དེ་རིང་གི་གཏམ་བཟང་།

རྩོམ་ཡིག་འདི་ཐེངས། 159942 བཀླགས་འདུག

0
ཁམས་ཉག་རོང་རྫོང་གཅིག་གི་མངའ་ཁོངས་སུ་བོད་ཀྱི་ཆོས་རྒྱུད་གྲུབ་མཐའ་འཛིན་པའི་དགོན་སྡེ་དྲུག་ཅུར་ཉེ་བ་ཞིག་ཡོད་ལ།  དེ་དག་ནི་དཔལ་ལྡན་ས་སྐྱ་པ་དང་།  སྔ་འགྱུར་རྙིང་མ་པ།  གཡུང་དྲུང་བོན་བཅས་ཀྱིས་གྲུབ་པའི་དགོན་སྡེ་འབའ་ཞིག་ཡིན། དགོན་སྡེ་དེ་དག་གིས་ཆོས་གྲུབ་རིས་སུ་མེད་པའི་བྱེད་ཕྱོགས་དང་།  མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་ལམ་ཁར་སྙེག་སྟེ།  སྤྱི་ལོ༢༠༡༢ ལོ་ནས་བཟུང་༼ཉག་རོང་རིག་གཞུང་དར་སྤེལ་ཚོགས་པ༽ཞེས་གཙོ་བོ་ཉག་རོང་གི་ཡུལ་དགོན་གཉིས་ཀྱི་མི་སྣ་དག་གི་ཤེས་འཇོན་ནུས་གསུམ་དང་སློབ་གཉེར་གྱི་སྤུས་ཀ་གཙང་སེལ་གཅེས་སྐྱོང་གི་ལམ་དུ་ཞུགས་པར་དམིགས་ཏེ།   བན་བོན་རིས་མེད་ཡིན་པའི་ཚོགས་པ་ཞིག་གསར་དུ་བཙུགས་ནས།  ཚོགས་པ་དེའི་མི་སྣའི་ཆ་ནས་ཀྱང་བན་བོན་གཉིས་ཀྱི་མི་སྣ་ངེས་ཅན་དུ་ཚང་བར་བྱས་ཏེ་ལོ་ལྟར་དུ་སྡེ་མི་མང་ལ་ཆོས་དང་མཐུན་པའི་སློབ་གསོ་གཏོང་བ་དང་།  ཡིག་རྨོངས་སེལ་བའི་ཐབས་ཤེས་བསྐྲུན་དང་སྐྲུན་བཞིན་ཡོད་ལ།   ལྷག་པར་དུ་ཉག་རོང་གི་དགོན་སྡེ་ཡོངས་ཀྱི་བླ་གྲྭའི་སྤུས་ཀ་མཐོ་རུ་གཏོང་རྒྱུ་དང་།  ཤེས་ཡོན་གྱི་ཆུ་ཚད་མེད་པ་ནས་ཡོད་པ།  ཡོད་པ་གང་ཞིག་ཉམས་པ་གསོ་བའི་ཐད་ནས་ཡིག་སློབ་སྦྱོང་གྲྭ།    སློབ་གཉེར་བཤད་གྲྭ།  ཉམས་ལེན་སྒོམ་གྲྭ་སོགས་གྲྭ་གསུམ་གྱི་སྡེ་མེད་པ་དག་གསར་འཛུགས།  ཡོད་པ་རྣམས་གོང་འཕེལ་གྱི་ཆེད་དུ།   ལོ་རེ་རེའི་ལོ་མཇུག་ཏུ་ལོ་འཁོར་སྣ་འཛོམས་རྒྱུགས་སྤྲོད་ཆེན་མོ།   ཞེས་པར་ཚོགས་པའི་ངོས་ནས་གྲུབ་མཐའ་ཁག་ནས་རྒྱུགས་དཔང་མི་སྣ་གཉིས་རེ་དང་།   གྲུབ་མཐའི་ཚབ་མཚོན་བཀའ་སློབ་གནང་མཁན་རེ་བཅས་མི་སྣ་རེ་འགའ་ཡང་ཆེད་དུ་གདན་དྲངས་ནས།   ཉིན་དུ་མར་རྒྱུགས་ཀྱི་བྱ་བར་རྒྱབ་སྐྱོར་དང་ཕྱག་ལས་གནང་བའི་བྱ་བ་མཛད་བཞིན་ཡོད།

00
་་་་་་་་་་་་གཡུང་དྲུང་བོན་གྱི་ཕྱོགས་ནས་སྤྱི་ལོ༢༠༡༥ ལོར་ཉག་རོང་ཡེ་ཤེས་དགོན་ཆེན་དུ་གསར་དུ་ཚུགས་པའི་ཁམས་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་དང་།    སྤྱི་ལོ་༢༠༡༣གསར་དུ་ཚུགས་པའི་ཉག་རོང་གོང་རྒྱལ་བྱ་བཏང་བཙུན་མའི་བཤད་སྒྲུབ་འདུས་སྡེ།  སྤྱི་ལོ༢༠༡༢ལོར་གསར་དུ་བཙུགས་པའི་རྒྱ་ཞིག་འབྲུག་གྲགས་དགོན་ཞང་བོད་ནང་བསྟན་རིག་གནས་ཐོས་བསམ་གླིང་བཅས་ཀྱི་དགེ་སློབ་མང་པོ་ལོ་ལྟར་མཉམ་ཞུགས་བྱས་དང་བྱེད་བཞིན་ཡོད།
0 0
་་་་་་་་་་་གཡུང་དྲུང་བོན་གྱི་དགོན་སྡེ་དེ་དག་གི་དགེ་སློབ་རྣམས་ཀྱང་རང་དགོན་པའི་སློབ་གླིང་གསར་དུ་ཚུགས་པ་ནས་བཟུང་ལོ་ལྟར་རྒྱུགས་སྤྲོད་དུ་ཆ་རྐྱེན་ཚང་བར་ཞུགས་ཏེ།  ད་ལོ་སྟེ་སྤྱི་ལོ༢༠༡༨ལོའི་བར་བསྟུན་མར་ལོ་འཁོར་བདུན་ལ་གྲུབ་འབྲས་ཀྱང་གང་ལ་གང་འཚམ་རེ་ལེན་ཐུབ་ཡོད་པར་མ་ཟད།   སློབ་མ་མང་པོས་ལོ་རེ་རེར་སློབ་སྦྱོང་གི་རྒྱུགས་འབྲས་གཟེངས་རྟགས་ཀྱང་མང་དུ་བླངས་ཡོད་ལ། ༢༠༡༨ལོའི་རྒྱུགས་སྤྲོད་འདིར་ཡང་ཁམས་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེའི་སློབ་མ་བྱ་དགའ་ཐོབ་མཁན་ཕུལ་བྱུང་བྱ་དགའ་ཐོབ་མཁན༢   དང་པོའི་རྩེ་བུད༤  ཨང་དང་པོ༧  ཨང་གཉིས་པ༩  ཨང་གསུམ་པ༤བཅས་ཡོད།        བྱ་བཏང་བཙུན་མའི་བཤད་སྒྲུབ་འདུས་སྡེ་ནས་ཕུལ་བྱུང་བྱ་དགའ་ཐོབ་མཁན ༡༤ དང་།   དང་པོའི་རྩེ་བུད།༩     ཨང་དང་པོ༢༢     ཨང་གཉིས་པ༡༤  ཨང་གསུམ་པ༢   འཕྲོད་ཙམ༡ བཅས་ཡོད་ལ།     ལྷག་པར་དུ་ད་ལོ་ཚོགས་པ་དེས་ཆེད་དམིགས་བྱ་དགའི་མཛད་སྒོ།   ཉག་རོང་གི་དགོན་སྡེ་ཡོངས་ཀྱི་སློབ་གཉེར་བ་བྱིངས་ལས།   བསྟུན་མར་ལོ་བཞི་ལ་ཚད་གཞི་ཟིན་པའི་སྣ་འཛོམས་རྒྱུགས་འབྲས་ཨང་གཉིས་པ་ལས་མི་དམན་པར་བླངས་མཁན་རྣམས་ལ་༼སློབ་དཔོན་དཔང་ཡིག༽ཅེས་པའི་དགེ་རྒན་ལག་ཁྱེར་ཞིག     བན་བོན་རིས་མེད་ཀྱིས་གྲུབ་པའི་ཉག་དགོན་ཁག་དྲུག་ཅུར་ཉེ་བའི་སློབ་མ་སྟོང་ཕྲག་ལས་སྐར་གྲངས་མཐོ་ཤོས་སུ་བསླེབས་པའི་སློབ་མ་བཞི་བཅུ་ཐམ་པར་གདམས་ཐོན་བྱུང་སྟེ་གཟེངས་རྟགས་ལག་ཁྱེར་གནང་བའི་གྲས་སུ།
00
་་་་་་་་་་་་་་གཡུང་དྲུང་བོན་གྱི་གྲུབ་མཐའ་འཛིན་པ་བྱ་བཏང་བཙུན་མའི་བཤད་སྒྲུབ་འདུས་སྡེའི་སློབ་མ་གཡུང་དྲུང་དབང་མོ་དང་།  ཚུལ་ཁྲིམས་མཚོ་མོ།   རྒྱ་ཞིག་འབྲུག་གྲགས་དགོན་པའི་སློབ་མ་མགོན་པོ་དོན་གྲུབ་བམ། གཞན་ཕན་ཟླ་བ་དང་།  ཡེ་ཤེས་རྒྱ་མཚོའམ་ཤེས་རབ་ཀུན་གསལ།  འོད་ཟེར་མཐའ་ཡས་སམ་ཤེས་བྱ་རབ་གསལ་བཅས་ལ་དགོན་སྡེ་གཅིག་དང་།  ས་གནས་གཅིག   ཡང་ན་སློབ་གླིང་གཅིག་དང་བཤད་གྲྭ་གཅིག་ཙམ་ལྟ་བུ་མ་ཡིན་པར།  ཉག་རོང་ལ་མཚོན་ན་ལོ་རྒྱུས་ཀྱི་གཟི་བརྗིད་གསར་བ་ཞིག་ཏུ་བགྲང་བཞིན་འདུག་ལ།    བོད་ཁུལ་ལ་མཚོན་ནའང་གཟི་བརྗིད་ཅིག་དང་གཏམ་བཟང་ཞིག་ཏུ་བགྲང་འོས་པར།   ད་ལོའི་ཉག་རོང་རིག་གཞུང་དར་སྤེལ་ལོ་མཇུག་རྒྱུགས་སྤྲོད་ཆེན་མོ་ཐེངས་བདུན་པ།   ཉག་རོང་གི་དགོན་སྡེ་ཆེ་ཤོས་ཉག་སྟོད་དྲུག་བསྟོད་དགོན་པར་དངོས་སུ་འཚོགས་པའི་སྐབས་སུ།   གཡུང་དྲུང་བོན་གྱི་བཙུན་མ་གཉིས་དང་གྲྭ་པ་གསུམ་བཅས་ཁྱོན་མི་ལྔ་སློབ་དཔོན་དཔང་ཡིག་ཐོབ་པའི་གྲས་སུ་བསླེབས་ཏེ།  རིག་གཞུང་དར་སྤེལ་ཚོགས་པའི་མི་སྣ་ལྷན་འཛོམས་ཀྱིས་དབུ་ཁྲིད་འོག   ཉག་དགོན་ཁག་དྲུག་ཅུ་ལྷག་གི་དགོན་པའི་བླ་མ་དང་ལས་སྣེ་ཡོངས་ཀྱིས།0
་་་་་་་་་་་་སློབ་དཔོན་དཔང་ཡིག་ཐོབ་པའི་སློབ་མ་བཞི་བཅུ་ཐམ་པ་གདན་གཅིག་ཏུ་སློབ་དཔོན་གྱི་ཁྲི་སར་བཀོད་དེ་དར་ཁ་ཕུལ་བ་དང་།   ཚོགས་པའི་ངོས་ནས་སྐུ་གསུང་ཐུགས་རྟེན་ཆ་ཚང་རེ་རེ་དང་།   རྨད་གོས་རེ་རེ།   ལག་ཁྱེར་དཔང་ཡིག་གནང་བ་ལ།   ཐེངས་འདིའི་རྒྱུགས་སྤྲོད་ཆེན་མོར་ཞུགས་པའི་བཤད་གྲྭ་ཡོངས་ཀྱི་དགེ་སློབ་རྣམས་དང་།  དགོན་སྡེ་ཡོངས་ཀྱི་བླ་སྤྲུལ་མཁན་གསུམ།  སྡེ་མི་སེར་མང་པོའི་དད་ལྡན་མང་ཚོགས་འདུས་པ་སྟོང་ཕྲག་བརྒྱ་ཕྲག་མང་པོས་བསྔགས་བརྗོད་ཀྱི་དགའ་བསུ་ཡང་ཡང་བྱས་ཡོད་པ་འདི་ནི་དགའ་འོས་པའི་གཏམ་བཟང་ཞིག་ཏུ་བརྩི་ཆོག་འདུག་སྙམ་པའི་གནས་ཚུལ་ཙམ་ཡིན།
༢༠༡༨/༡༠/༢༩    ཉིན་གྱི་དྲོའི་དུས་ཚོད་༣ ་སྐར༢༠ སྟེང་རྒྱ་ཞིག་འབྲུག་གྲགས་དགོན་དུ་སྦྱར་བའོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *