ནང་ཆེན་དང་བེ་རུ་དོན་ཡོད་རྒྱལ་པོ། སྐྱབས་མགོན་ཟླ་བ་རྒྱལ་མཚན། ད་དུང་ཨ་དཀར་དགོན།

རྩོམ་ཡིག་འདི་ཐེངས། 30499 བཀླགས་འདུག

RecentteachingsGWT

བཟའ་འཁོར་རེ་ཟུང་སྔོན་རྡོ་རྐོ་ཐུབ་བསྟན་ཉི་མ་མཆོག་ནས་«ནང་ཆེན་འབྲོང་ཤོག་དཔོན་ཁག་གི་ལོ་རྒྱུས་»དང་ཁོང་གིས་བྱས་པའི་«ཨག་གི་ཚྭ་རྫོང་»ཞེས་པ་གཉིས་ལག་རྐྱེན་དུ་བསྩལ་བྱུང་། «ནང་ཆེན་འབྲོང་ཤོག་དཔོན་ཁག་གི་ལོ་རྒྱུས་»བདུན་ཕྲག་གཉིས་ཀྱི་ངལ་གསོའི་བར་གསེང་ནས་བཀླགས་ཤིང་བློ་སྐྱེད་ཆེ་ཙམ་ཐོབ། དཔེ་ཆ་འདིའི་དེབ་ཚད་170mm x 240mmཡས་མར་ཅན་དང་ཤོག་ངོས་༢༠༠ལྷག་ཙམ་ལས་མི་འདུག་པས་དཔེ་ཀློག་ལ་གོམས་འདྲིས་ཆེ་བ་ཞིག་ཡིན་ཕྱིན་ཉིན་གཅིག་གི་ནང་བཀླག་འགྲུབ་པར་འགྱུར།  འོན་ཀྱང་། དཔེ་ཀློག་ལ་ཕྱི་གླིང་བ་ལྟ་བུའི་བྱང་ཤ་མེད་ཁར་ལེ་ལོས་ཁྱེར་བ་མང་ཞིང་དུས་ཚོད་ཀྱི་ཚད་བཀག་ཆེ་བས། བདུན་ཕྲག་གཉིས་ཀྱི་བར་གསེང་ནས་བཀླགས་དགོས་བྱུང་ཞིང་འདི་ནི་དེ་རིང་ཙམ་མ་ཡིན་པར་ནམ་རྒྱུན་གྱི་སྣང་ཚུལ་ཞིག་ཀྱང་ལགས༑

///////སྐབས་སུ་བབས་པ་གང་གླེང་འདོད་པ་ནི་ཅི་ཞེ་ན། «ནང་ཆེན་འབྲོང་ཤོག་དཔོན་ཁག་གི་ལོ་རྒྱུས་»དུ་གསལ་བའི་བོན་གྱི་བླ་ཆེན་སྐྱབ་མགོན་ཟླ་བ་རྒྱལ་མཚན་དང་སྐྱབ་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་དུ་གསར་བའི་སྦྲ་ཆེན་དགོན་ཁག་ཁ་ཤས་བཅས་ཀྱི་སྐོར་ཡིན༑ དེ་ཡང་«ནང་ཆེན་འབྲོང་ཤོག་དཔོན་ཁག་གི་ལོ་རྒྱུས་»དུ་“བེ་རུ་དོན་ཡོད་རྡོ་རྗེ་དང་བོན་རྙིང་མའི་བླ་མ་སྣང་ཞིག་ཟླ་བ་རྒྱལ་མཚན་གཉིས་ཡོན་མཆོད་ཟུང་འབྲེལ་བྱས་ནས། ཆབ་མདོ། བྲག་ཡབ། སྡེ་དགེ་སོགས་མདོ་ཁམས་ཀྱི་ཡུལ་ལྗོངས་ཕལ་ཆེར་རྡོ་སྒྱོགས་ཀྱི་འཕྲུལ་འཁོར་བཅས་ནས་མངའ་འོག་ཏུ་བཙུད་པ་དང་། ཡུལ་ནས་འདོན་པར་བྱས་”ཞེས་འཁོད་འདུག་ལ༑ ཚུལ་འདི་ནི་ལན་གཅིག་ཙམ་མིན་པར་འབྲོང་པའི་དཔོན་གྱི་བྱུང་རབས་ཁྲོད་ནས་ཀྱང་སྔར་ལས་ཁ་གསལ་ཚིག་མང་དུ་འབྱུང་གི་འདུག

///////གུས་པར་དོག་པ་ཞིག་སྐྱེས་བྱུང་བ་ནི་བེ་རུ་དོན་ཡོད་རྒྱལ་པོ་དུས་རབས་བཅུ་བདུན་གྱི་མི་ཡིན་པ་ལྟར། ཁམས་ཕྱོགས་སུ་དམག་དེ་ཡང་དུས་རབས་དེའི་ནང་བྱུང་ཚུལ་གསལ་ཞིང་། ནང་ཆེན་དཔོན་གྱིས་སྤྱི་ལོ་༡༦༣༩ལོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་རྒྱབ་ལ་དྲུད་ནས་བེ་རུ་དོན་ཡོད་རྒྱལ་པོ་ཚར་ཐག་བཅད་ཚུལ་ཞིག་འཁོད་འདུག་པས། སྣང་སྟོན་ཟླ་བ་རྒྱལ་མཚན་སྤྱི་ལོ་༡༧༩༦ལོར་འཁྲུངས་ཤིང་དགུང་ལོ་དྲུག་ཅུ་རེ་བདུན་ལོར་སྐུ་འདས་པས།དུས་ཀྱི་ཆ་ནས་མཐུན་ཐབས་མེད་པར་བྱུང་བ་དང་གཅིག  གཉིས་ནས་སྣང་སྟོན་ཟླ་བ་རྒྱལ་མཚན་ནི་འབྲས་ཡུལ་སྐྱེད་ཚལ་སོགས་བན་ཕྱོགས་ཀྱི་གྲྭ་ས་ཆེ་ཁག་ལ་སློབ་གཉེར་མཐར་ཕྱིན་མཛད་པ་ཞིག་ཀྱང་ལགས་ཤིང་། ནམ་རྒྱུན་དེ་འདྲའི་སྲིད་དོན་ཕྱོགས་སུ་གཡེང་བ་དང་གྲུབ་མཐའི་ཞེན་ཁོག་གིས་བསླུས་པའི་གཏམ་སོགས་ཅི་ཡང་བཤད་དུ་མ་མཆིས་པས་ན། འདི་ཅི་ཡིན་ན་སྙམ་པ་བྱུང་ངོ་།།

///////སྣང་ཞིག་ཅེས་པའི་ཚིག་ཅིག་བྱུང་བ་ལ་བརྟེན་ནས་མདོ་སྨད་སྣང་ཞིག་མཚན་འཛིན་བླ་མ་གཞན་པ་དང་ནོར་བ་ཡིན་ནམ་སྙམ་ནས། «སྣང་ཞིག་གདན་རབས་རྒྱས་པ་»ལ་བལྟས་ཀྱང་བེ་རུ་དོན་ཡོད་རྒྱལ་པོ་དང་འབྲེལ་བ་ཡོད་པའི་བླ་མ་གཅིག་ཀྱང་མ་འཁོད་པས། དོན་དུ་རྒྱལ་དབང་ལྔ་པ་ཆེན་མོ་དང་ཐུགས་འདྲིས་ཆེ་བའི་བོན་གྱི་བླ་མ་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཅེས་པ་དེ་དང་ནོར་བ་ཡིན་པ་འདྲ༑ གོང་ས་ལྔ་པ་ཆེན་མོའི་“རང་རྣམ་དུ། ཞང་སྟོན་སྒར་པ་སྐུ་མདུན་ལྷུན་གྲུབ་བི་རིའི་བླ་མ་དང་མག་པར་སོང་བས་རྒྱལ་པོ་ཡབ་སྲས་རྣམས་མི་དགྱེས་པའི་གཟིགས་ཕྱོགས་ལོག་པ་འདུག་པར་འཇིགས་པ་ལས་སྐྱབས་ཤིང་བསྙེན་རྫོགས་སུ་བསྒྲུབས་མཚན་ངག་དབང་ཚུལ་ཁྲིམས་གྲགས་པར་བཏགས།”ཞེས་པ་ཞིག་གསལ་བ་དང་། “འདིར་རྒྱལ་པོ་ཡབ་སྲས་ཞེས་པའི་རྒྱལ་པོ་ནི་སོག་པོ་གུ་ཤྲི་ཁན་བསྟན་པའི་ཆོས་རྒྱལ་(༡༥༨༢—༡༦༥༥)ཡིན”་ཅེས། འདིའི་སྐོར་སྐུ་ཞབས་མཁར་རྨེའུ་བསམ་གཏན་ལགས་ནས་ཞིབ་འཇུག་གཏིང་ཟབ་མཛད་འདུག

//////འདི་ལས་དཔག་ཐུབ་པ་ནི་ཞང་སྟོན་སྒར་པ་སྐུ་མདུན་ལྷུན་གྲུབ་ཀྱིས་བེ་རུ་རྒྱལ་པོ་ལ་ངན་སྐུལ་དང་ཡང་ན་ལག་སྒྲིལ་བྱས་ཏེ་ནང་ཆེན་ལ་དམག་དྲངས་ཡོད་མེད་མ་ངེས་ཀྱང་། བེ་རུ་དོན་ཡོད་རྒྱལ་པོ་དང་འབྲེལ་བ་ཆེ་ཙམ་ཡོད་པ་མ་ཟད་སྐབས་དེ་ཐོག་ནས་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་སོགས་ཀྱིས་བལྟ་སྟངས་ངན་པ་བྱུང་བས་གོང་ས་ལྔ་པ་ཆེན་མོས་སྐྱབས་འཇུག་ཞུས་ཚུལ་གསལ་འདུག་ན། བེ་རུ་རྒྱལ་པོས་ནང་ཆེན་ལ་དམག་དྲངས་པ་དེ་ཡང་ཞང་སྟོན་སྒར་པ་སྐུ་མདུན་ལྷུན་གྲུབ་དང་འབྲེལ་བ་ཡོད་པའི་ལྟ་ཚུལ་ཅིག་བཟུང་མི་སྲིད་པ་མ་རེད༑ དེ་ལྟར་ན་ཡང་ལྔ་པ་ཆེན་མོས་ལྟ་སྟངས་དེ་ནི་ལོག་པ་ཞིག་ཡིན་ཚུལ་གསུང་བ་མ་ཟད། “བོན་གཡུང་དྲུང་གི་མིག་གཅིག་པུ་སྐུ་མདུན་ལྷུན་གྲུབ་”ཅེས་གདེང་འཇོག་བྱས་པ་ལྟར་ན་བླ་མ་འདི་ལ་མཐོང་ཆེན་མཛད་ཀྱི་ཡོད་པ་རྟོགས་ཐུབ་ཅིང་། བོན་གྱི་བླ་མ་འདི་ལ་མོ་གཏོ་སྐུ་རིམ་སོགས་ཞུས་ནས་རིམ་གྲོ་སྒྲུབ་པ་དང་ཕན་ནུས་མངོན་གསལ་བྱུང་བ་སོགས་གསུང་སྐད༑

///////«ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་ཀུན་སྣང་དང་འདྲེན་»ཞེས་པ་འདི་ནི་སྐྱབས་མགོན་ཟླ་བ་རྒྱལ་མཚན་ཁོང་གི་དངོས་སློབ་རྒྱལ་ཚབ་གཡུང་དྲུང་བསྟན་དབང་གིས་མཛད་པ་ཞིག་ཡིན་ལ། རྣམ་ཐར་གཞན་དང་མི་འདྲ་བའི་ཁྱད་ཆོས་ཁ་ཤས་འདུག་པས་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་ལ་ཤིན་ཏུ་མཁོ་བའི་རྣམ་ཐར་སྤུས་ལེགས་ཤིག་ཏུ་ངོས་འཛིན་བྱེད་ཆོག དེ་བས་རྣམ་ཐར་འདི་ནི་ཁོང་གི་དངོས་སློབ་ཅིག་གིས་བྲིས་པས་ཁུངས་བཙུན་པའི་གྲས་སུ་གཏོགས་པ་བཤད་མི་དགོས༑ «རྣམ་ཐར་»འདིར་གསལ་བ་ལྟར་ན། བྱང་ཕྱོགས་སུ་གདུལ་བྱ་ཐེངས་གཅིག་ཕེབས་སྐབས་ཧོར་སྤྱི་ཁྱབ་ཚང་ལ་ཨ་དཀར་དགོན་ཕྱག་བཏབ་པ་དང་། ཞོར་དུ་དེང་དུས་སྦྲ་ཆེན་རྫོང་ཁོངས་སུ་གཏོགས་པའི་སྤ་ཚང་དགོན་དང་སྒང་རུ་དགོན། རྨ་རོང་དགོན་བཅས་གསར་འདེབས་དགོངས་པའི་བཀའ་གནང་འདུག

་་་་་་་་་་་ཧོར་ཚོའི་ལོ་རྒྱུས་དག་ལ་བལྟས་ན་སྤ་ཚང་དགོན་ནི་སྤྱི་ལོ་༡༨༤༧ལོར་སྤ་གཡུང་དྲུང་ནམ་བཟང་ཞུ་བ་དེ་ཉིད་ཀྱིས་ཕྱག་བཏབ་པར་བཤད་ཅིང་། སྐྱབས་མགོན་ཟླ་བ་རྒྱལ་མཚན་སྤྱི་ལོ་༡༨༤༡ལོའི་ཟླ་བ་དང་པོའི་ནང་ཧོར་སྤྱི་ཁྱབ་བཱེ་ཧུ་ཚེ་རིང་དབང་རྒྱལ་གྱིས་ཆེད་དམིགས་གདན་ཞུ་བྱས་པ་དང་། སྤྱི་ལོ་༡༨༤༣ལོར་སླར་གདན་ས་རབ་ལག་གཡུང་དྲུང་གླིང་དུ་ཕྱིར་ཕེབས་མཛད་འདུག་འདུག དགོན་གྱི་ལོ་རྒྱུས་ནང་སྐྱབས་མགོན་ཟླ་བ་རྒྱལ་མཚན་དང་འབྲེལ་བའི་སྐོར་ད་སྔ་མ་མཐོང་ཡང་ཟླ་བ་རྒྱལ་མཚན་གྱི་བཀས་བསྐུལ་བའི་ཆ་འཇོག་བྱེད་ཆོག་པར་འདུག་ཀྱང་། སྒང་རུ་དགོན་ནི་སྤྱི་ལོ་༡༧༩༠ལོར་དབྲ་ཁྱུང་རྒྱ་བོ་ཁྲོ་རྒྱལ་གྱིས་ཐོག་མར་ཕྱག་བཏབ་པ་དང་། རྨ་རོང་དགོན་པའང་སྤྱི་ལོ་༡༣༩༠ལོར་དབྲ་ཁྱུང་ནམ་མཁའ་རིན་ཆེན་གྱིས་མཚམས་ཁང་ཞིག་བཞེངས་པ་དང་རྗེས་སུ་དགོན་པར་བསྒྱུར་ཞིང་། སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་དུས་སྐབས་སུ་དགོན་གྱི་ཁྲི་རབས་དགུ་པ་ཁྱུང་པོ་ཚེ་དབང་གྲགས་པ་ཞེས་པ་དེ་ཡིན་ཚུལ་བཀོད་འདུག

///////ཧོར་ཚོའི་ལོ་རྒྱུས་དག་ལ་བལྟས་ན་ཨ་དཀར་དགོན་དུས་ནམ་ཞིག་བཞེངས་མིན་དང་རྒྱལ་པོ་སུའི་སྐུ་རིང་ཡིན་མིན་གསལ་ཁ་ཅི་ཡང་མ་སྣང་ཡང་། ཧོར་རྒྱལ་རབས་བཅུ་པ་དཀོན་མཆོག་རྒྱལ་གྱི་སྐབས་སུ་རྒྱལ་ས་དེང་དུས་སྦྲས་ཆེན་རྫོང་སྦྲ་ཆེན་ཤང་ལ་སྤོས་པར་གསལ་ཞིང་། “སྲུང་ཁའི་བོན་པོ་དྲུག་ཅུ། ཡང་ཆེན་སུམ་ཅུ། བོན་ཆེན་ཡང་ཆུང་སུམ་ཅུ། བོན་ཆུང་རྒན་ཆེན་ཉི་ཤུ། རྒན་ཆུང་ཉི་ཤུ། རྒན་འབྲིང་ཉི་ཤུ།”བཀོད་བཞག་བྱས་པ་སོགས་ལ་བལྟས་ན། ཨ་དཀར་དགོན་སྐབས་དེར་བཞེངས་ཡོད་དམ་སྙམ་མོད་ཚོད་དཔག་ཙམ་ལས་ཁ་གསལ་བཤད་དཀའ༑ གལ་ཏེ་རྒྱལ་པོ་འདིའི་སྐུ་དུས་ཡིན་ན་རྒྱལ་དབང་གོང་ས་ལྔ་པའི་སྐབས་ཡིན་པ་གསལ་པོ་རེད༑ «ཀླུ་དགོན་གྱི་གདན་རབས་»དུ་བཱེ་ཧུ་ཁྲི་རྒྱལ་(༡༧༠༤ལོར་འཁྲུངས་)གྱི་དུས“ཧོར་སྦྲ་ཁྲི་འདུས་སྟོང་ཤོང་”ཞེས་པ་གསར་བསོས་བྱས་ཤིང་བཞུགས་གནས་དེ་རུ་མཛད་ཅིང་། ཧོར་གྱི་དགུ་གཏོར་ཆེན་མོའི་སྐབས་སུ་སྟོད་ལིང་ལ་ཀླུ་ཕུག་དང་ཨ་དཀར་དགོན་གྱི་གྲྭ་ཚང་གཉིས་ནས་བོན་འཆད་ཉན་དང་ཚོགས་ཆོ་ག་སྤེལ་ཚུལ་བཀོད་འདུག་པར་གཞིག་ན། སྐབས་དེ་དུས་ནས་ཨ་དཀར་དགོན་ཡོད་དམ་སྙམ་མོད་ད་ལྟའི་བར་ཨ་དཀར་དགོན་དུས་ནམ་ཞིག་ལ་བྱུང་བ་སོགས་སུས་ཀྱང་སྣང་མེད་དུ་བཞག་པས་ཡིད་རྟོན་ཕེལ་བ་ཞིག་བཤད་ཐབས་བྲལ༑

//////«ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་ཀུན་སྣང་དང་འདྲེན་»དུ་གསལ་བ་ལྟར་བྱས་ན་ཨ་དཀར་དགོན་ནི་ཧོར་གྱི་རྒྱལ་རབས་བཅུ་ལྔ་པ། ཚེ་རིང་དབང་རྒྱལ་གྱི་སྐབས་སུ་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་ཕྱག་བཏབ་མཛད་ཡོད༑ གོང་དུ་བཤད་ཟིན་པ་ལྟར་ཟླ་བ་རྒྱལ་མཚན་ཧོར་དང་བྱང་ཕྱོགས་སུ་གདུལ་བྱ་ཕེབས་དུས་ནི་སྤྱི་ལོ་༡༨༤༡ལོ་དང་༡༨༤༣བར་ཡིན་པས། ཨ་དཀར་དགོན་ཕལ་ཆེར་སྤྱི་ལོ་༡༨༤༢ལོར་ཕྱག་བཏབ་ཡོད་པའི་ཚོད་དཔག་བྱེད་ཆོག་ཅིང་དེ་ལྟར་ན་ཀླུ་ཕུག་དགོན་ལས་ཀྱང་ཨ་དཀར་དགོན་འདེབས་འཕྱིས༑ ཀླུ་ཕུག་དགོན་ནི་ཐོག་མར་སྤྱི་ལོ་༡༧༣༧ལོར་བཱེ་ཧུ་ཁྲི་རྒྱལ་རྗེས་དགོན་གྱི་རྨང་བཏིང་ཞིང་དེ་རྗེས་ལོ་ངོ་བརྒྱ་ཏག་ཏག་སྟེ། སྤྱི་ལོ་༡༨༣༧ལོར་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་འདུལ་དགོན་དུ་བསྒྱུར་བ་རེད༑ འདིའི་སྐོར་གུས་པས་«བོན་གྱི་གདན་ས་ཆེན་མོ་སྨན་རི་དང་བུ་དགོན་ཀླུ་ཕུག་དབར་གྱི་འབྲེལ་བ།»ཞེས་པའི་ཆེད་རྩོམ་ཞིག་བྲིས་ཡོད་པ་དེར་གཟིགས་མཛོད༑

ཕྱི་ལོ་༢༠༡༨ཟླ་༡༡ཚེས་༡༡ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *