་རབས་བོན་གྱི་ཚིག་མཛོད་ཆེན་མོ་༽བཀུར་འོས་དགེ་བཤེས་འགའ་དང་ལྷན་དུ་རྩོམ་སྒྲིག་ཐེངས་གཉིས་པ་བྱས། ཟླ་དེའི་ཟླ་མཇུག་ཏུ་རྒྱ་ནག་གི་གྲོང་ཁྱེར་ཧྥུའུ་ཅན་དུ་འཚོགས་པའི་འཛམ་གླིང་ནང་པའི་ཚོགས་ཆེན་ཐེངས་ལྔ་པར་ཚོགས་བཅར་ཞུས་པ་དང་སྐབས་དེར་༧རྒྱལ་བ་གཤེན་སྲས་རིན་པོ་ཆེས་གཙོས་བོན་གྱི་བླ་སྤྲུལ་འགའ་དང་། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་གྲངས་༥༣ནས་ཕེབས་པའི་ནང་པའི་ཆོས་ལུགས་ཀྱི་དབུ་ཁྲིད་བརྒྱ་ཕྲག་མང་པོར་མཇལ་འཕྲད་ཀྱི་གོ་སྐབས་བཟང་པོ་བྱུང་།
ཚོགས་ཆེན་ལེགས་པར་གྲུབ་རྗེས་བཀའ་དྲིན་མཚུངས་ཟླ་བྲལ་བའི་བདག་གི་སྐྱེད་མ་དྲིན་མོ་ཆེ་དང་བཟའ་མི་ཚང་འཛོམས་ལ་མི་ལོ་ཉེར་གསུམ་རྗེས་སུ་ཐུག་རྒྱུའི་བསྐལ་བཟང་མངོན་དུ་ཤར་བ་དང་ནང་མི་ཚོ་དང་ལྷན་དུ་འགྲོ་མགོན་ཚེ་དབང་རིག་འཛིན་གྱི་གནས་རི་བྱིན་ཅན་གླང་ཆེན་འགྱིང་བའི་རི་བོ་峨嵋山དང་། རྒྱ་སྐད་དུ་ལོ་ཧྲན་ཏཱ་སྤུའུ་འམ་乐山大佛སྟོན་པ་ཆུ་གཟིགས་བཅས་ལ་གནས་མཇལ་དུ་ཕྱིན། དེར་མ་ཟད་པེ་ཅིན་དང་ཁྲི་འདུ་སོགས་སུ་བསྟན་པའི་གསལ་བྱེད་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་འགའ་དང་། ཞང་བོད་སྐོར་ལ་ཞིབ་འཇུག་པ། སྐད་སྒྱུར་བ་སོགས་བསྟན་དང་འགྲོ་བའི་དོན་ལ་མཛད་པ་དང་འཕྲིན་ལས་རྒྱ་ཆེར་སྐྱོང་བཞིན་པའི་བོན་གྱི་བླ་གྲྭ་དགེ་བཤེས་མང་པོར་མཇལ།
དེ་རིང་སྟེ་ཕྱི་ཟླ་༡༡ཚེས་༡༥ཉིན་ཡོ་གླིང་བྷེལ་རྒྱམ་Belgiumདུ་འབྱོར་རྒྱུ་ཡིན་ཞིང་དེ་གར་བརྟན་གཞི་བྱས་པའི་བདག་གི་གྲོགས་པོ་དབལ་གསས་མཐར་ཕྱིན་གྱི་ནང་མི་དང་ལྷན་ཕྲན་གྱི་སྐྱེས་སྐར་ལ་རོལ་རྗེས་ཕྱིར་ཨ་རིར་འགྲོ་རྒྱུ་ཡིན་པ་བཅས་སོ། །བྱ་འཕུར་བས་༢༠༡༨ལོའི་ཉིན་ཐོ་ལ་མིག་གཤེར་རོབ་ཙམ་བྱས་རྗེས་ཟིན་ཐོའི་ཚུལ་དུ་གནའ་བོར་ཏུ་རི་ཀའི་མིང་འགྱུར་དུ་ད་ལྟ་ཏུར་ཀི་རུ་འབོད་པའི་གནམ་ཐང་དུ་བྲིས་པའོ། །
བསམ་ཚུལ་ཕྲིས།