«ཚད་མ་ཀུན་བཏུས»དང་འབྲེལ་ཏེ་བོད་ཀྱི་ཚད་མ་རིག་པའི་ཁུངས་དང་དགོས་པ་སོགས་གླེང་བ།

རྩོམ་ཡིག་འདི་ཐེངས། 208652 བཀླགས་འདུག

IMG_0276

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ནི་སྡེ་ཚན་གཉིས་སུ་བགོས་ཏེ་གྲུབ་པ་ཞིག་ཡིན་ཅིང་། སྡེ་ཚན་དང་པོར་མཚན་ཉིད་རིག་པ་དང་ཚད་མ་རིག་པ་གཉིས་རྩ་བའི་ཆ་ནས་དོན་མི་གཅིག་ཚུལ་གླེང་ནས། མཚན་ཉིད་རིག་པའི་འགོ་ཁུངས་ལ་དོགས་སློང་རོབ་ཙམ་བྱས་ཤིང་། སྤྱིར་ཚད་མ་རིག་པ་དང་བྱེ་བྲག་བོད་ཀྱི་ཚད་མ་རིག་པའི་ཁུངས་སོགས་ལ་དཔྱད་ཞིབ་བྱས་ཡོད༑ སྡེ་ཚན་གཉིས་པར་ཕྱིས་སུ་དུས་རབས་བཅུ་ལྔ་པའི་ནང་བོད་ཀྱི་མཁས་པ་དག་གིས་ཚད་མ་རིག་པའི་དགོས་ཆེད་ཀྱི་ཐད་ནས་དགག་སྒྲུབ་མཛད་ཚུལ་དང་འབྲེལ། བོད་ཀྱི་ཚད་མ་རིག་པའི་དགོས་པ་ལ་དཔྱད་གླེང་བྱས་ཤིང་དམིགས་བསལ་གནའ་བོའི་བོད་ཀྱི་ཚད་མ་རིག་པ་གཏན་ལ་ཕབས་པའི་དགོས་ཆེད་ནི། གཙོ་བོ་ཞང་བོད་ཀྱི་ཤེས་རིག་རྫོགས་པ་ཆེན་མོའི་ལྟ་སྤྱོད་དམ་གནས་ལུགས་གཏན་ལ་འབེབ་པའི་ཐབས་སམ་ལག་ཆ་རུ་ཁྱེར་ཡོད་ཚུལ་སོགས་དཔྱད་ཞིབ་ཅུང་ཟད་བྱས་འདུག

[བརྡ་ཆད་གཙོ་བོ།] ཚད་མ་རིག་པ། ཚད་མ་རིག་པའི་ཁུངས། དགོས་ཆེད།

གླེང་སློང་།

་་་་་་་་་་་་ཉེ་ལམ་ཟླ་བ་གཅིག་ཙམ་གྱི་རིང་ལ་འདི་གར་གཡས་རུའི་འཆད་རྩོད་ཆེན་མོའམ་ཚད་མའི་རིགས་སྒྲ་སྐབས་བཞི་པ་དེ་ཚོགས་ཤིང་། སློབ་གཉེར་བ་ཚང་མས་སྔར་སྲོལ་ལྟར་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན། འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་(༡༡༩༨—༡༢༦༣)གྱིས་མཛད་པའི«ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད»ཅེས་བྱ་བ་ཆེད་སྦྱོང་བྱས་པ་རེད༑ ལམ་སྲོལ་འདི་ནི་གཡས་རུའི་གཙུག་ལག་སློབ་གླིང་བ་གོར་དབེན་ས་ཁ(1)ཕྱག་བཏབ་པ་ནས་བཟུང་བྱུང་བ་ཞིག་ཡིན་པས་ད་ལྟའི་བར་དུ་མི་ལོ་945ཙམ་འགྲོ་ཡི་ཡོད༑ མི་ལོ་སྟོང་ལ་ཉེ་བའི་སྐབས་དེ་ནས་བཟུང་སྟེ་ད་ལྟའི་བར་དུ་གཡས་རུའི་འཆད་རྩོད་ཆེན་མོའི་ལམ་སྲོལ་འདི་ཉིད་མ་མཉམ་པར་གནས་ཤིང་། གལ་སྲིད་མཚན་ཉིད་རིག་པ་ཆེད་སྦྱོང་གནང་སའི་སློབ་གཉེར་ཚད་ལྡན་ཞིག་ཡིན་ཕྱིས། དགོན་པ་སྒེར་གྱིས་ལོ་རེར་ཐེངས་རེ་འཚོགས་ཀྱི་ཡོད་པ་རེད་ལ། དེང་དུས་རྫོང་གཅིག་ཡིན་པའི་བཤད་སྒྲུབ་ཀྱི་རིག་གནས་སློབ་གླིང་ཕན་ཚུན་མགྲོན་བརྡའང་རྒྱག་ནས་མཉམ་དུ་འཚོགས་པའི་སྲོལ་འདུག(2) གང་ལྟར་དུས་སྐབས་འདི་ནི་ཆེས་རྙེད་པར་དཀའ་བའི་གོ་སྐབས་བཟང་པོ་ཞིག་ཆགས་ཡོད་པ་རེད༑ རྒྱུ་མཚན་ནི་སྐབས་འདིར་བསླབ་གཞི་གཞུང་ལུགས་གཅིག་གི་སྟེང་དུ་འཛིན་གྲྭ་མཐོ་དམའ་གང་ཡིན་ཡང་མཉམ་ཞུགས་བྱེད་ཅིང་། གཞུང་དེ་ཉིད་གཅིག་པུའི་སྟེང་ནས་ཚིག་གི་རིས་དང་དོན་གྱི་བཅུད་གང་ཐད་ནས་ཞུན་བརྡར་བྱེད་ཀྱི་ཡོད་པས། གཞུང་དེ་ལ་དམིགས་བསལ་གོ་བ་ལེན་ཐུབ་པ་མ་ཟད་རྩོད་པའི་རིག་ལམ་ལ་ཡང་ཕན་པ་དཔེ་མེད་ཅིག་འབྱུང་གི་ཡོད༑ དེར་བརྟེན། དུས་སྐབས་འདི་ནི་འབྲས་བུ་བླ་ན་མེད་པ་ལེན་ཐུབ་པའི་བློ་སྐྱེད་ཀྱི་གོ་སྐབས་ཤིག་ཆགས་ཡོད་པ་རེད༑

་་་་་་་་་་་་་སློབ་དཔོན་རིན་པོ་ཆེས་ཉིན་དང་པོའི་སྔོན་འགྲོའི་གསུང་བཤད་གནང་བ་ནས་བཟུང་། ད་ཐེངས་སྦྱོང་བྱ«ཚད་མ་ཀུན་བཏུས»གཙོར་བཟུང་སྟེ། བན་བོན་གཉིས་ཀའི་ཚད་གཞུང་གཙིགས་ཆེ་བ་དག་དང་ཕན་ཚུན་གོ་བསྡུར་བྱེད་པའམ། ཡང་ན་སྐབས་བབས་ཚད་གཞུང་གི་ཁུངས་སོགས་བཙལ་འཚོལ་ལེགས་པོ་དགོས་པའི་བཀའ་བབས་སོང་མོད༑ ལེ་ལོ་དང་སྒྱིད་ལུགས་ཀྱིས་དུས་ཚོད་ཀྱི་ཐག་སྒྲ་རེ་རེ་ནས་དམིགས་མེད་དུ་བཅོམ་པའི་ཤུལ་ལ། དེའི་བྲན་དུ་འཁོར་བའི་སྐྱེ་བོ་ཐ་མར་བ་དག་ལ་མི་འདོད་བཞིན་དུ་འགྱོད་གདུང་གིས་ཤིན་ཏུ་མནར་བ་ཙམ་ལས་འབྲས་བུ་ནི་འདི་ལོའོ་སྙམ་པ་ཞིག་འཐོབ་ཏུ་མེད་ན། གུས་པ་ཡང་དེ་བཞིན་གྱི་རྣམ་ཐར་འཆང་ནས་དེ་རིང་མཇུག་མཐའི་ཉིན་མོར་དགའ་བ་འབུམ་གྱིས་སྤྲོ་སྐྱིད་ལ་རོལ་ཁུལ་བྱས་ཀྱང་དེ་ཙམ་བྲོད་པ་ཞིག་ཅི་ལ་ཡོང་༑ ཐོག་མའི་འཆར་གཞི་བྱས་པ་ལྟར་ན་སྐབས་བབས་ཀྱི་འཁྲིད་བྱའི་ཚད་གཞུང་གི་ཐུན་མོང་མ་ཡིན་པའི་ཁྱད་བོན་གང་དག་ཡོད་པ་སོགས། བརྗོད་བྱ་རྗོད་བྱེད་གཉིས་ཐད་ནས་དཔྱད་ཞིབ་ཅུང་ཟད་བྱེད་ནས་ས་སྐྱ་པཎ་ཊི་ཏའི(༡༡༨༡—༡༢༥༡)«ཚད་མ་རིག་གཏེར»སོགས་དང་གོ་བསྡུར་འདྲ་བྱེད་བསམ་མོད༑ རང་ཉིད་ཀྱི་རྣམ་དཔྱོད་དང་ཐོས་པ། ཚད་གཞུང་གཉིས་ཀྱི་བརྗོད་བྱ་གཏིང་ཟབ་ཅིང་རྗོད་བྱེད་ཚིག་ཀྱང་འཁྲི་བ་སོགས་གནད་དོན་མང་པོ་ཞིག་གི་བར་གསེང་ནས། གུས་པའི་སྙིང་སྟོབས་སམ་ཧམ་སེམས་ཆེན་པོ་དེ་ནི་ཆུ་དགྲ་མེ་རུ་གྱུར་པ་ལྟར་སྐེམ་པར་བྱས་སོང་༑

་་་་་་་་་་་་་་་དེ་ལྟར་ན་ཡང་དེང་དུས་རྒྱ་ནང་ནས་སློབ་ཆེན་མཐར་ཕྱིན་ཏེ་རིག་གནས་སྣ་མང་ལ་མཁས་པར་གྲགས་པའི་འབུམ་རམས་པ་དང་སློབ་དཔོན་ཆེན་མོ། ཡང་ན་བོད་རིག་པའི་ཉམས་ཞིབ་པ་སོགས་ཀྱི་ཆོ་ལོ་བསྣམས་པ་ཁག་ཅིག་ནི་སྙིང་ཁམས་ཤིན་ཏུ་ཆེན་པོ་འདུག་པས། གཞུང་འདི་དག་ལ་དཔྱད་བསྡུར(3)བྱས་ཞེས་ཚིག་གི་རིས་ནི་ཧ་ཅང་ཕུང་པོར་སྤུངས་འདུག་པ་ཡ་མཚན་ཅུང་ཟད་སྐྱེས་བྱུང་༑ རྒྱུ་མཚན་ནི་མཚན་ཉིད་རིག་པའི་གཞུང་ལུགས་འདི་དག་ལ་ཡང་ནས་ཡང་དུ་སློབ་སྦྱོང་ངམ་རྡོ་བཅལ་སྟེང་གི་ཐལ་སྒྲ་དང་ལྷན་དུ། ལུང་རིག་གཉིས་ཀྱིས་གཙོ་མ་གསེར་བཞིན་ཞུན་བརྡར་བགྲངས་བྱ་དུ་མ་ཞིག་བྱས་ཀྱང་ད་དུང་དེ་འདྲའི་ཐག་ཆོད་པོས་ཚིག་ཚོགས་སྤུངས་བའི་སྙིང་ཁམས་མི་འདུག་པས་སོ།། འདི་དག་གི་ཐད་ནས་ཁ་ཅིག་ནི་ཤིན་ཏུ་ཐལ་ཆེ་བའམ་མཐའ་རུ་ལྷུང་བར་མཐོང་བས་ངེས་པར་འཁྲུལ་སེལ་ཞིག་དགོས་འདུག་ཀྱང་། སྐབས་འདིར་བཞག་ཅིང་རྗེས་སུ་དུས་ཚོད་བྱུང་ན་གཞན་དུ་རེ་རེ་བཞིན་འཁྲུལ་པ་སེལ་བའི་ཐབས་ལ་ཞུགས་པར་བྱ༑ ད་ཐེངས་འདིར་འཆད་པར་སྤྲོ་བ་ནི«ཚད་མ་ཀུན་བཏུས»དང་འབྲེལ་ཏེ་བོད་ཀྱི་ཚད་མ་རིག་པའི་ཁུངས་དང་དགོས་ཆེད་སོགས་བག་ཙམ་གླེང་རྒྱུ་ཡིན༑

དང་པོ། བོད་ཀྱི་ཚད་མ་རིག་པའི་ཁུངས་གླེང་བ།

་་་་་་་་་་་་་་མང་པོ་ཞིག་མཚན་ཉིད་རིག་པ་དང་ཚད་མ་རིག་པ་གཉིས་གཅིག་ཏུ་ངོས་འཛིན་བྱེད་ཀྱང་དེ་ནི་འཁྲུལ་བ་ཆེན་པོ་ཞིག་རེད༑ མཚན་ཉིད་རིག་པའི་དོན་ནི་གཏན་ཚིགས་ལ་བརྟེན་ནས་མཐར་ཐུག་གི་དཀའ་གནད་རྣམས་ལ་རྟོག་དཔྱོད་བྱེད་པའི་རིག་གནས་ཞེས་འཇོག་ཅིང་། ཚད་མ་རིག་པ་ནི་ཞིབ་པ་འོག་ཏུ་ཚན་པ་གཉིས་པར་གླེང་རྒྱུ་ཡིན༑ དེར་བརྟེན། མཚན་ཉིད་རིག་པ་ནི་རིག་ཚན་སྣ་ཚོགས་འདུ་བའི་རིག་ཚན་ཆེན་པོ་ཞིག་ཡིན་པས་ཚད་མ་རིག་པ་དེའི་བྱེ་བྲག་ཅིག་ཏུ་ངོས་བཟུང་ཆོག མཚན་ཉིད་རིག་པར་རིག་ཚན་སྣ་ཚོགས་པ་ཞིག་ཡོད་པ་ལས་ཚད་མ་རིག་པ་འདི་གལ་ཆེན་པོར་ཆགས་ཡོད་ན་ཡང་ཚད་མཐོ་ཤོས་ཤིག་ཀྱང་གྱུར་མེད༑ གང་ཞེ་ན། ཚད་མ་རིག་པ་ནི་ཡུལ་གྱི་གནས་ལུགས་ངོ་སྤྲོད་པར་གལ་ཆེ་བ་ཙམ་ལས་གནད་ཆེ་བའི་རིག་ཚན་ཏེ། དཔེར་ན་སྣང་སྲིད་ཀྱི་ཆགས་གནས་སྐོར་ལྟ་བུ་རྙོག་ལ་འཛིངས་བའི་གྲས་མ་ཡིན༑ དེས་ན་མཚན་ཉིད་རིག་པ་དང་ཚད་མ་རིག་པའི་ཁུངས་སོགས་ཀྱང་ཁ་ཁ་སོ་སོ་ནས་འཆད་དགོས་པ་རེད༑ མཚན་ཉིད་རིག་པའི་ཁུངས་ལྟ་བུར་མཚོན་ན་གང་ལ་ཐུགས་མིན་སོགས་བཤད་པ་མང་ན་ཡང་། ཡོངས་གྲགས་སུ་གནའ་བོའི་གྷི་རིག་ལ་ཐུག་ཅིང་དེ་ཡང་ཐཱ་ལེས་སི་(Thales,泰利斯)ལ་ཐུགས་ཡོད་པར་སྨྲ་ཡི་ཡོད་འདུག རྒྱུ་མཚན་ནི་ཐཱ་ལེས་སིས་འཇིག་རྟེན་གྱི་གྲུབ་རྒྱུ་གང་ཡིན་ཅེས་དྲི་བ་དྲིས་ཤིང་ཁོང་རང་གིས་ཆུ་ཡིན་པའི་ལན་བཏབ་པ་ནས་བཟུང་མཚན་ཉིད་རིག་པ་དབུ་ཚུགས་ཞེས་བཤད(4)༑

་་་་་་་་་་་་་་ཡིན་ན་ཡང་འདིའི་ཐད་ནས་ཞིབ་ཀྱིས་ལོ་ཚིགས་སོགས་དཔྱད་བསྡུར་བྱས་པ་ཡིན་ན། ནུབ་ཕྱོགས་ཀྱི་མཚན་ཉིད་པའི་ཁུངས་གནའ་བོའི་ཀི་རི་སིའི་མེས་པོ་ཐཱ་ལེས་སི་ལ་ཐུགས་ཡོད་པ་མ་གཏོགས། ཤར་ཕྱོགས་ཀྱི་མཚན་ཉིད་རིག་པའི་ཡབ་ཆེན་ནི་ཞང་ཞུང་འོལ་མོ་ལུང་རིང་གི་མེས་པོ་གཤེན་རབ་མི་བོ་ཆེར་ཐུགས་ཡོད་པ་འདྲ༑ འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ཀྱི«མིའི་རིགས་ཀྱི་ཤེས་རབ་ཀྱི་འཇུག་ངོག»ཏུ། འཛམ་གླིང་གི་ཆེས་ཐོག་མའི་ཤེར་རྟོག་རིག་པ་བའམ་མཚད་ཉིད་རིག་པ་ནི་ཐཱ་ལིས་སི་ཡིན་པར་བཤད་ཅིང་། གཉིས་པ་དང་གསུམ་པ་ནི་ཨ་ན་ཁེ་རྨན་རྡུ་(BC༦༡༡—༥༤༦)དང་ཕེ་རྡུ་རྒོ་རུབ་སེ(BC༥༧༠—༤༩༠)བཞི་པ་གཤེན་རབ་མི་བོ་ཆེ་ཡིན་པར་གླེང་འདུག(5) གུས་པས་གོ་རིམ་འདི་ལོ་ཚིགས་ཀྱི་ཐད་ནས་རྙོག་གྲ་ཞིག་ལྷག་ཡོད་པར་སྙམ་བྱུང་༑ ད་སྔ་ནུབ་ཀྱི་མཚན་ཉིད་རིག་པའི་སྐོར་ཕྲན་བུ་ཙམ་ལས་མ་མཐོང་ན་ཡང་ཐཱ་ལེས་སི་ནི་སྤྱི་ལོའི་སྔོན་༦༢༤—༥༤༧བར་གྱི་མི་ཞིག་ཡིན་པར་བཤད་འདུག སྐུ་གཤེགས་མཁས་དབང་འབྲོང་བུ་ལགས་ཀྱིས་ཀྱང་དེ་ལྟར་རང་གསུང་༑ དེ་ལྟར་ན་ཡང་སྟོན་པ་གཤེན་རབ་ཀྱི་འཁྲུངས་འདས་གསལ་པོ་ཞིག་གསུང་མི་འདུག་ཀྱང་སྤྱི་ལོའི་སྔོན་དུས་རབས་ལྔ་པ་ཡས་མས་ཞེས་བསྙད་ཅིང་། ད་དུང“ཡང་ན་དུས་རབས་གསུམ་པའི་ནང”ཞེས་བདམས་ང་ལྟ་བུར་ཡང་གསུང་འདུག(6)ཁོང་གིས་ལོ་ཚིགས་འདིའི་ཁུངས་གང་ལ་བཅོལ་མིན་མ་ངེས་ཀྱང་བོན་གྱི་བསྟན་རྩིས་ཁག་ཅིག་ཏུ་གསལ་བ་ལྟར་ན། གཤེན་རབ་མི་བོ་ཆེ་འཁྲུངས་ནས་ད་ལྟའི་བར་དུ་མི་ལོ་གཅིག་ཁྲི་བརྒྱད་སྟོང་ལྷག་འདས་པར་བཤད་ཡོད(7)༑ ཡིན་ན་ཡང་འདི་ནི་ཡོངས་གྲགས་ཁས་ལེན་དང་དཔྱད་ཡིག་གཙིགས་ཆེ་བ་དག་དང་མ་མཐུན་པས། ད་ལྟའི་ཆར་སྐུ་ཞབས་མཁར་རྨེའུ་བསམ་གཏན་དང་ནམ་མཁའི་ནོར་བུ(8)སོགས་རྒྱལ་སྤྱིའི་བོད་རིག་པ་བ་འགའ་ཡིས་ད་ལྟའི་བར་དུ་མི་ལོ་སུམ་སྟོན་དགུ་བརྒྱ་ལྷག་ཙམ་སོང་བར་བཤད་ཡོད་པ་འདི་ཡོངས་སུ་གྲགས་པ་ཞིག་ཡིན་ལ། རིག་གནས་པའི་སྡེ་ཁག་ནས་ཀྱང་འོས་འཚམས་དང་འཐད་ལྡན་དུ་སེམས་ཀྱིན་ཡོད་པ་རེད༑ དེས་ན་ལོ་ཚིགས་འདི་གཞིར་བྱས་ཏེ་གླེང་ན་ཐཱ་ལེས་སི་ལས་གཤེན་རབ་མི་བོ་ཆེ་བརྒྱ་ཕྲག་ཁ་ཤས་སྔ་བར་ཡོད་པས། མཁས་དབང་དུང་དཀར་རིན་པོ་ཆེས་བོད་ཀྱི་བསམ་བློ་བ་ཐོག་མ་ནི་སྟོན་པ་གཤེན་རབ་ཡིན་ཅེས་གསུང་མྱོང་བ་ལྟར། འཛམ་གླིང་གི་མཚན་ཉིད་རིག་པའི་ཐོག་མའམ་ཡབ་ཆེན་ཡང་གཤེན་རབ་མི་བོ་ཆེ་ཡིན་པར་བསྙད་ཀྱང་མི་ཆོག་གམ་སྙམ་པས་དཔྱད་གཞི་གལ་ཆེན་དུ་འཁུམས་སོ།། ནུབ་ཕྱོགས་ཀྱི་བཤད་ཚུལ་ལ་བལྟས་པ་ཡིན་ན་ཐཱ་ལེས་སི་ལགས་ཀྱི་ལྟ་བ་དེ། ཤར་ཕྱོགས་ནས་བྱུང་བར་གླེང་གིན་ཡོད་འདུག་ལ་དེང་དུས་ཕྱི་ཡིག་ལ་ཅུང་བྱང་ཞིང་། ཕྱི་གླིང་མཁས་པའི་གསུང་རྩོམ་ལ་རྒྱུས་མངའ་གང་འཚམས་ཡོད་པ་འགའ་ཞིག་གིས་ནི་ཐཱ་ལེས་སིའི་ལྟ་བ་འདི་ཡང་། ཤར་ཕྱོགས་བོད་ཀྱི་འཇིག་རྟེན་སྒོང་སྐྱེས་ལྟ་བ་དང་འབྲེལ་བ་ངེས་ཅན་ཡོད་ཚུལ་བཤད་འདུག(9)

་་་་་་་་་་་་་གང་ལྟར་འདི་དག་གི་ཐད་ནས་ད་དུང་དཔྱད་པ་མང་ཙམ་རྒྱག་ཡ་ཡོད་ཀྱང་སྐབས་དོན་གྱི་བརྗོད་བྱ་མིན་པས་བཞག་ལ། ང་ཚོས་འདིར་གླེང་བར་བྱ་བ་སྟེ། གོང་དུ་ཞུས་ཟིན་པ་བཞིན་ཚད་མ་རིག་པའི་ཁུངས་གང་ལ་ཐུག་མིན་སོགས་ནི་གླེང་ཕྱོགས་མང་པོ་ཞིག་བྱུང་ཡོད༑ ཤར་ནུབ་དང་རྒྱལ་ཁབ། ཡང་ན་མི་རིགས་དང་མི་རིགས་ནང་ཕན་ཚུན་གྲུབ་མཐའ་སོགས་རང་རང་སོ་སོས་མི་འདྲ་བ་རེ་བཤད་ཅིང་། མདོར་དེད་ན་རང་ཁོ་ན་ལ་ཐུག་ཚུལ་སོགས་གླེང་གི་ཡོད་པ་རེད༑ གླེང་ཕྱོགས་དེ་ལྟར་མང་ན་ཡང་དེ་དག་དྲང་ཐད་ནས་ལོ་རྒྱུས་ཀྱི་བདེན་པ་དངོས་འཚོལ་བའི་གཟུ་མིག་ཅན་ནམ། མང་དུ་ཐོས་ཤིང་གུ་ཡངས་ཅན་ཞིག་ལ་མཚོན་ན་ཁས་ལེན་བྱེད་ཐབས་བྲལ་བ་ཞིག་རེད༑ ཡིན་ན་ཡང་དཔྱད་པར་མི་འོས་པ་གང་ཡང་མེད་པས་ཕྱོགས་སུ་མ་ལྷུངས་བའི་སྒོ་ནས་ཞིབ་འཇུག་གནད་སྨིན་བྱེད་ཡ་ལྷག་ནས་ཡོད༑ ཚ་སྒང་བློ་གྲོས་དཔལ་ལྡན་ལགས་ཀྱིས“མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མཁས་པ་ཁ་ཅིག་གིས། མདོ་ལུང་ཟ་ཟུར་རེ་དྲངས་ནས་ཚད་མ་རིག་པའི་ཁུངས་སངས་རྒྱས་ཀྱི་གསུང་ལ་གཏུག་ཅི་ཐུབ་མཛད་ཡོད་ཀྱང་། གསུང་རབ་གང་དུ་ཡང་ཚད་མ་དང་ཚད་མིན་གྱི་རྣམ་བཞག་དང་། རྟགས་ཡང་དག་དང་ལྟར་སྣང་གི་རྣམ་དབྱེ་གསལ་པོ་མ་གསུངས་ཤིང་། མཚན་གཞི་ཙམ་ནི་འཇིག་རྟེན་འཚོ་བའི་ཁྲོད་དུའང་ཡོད་པས་ཁུངས་སུ་མི་འགྲོ། དེས་ན་རིག་གཞུང་འདི་ཐོག་མར་མུ་སྟེགས་རིག་པ་ཅན་པའི་ཁྲོད་དུ་རང་རྐྱང་ཐུབ་ཅིང་། ཕྱིས་སུ་སངས་རྒྱས་པའི་མཁས་པ་ཚོས་རང་ལུགས་ཟུར་དུ་ཕྱེས་པར་གྲགས་པ་ཉིད་དོན་ལ་གནས་སོ་སྙམ།”(10)ཞེས་བཤད་འདུག་པ་ནི་བདེན་གཏམ་དུ་སྣང་༑ རྒྱ་གར་ནང་ཆོས་ཀྱི་ཚད་མ་རིག་པའི་གཞུང་དངོས་ནི་ཐོག་མར་སློབ་དཔོན་ཕྱོགས་གློང་གི་སྐབས་སུ་བྱུང་བར་བཤད་ཅིང་། ཉི་ཧོན་ཨོ་ཐ་ནི་གཙུག་ལག་སློབ་དཔོན་ཆེན་མོ་སྐུ་ཞབས་ཁང་དཀར་ལགས་ཀྱིས་རྒྱ་གར་ནང་ཆོས་ཀྱི་ཚད་མའི་གཞུང་རྣམས་མ་བྱུང་གོང་ནས། མངོན་སུམ་དང་རྗེས་དཔག རྟགས་སོགས་ཆ་ཚང་བཀོད་པའི་རྒྱ་གར་མུ་སྟེགས་པའི་ཚད་གཞུང་མང་ཙམ་བྱུང་ཡོད་པར་གསུང་འདུག ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ནས་སློབ་དཔོན་ཕྱོགས་གློང་སྔོན་རྒྱ་གར་དུ་མུ་སྟེགས་པའི་ཚད་མའི་ལྟ་གྲུབ་མི་འདྲ་བ་བདུན་ཙམ་བྱུང་བར་བཤད་ཅིང་། དེ་དག་ལས་དང་པོ་ཙ་ར་ཀའི་ལྟ་གྲུབ་ནི་སྤྱི་ལོ༡༢༩—༡༥༢བར་བྱུང་བར་ཆ་འཇོག་བྱས་ཡོད་པ་རེད(11)༑ མཁས་དབང་དུང་དཀར་རིན་པོ་ཆེའི«ཚིག་མཛོད»དུ་ཡང་། “སྤྱིར་བཏང་ཚད་མ་རིག་པ་སྒྲ་ཡངས་པའི་དབང་བྱས་ཏེ་བཤད་ན་རྟོག་གེའི་རིག་པ་ལ་ཡང་གོ་ཆོག་པ་ལྟར། རྟོག་གེའི་རིག་པ་ནི་རྒྱ་གར་དུ་སངས་ཆོས་མ་བྱུང་གོང་ལོ་མང་པོ་ཞིག་གི་སྔོན་ནས་དྲང་སྲོང་ལྷའི་བླ་མ་ཞེས་པས་སྐྱེ་བ་སྔ་ཕྱི་མེད་པར་སྟོན་པའི་བསྟན་བཅོས་ཐོག་མར་བརྩམས་ཤིང་། དེ་མཚུངས་དྲང་སྲོང་འཇིག་རྟེན་མིག་ཅེས་པས་ལས་རྒྱུ་འབྲས་མེད་པར་སྟོན་པའི་བསྟན་བཅོས་བརྩམས། དེ་ནས་མུ་སྟེགས་སྟོན་པ་དྲང་སྲོང་སེར་སྐྱ་ཟེར་བས་ཤེས་བྱ་ཐམས་ཅད་རྣམ་གྲངས་ཉི་ཤུ་ལྔར་འདུས་པར་སྟོན་པའི་བསྟན་བཅོས་བརྩམས།”(12)ཞེས་ཚད་མ་རིག་པའི་ཁུངས་ནི་མུ་སྟེགས་པ་ལ་ཐུག་ཡོད་ཚུལ་གླེང་༑ འདི་དག་ནི་དེང་དུས་ཡོངས་གྲགས་ཀྱི་བཤད་སྟངས་ཤིག་ཀྱང་ཆགས་འདུག

་་་་་་་་་་་་་བོད་རྣམས་ཀྱི་ཁྲོད་ན་གནའ་བོའི་ཤེས་རིག་སྨྲ་བ་དག་གིས་ནི་ཞང་བོད་ཀྱི་སྐབས་ནས་བོད་ལ་ཚད་མ་རིག་པ་དར་བར་གླེང་གི་ཡོད༑ དེ་ཡང་སྟོན་པ་གཤེན་རབ་མི་བོ་ཆེས་ཚད་མ་སྡེ་བདུན་སྟེ། “དྲི་བ་རྟགས་གསལ་སྒྲོན་མེའི་སྡེ། རྩོད་པ་རྫུ་འཕྲུལ་དྲ་བའི་སྡེ། སྤང་པ་རྒོལ་བ་ཚར་གཅོད་སྡེ། བླང་བ་ཀུན་འབྱུང་ཡངས་པའི་སྡེ། འགལ་བ་མི་མཐུན་སྤང་བའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་གདར་ཆོད་སྡེ”(13)ཞེས། ཚད་མ་སྡེ་བདུན་གཏན་ལ་ཕབས་པ་ནས་དར་ཚུལ་བཤད་ཀྱི་ཡོད་པ་རེད༑ ཡིན་ན་ཡང་འདི་ལྟར་ཚད་མ་སྡེ་བདུན་པོའི་མིང་ཙམ་ལས་གཞུང་དངོས་མཇལ་བའི་ཡུལ་དུ་མ་སོང་བས། གནའ་བོའི་ཞང་ཞུང་སྐབས་ནས་སྟོན་པ་གཤེན་རབ་མི་བོ་ཆེས་ཚད་མ་རིག་པའི་གཞུང་ལུགས་ཤིག་དངོས་སུ་གསུང་ཡོད་པའི་བདེན་དཔང་ཡང་དག་ཅིག་རྙེད་མེད༑ དེ་ལྟར་ན་ཡང་མེད་པར་ཡང་སྒྲུབ་མི་ཐུབ་ལ་གོང་གི་ཚད་མ་སྡེ་བདུན་པོའི་མིང་ཙམ་ལ་བལྟས་ཏེ་དཔག་པ་ཡིན་ན། གནའ་བོའི་ཞང་བོད་ལྗོངས་ཆེན་པོའི་ཡུལ་གྲུར་དར་བའམ་སྟོན་པ་གཤེན་རབ་མི་བོས་གཏན་ལ་ཕབས་པའི་ཚད་མ་རིག་པ་དེ་ནི། གཞན་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་ཁྱད་བོན་ལྡན་ཞིང་རང་རྐྱ་བ་ཞིག་ཡིན་པར་རྟོགས་ཐུབ༑ «ཚད་མ་ཀུན་བཏུས»འདི་གཡས་རུའི་སྟོན་པ་བཅོ་བརྒྱད་གྱི་ནང་ཚན་འགྲོ་མགོན་ཁུ་དབོན་གཉིས་ཞེས་པ་ལས། དབོན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་ཞིག་ཡིན་ཅིང་ཁོང་ནི་དུས་རབས་བཅུ་གཉིས་ཏེ། སྤྱི་ལོ༡༡༩༨ལོར། ལྷོ་ཁ་གཡོ་པོ་དོལ་གྱི་ས་ཆ་རུ་ཡབ་འ་ཞ་ཤེས་རབ་སེང་གེ་དང་ཡུམ་རིན་ཆེན་བུ་ཁྲིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། མཐར་སྤྱི་ལོ༡༢༦༣ལོར་སྐུ་མྱ་ངན་འདས༑ ཁོང་གི་ཚད་མའི་གཞུང་འདི་ནི་དགུང་གྲངས་ག་ཚོད་ཅིག་ལ་ཕེབས་སྐབས་མཛད་མིན་གསལ་ཆ་མེད་ན་ཡང་། བོན་རང་གི་ཁྱད་བོན་ལེགས་པར་རྫོགས་པའི་གཞུང་ལུགས་ཤིག་ཡིན་པ་ནི་ས་བཅད་དང་བརྡ་ཆད། བརྗོད་བྱ་སོགས་གང་ནས་བརྟག་ཀྱང་ངེས་ཐུབ་པ་ཡོད༑ «ཚད་མ་ཀུན་བཏུས»ནི་བསྟན་པ་ཕྱི་དར་དང་ཡང་ན་ཁག་ཅིག་གིས་བོན་ལུགས་ཀྱི་ཚད་མ་རིག་པའི་གཞུང་ཐོག་མ་དེ་ཡིན་པར་བསྙད་ཀྱང་། «ཚད་མ་ཀུན་བཏུས»རང་དུ་དྲི་མེད་སྤྱན་ལྡན་ཞུ་བའི་བོན་གྱི་མཁས་པ་ཆེན་མོ་ཞིག་ཡོད་པ་མ་ཟད། དེ་ལ་ཚད་མ་ཞིག་ཡོད་པའི་ཚུལ་ཡང་གསལ་བས(14)བཤད་ཚུལ་འདི་ནི་མ་དག་པ་ཞིག་ཏུ་སྣང་༑ དེ་བས་མཉམ་མེད་ཤེས་རབ་རྒྱལ་མཚན་(༡༣༥༦—༡༤༡༥)གྱིས་མཛད་པའི། «ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི»ནང་དུ་ཡང་གཞོན་རྒྱལ་ཞེས་པའི་མཁས་པ་ཞིག་ཡོད་ཅིང་། ཁོང་གིས་མཛད་པའི་ཚད་མ་གཙིགས་ཆེ་བ་ཞིག་ཀྱང་ཡོད་ཚུལ་ཡང་ཡང་གསལ་བས། གཞོན་རྒྱལ་ཞེས་པ་འདི་དུས་ནམ་ཞིག་གི་མཁས་པ་ཡིན་མིན་གསལ་པོ་དེ་ཙམ་མ་ངེས་ཀྱང་མཉམ་མེད་ཆེན་མོས་ལུངས་འདྲེན་སྐབས། གཞོན་རྒྱལ་གྱི་བཞེད་པ་ལྟར་ན་ཞེས་དང་འགྲོ་མགོན་གྱི་བཞེད་པ་ནི་ཞེས་སོགས་གསུང་སྟངས་ཀྱི་གོ་རིམ(15)ལ་དཔག་ན་གཞོན་རྒྱལ་ནི«ཚད་མ་ཀུན་བཏུས»མཛད་པ་པོ་ལས་སྔ་བ་ཨེ་ཡིན་སྙམ་པ་བྱུང་༑ དེ་ལྟར་ན་ཡང་དོགས་པ་ཙམ་ལས་ད་ལྟའི་ཆར་གུས་པར་སྒྲུབ་བྱེད་ཡང་དག་གཞན་གང་ཡང་མེད་དོ།།

་་་་་་་་་་་་་་ཡིན་ན་ཡང་། བསྟན་པ་ཕྱི་དར་ལ«ཚད་མ་ཀུན་བཏུས»ལས་སྔ་བའི་བོན་ལུགས་ཀྱི་ཚད་མ་ཡོད་པ་མ་ཟད་བོད་བཙན་པོའི་སྐབས་ནས་ཀྱང་ཚད་མའི་གཞུང་ཡོད་པར་གསལ་ཏེ། དཔེར་ན། «ཚད་མ་ཀུན་བཏུས»ཀྱི་ཁུངས་གཏུགས་སའི་དཔེ་གཞུང་དག་ལ་བལྟས་པས་ར་འཕྲོད་ཐུབ༑ ཁ་ཅིག་གིས་ཚད་མ་འདིའི་རྩ་བ«ཚད་མ་རྣམ་འབྱེད་འཕྲུལ་ལྡེ»ལ་བྱས་ཞེས་བཤད་ཀྱང་གཙོ་བོ«རྣམ་འབྱེད་འཕྲུལ་ལྡེ»ལ་བྱས་པ་མ་གཏོགས། «གལ་མདོ་རིག་པའི་ཚད་མ།»དང«མན་ངག་ལུང་གི་ཚད་མ།» «མདོ»དང«ནང་རྒྱུད»ཅེས་པ་སོགས། བོན་ལུགས་ཀྱི་དཔེ་གཞུང་མང་པོ་ཞིག་ལ་ཁུངས་བྱས་ནས་མཛད་ཡོད་པ་གསལ་པོར་ཡོད༑«རྣམ་འབྱེད་འཕྲུལ་ལྡེ»ཞེས་པ་འདི་ཡོངས་གྲགས་སུ་བླ་ཆེན་དྲན་པ་ནམ་མཁས་མཛད་པར་བཤད་ཅིང་། «མདོ»དང«ནང་རྒྱུད»ཅེས་པ་སོགས་བོན་དཔེ་ཁག་ཅིག་ད་ལྟའི་སྐབས་སུ་ངོས་འཛིན་བྱེད་མ་ཐུབ་ན་ཡང་། «གལ་མདོ་རིག་པའི་ཚད་མ།»དང«མན་ངག་ལུང་ཚད་མ།»སོགས་ནི་ད་སྐབས་ཀྱང་མངོན་སུམ་གྱི་སྤྱོད་ཡུལ་དུ་བཞུགས་ཡོད(16)༑ དཔེ་ཆ་འདི་གཉིས་ལས«གལ་མདོ་རིག་པའི་ཚད་མ།»ཁྲི་སྲོང་སྐབས་སུ་ལྷ་ས་ཡེར་པའི་རྫོང་ལ་གཏེར་དུ་སྦས་ནས། ཕྱིས་སུ་ཐོན་པ་ཞིག་ཡིན་ཅིང«མན་ངག་ལུང་གི་ཚད་མ»ནི་དེ་ལས་ཀྱང་སྔ་བར་བཤད་ཆོག་པ་འདུག རྒྱུ་མཚན«གལ་མདོ་རིག་པའི་ཚད་མ།»སོགས་སུ«མན་ངག་ལུང་གི་ཚད་མ»ལས་ལུང་དྲངས་པ་ཡང་ཇི་སྙེད་ཅིག་མཆིས༑ གཞན་ཡང་ད་དུང་བོན་གྱི་གཏེར་ཡིག་ཐེམ་བྱང་སོགས་ལ་བལྟས་པ་ཡིན་ན«ཚད་མ་སྨྲ་སེང་།»ཞེས་པ་སོགས་ཚད་མའི་སྐོར་གྱི་དཔེ་ཆ་མང་པོ་ཞིག་ཀྱང་ཡོད་པ་གསལ་འདུག

་་་་་་་་་་་་་བན་ཕྱོགས་ཀྱི་བཤད་ཚུལ་བྱས་ན་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་རྒྱ་གར་ནང་པའི་དཔེ་གཞུང་འབོལ་ཆེན་ཞིག་བོད་དུ་དྲངས་སྐབས། ཚད་མ་རིག་པའི་དཔེ་གཞུང་ཁ་ཤས་བསྒྱུར་ཡོད་པ་ནི་བོད་ཀྱི་ཚད་མ་རིག་པ་ཆེས་ཐོག་མར་གྱུར་ཡོད༑ ཡིན་ན་ཡང་བཤད་ཕྱོགས་འདི་ནི་རིས་ཆད་ཅིག་ལས་ཡང་དག་ཏུ་མ་མཐོང་༑ རྒྱུ་མཚན་ནི་ཁྲི་སྲོང་སྐབས་དང་དེའི་ཡར་སྔོན་ཙམ་དུ་བྱུང་བའི་ཚད་མ་རིག་པའི་གཞུང་ཁག་ཅིག་ད་ལྟའི་དུས་སུ་ཡང་མཇལ་དུ་ཡོད་པ་གོང་དུ་བཤད་ཟིན་པ་ལྟར་རོ།། ཁང་དཀར་མཆོག་གིས“བསྟན་པ་སྔ་དར་གྱི་སྐབས་སུའང་ཚད་མའི་འཆད་ཉན་ཅུང་ཟད་ཙམ་བྱུང་བར་ཚོད་དཔག་ནུས་ཀྱང་། གཞུང་རྐང་ཚུགས་ནས་འཆད་ཉན་རྒྱུན་ཆགས་སུ་བྱུང་མེད”ཅེས་གསུང་འདུག་པ་བཞིན། བོད་སིལ་བུའི་སྔོན་བོད་ལ་རང་ས་ནས་དར་བའི་ཚད་མ་རིག་པའི་གཞུང་དང་འཆད་ཉན། གཞན་རྒྱ་གར་སོགས་ནས་དྲངས་པའི་ཚད་མ་རིག་པ་དང་གཞུང་སོགས་འཆད་ཉན་ཅུང་ཟད་བྱུང་ཡོད་པ་ནི་བན་བོན་གཉིས་ཀའི་ལོ་རྒྱུས་སུ་གསལ་བོར་ཡོད༑ «དེབ་ཐེར་སྔོན་པོར»རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་དང་དེའི་རང་འགྲེལ་སོགས་བོད་དུ་བསྒྱུར(17)བ་ནས་དབུས་གཙང་དུ་ཚད་མའི་འཆད་ཉན་བྱུང་བར་ཚད་མ་རྙིང་མ་ཞེས་དང་། དེའི་རྗེས་སུ་བོད་སིལ་བུའི་དུས་སྐབས་ལོ་ཙཱ་བ་བློ་ལྡན་ཤེས་རབ(༡༠༥༩—༡༡༠༩)ཀྱིས་གདན་ས་གསང་ཕུར་ཚད་མ་རིག་པའི་སྲོལ་གཙུག་པ་ལ། ཚད་མ་གསར་མ་ཞེས་བཏགས་པ་ནས་ཚད་མ་རིག་པའི་འཆད་ཉན་རྒྱ་ཆེར་དར་ཚུལ་བཤད་པ་ལྟར། དེང་དུས་ཡོངས་གྲགས་སུ་ཚད་མ་རིག་པའི་འཆད་ཉན་རྒྱུན་ཆགས་སུ་དར་འགོ་ཚུགས་པའི་དུས་ནི། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་སྐབས་ཡིན་པར་བཤད་པ་འཐད་ལྡན་དུ་སེམས༑ དེའི་གོང་ཞང་ཞུང་དང་བོད་བཙན་པོའི་སྐབས་སོགས་སུ་ཚད་མ་རིག་པའི་གཞུང་མང་ཙམ་བྱུང་ཡོད་ན་ཡང་། འཕོ་འགྱུར་གྱི་རྦ་རླབས་ཁྲོད་རྒྱུན་ཆགས་སུ་འཆད་ཉན་གྱི་སྲོལ་གནས་ཐུབ་མེད་པ་ལོ་རྒྱུས་ཀྱིས་གསལ་ཁ་སྤྲད་ཡོད་ཅིང་༑ དུས་སྐབས་འདིར་བན་ཕྱོགས་ཙམ་མིན་པར་བོན་ཕྱོགས་ནས་བལྟས་ཀྱང་བསྟན་པ་རབ་ཏུ་རྒྱས་པའི་སྐབས་ཡིན་པས། མཁས་པ་མང་དུ་བྱུང་ཡོད་ཅིང་ཚད་མ་རིག་པའི་སྐོར་གྱི་བརྩམས་ཆོས་ཀྱང་བྱུང་ཡོད་པར་འདོད༑ དཔེར་ན། སྤྱི་ལོ༡༠༥༢ལོར་སྐུ་འཁྲུངས་པའི་མཁས་པ་དཔལ་ཆེན་གྱིས་ཡབ་རྨེའུ་ལྷ་རི་གཉན་པོ་དང་མཁས་བཙུན་ཇོ་སྲས་སོགས་ལས། མདོ་སྔགས་རྫོགས་གསུམ་གྱི་རིག་གནས་ཀུན་ལ་ཆུང་ནས་མཁས་པར་མཛད་དེ་བན་ཕྱོགས་གྱི་གདན་ས་ཁག་ཅིག་ལ་ཚད་མ་རིག་པ་སློབ་གཉེར་བྱས་ཤིང་། སླར་ཡང་སྙེ་མོ་རུ་ཕེབས་ཏེ་བཟང་རི་དགོན་ཕྱག་བཏབ་ནས་གུར་ཞོག་དང་བཟང་རིར་དབུ་ཚད། མཛོད་འདུལ། གབ་པ། ཁམས་ཆེན་སོགས་འཆད་ཉན་གྱི་སྡེ་བཙུགས་ཤིང་། སློབ་བུ་ལྔ་བརྒྱ་ལ་ཉེ་བར་བྱུང་སྟེ་བཤད་སྒྲུབ་ཀྱི་བསྟན་པའི་མེ་རོ་མཁའ་ལ་མཆེད་པར་བྱས་ཞེས་གྲགས(18)༑ དུས་སྐབས་དེར་གཡས་རུ་དབེན་ས་ཁ་ཡང་མཚན་ཉིད་སློབ་གཉེར་རྒྱ་ཆེར་དར་བའི་སྐབས་ཡིན་པར་འདུག་པས། མཁས་པ་དཔལ་ཆེན་དབེན་ས་ཁ་རུ་ཆེད་དུ་རྩོད་པ་མཛད་པ་བྱོན་ཚུལ་སོགས་གསལ་གྱི་ཡོད་པ་རེད༑

གཉིས་པ། བོད་ཀྱི་ཚད་མ་རིག་པའི་དགོས་པ་གླེང་བ།

་་་་་་་་་་་་་་ཚད་མ་རིག་པའི་དགོས་པའམ་ཚད་མ་རིག་པ་ཞེས་པ་འདི་ཉིད་ཡང་སྙིང་རིག་གཞུང་ཇི་ལྟ་བུ་ཞིག་ཡིན་དགོས་མིན་གྱི་ངོས་འཛིན་བྱེད་སྟངས་ཐད་ནས། དུས་ཡུན་ཅུང་སྔ་ཙམ་ཞིག་ནས་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་པར་འདུག ཁ་ཅིག་གིས་ཚད་མ་རིག་པ་ནི་བོད་དུ་དགོས་པ་ཆེར་མེད་དེ། ཚད་མ་རིག་པ་ནི་གནའ་བོའི་རྒྱ་གར་ཡུལ་ནས་བྱུང་ཞིང་རྒྱ་གར་དུ་དར་བའི་རིག་གནས་ཤིག་ཡིན༑ དེར་བརྟེན། རིག་གཞུང་འདི་ནི་ཚད་མ་རིག་པའི་སྲོལ་རྒྱ་ཆེར་དར་བའི་མུ་སྟེགས་པ་དག་ཁ་བཏད་བཅོག་བྱེད་ཙམ་ལས་གང་ཡང་མིན་ཞེས་བཤད་ཡོད་འདུག དེ་དང་དེ་བཞིན་ཚད་མ་རིག་པ་ནི་གྲོལ་བ་དོན་གཉེར་གྱི་ཕྱོགས་ནས་ལྷག་མ་ཞིག་ཡིན་པ་ལས། བེད་སྤྱོད་མེད་ཚུལ་སོགས་ཚད་མ་རིག་པ་ལ་མི་འཐད་པའི་རྣམ་འགྱུར་བསྟན་མཁན་མང་ཙམ་བྱུང་བར་གྲགས༑ ཁ་ཅིག་གིས་བཤད་པ་ལྟར་ན་ལྟ་ཚུལ་དེ་དག་རྗེ་ཙོང་ཁ་པ་ཡབ་སྲས་རྣམས་ཀྱི་བར་རྒྱུན་ཆགས་སུ་བྱུང་བ་མ་ཟད། ཡོངས་གྲགས་ཤིག་ཀྱང་ཡིན་པའི་རྣམ་པར་བསྟན་ནས་བོད་དུ་ཚད་མ་རིག་པའི་དགོས་པ་ཡང་དག་རྟོགས་མཁན་ཐོག་མ་རྗེ་ཙོང་ཁ་པ་(༡༣༥༧—༡༤༡༩)ཡབ་སྲས་འདི་གསུམ་ཡིན་པར་བཤད༑ རྗེ་ཙོང་ཁ་པའི་གསུང་རྩོམ་པོ་ཏི་བཅོ་བརྒྱད་ཡོད་པ་ལས་ཕལ་ཆེ་བ་ནི་སྔགས་ཀྱི་སྐོར་ཡིན་པ་མ་ཟད། སྐུ་ཚེའི་སྨད་ལ་མདོ་ཡི་སྐོར་གསུང་རྩོམ་འགའ་ཡང་མཛད་མེད་པར་གྲགས་པས། མ་གཞི་ནས་རྗེ་ཙོང་ཁ་པས་ཚད་མ་རིག་པའི་སྐོར་ནས«ཚད་མའི་ལམ་བསྒྲིགས»སོགས་རེ་ཟུང་ཞིག་ལས་མཛད་མེད་སྐད༑ «ཚད་མའི་ལམ་བསྒྲིགས»ནི་གཙོ་བོ་རྩོད་སྤོང་སོགས་ཀྱིས་གྲུབ་པ་ཞིག་ལས། དེ་ཡང་ཚད་མ་རིག་པའི་སྤྱི་དོན་གོ་རིམ་བཞིན་མཚན་མཚོན་གཞི་གསུམ་གྱིས་ཞིབ་པར་གཏན་ལ་ཕབས་པ་ཞིག་རེད་མི་འདུག

་་་་་་་་་་་་་་ཁོང་གི«ཚད་མའི་ལམ་བསྒྲིགས»སུ་ཆེས་ཐོག་མར་ཚད་མའི་དགོས་པ་སོགས་ནས“དང་པོ་ལ་གསུམ། གྲོལ་བ་དོན་གཉེར་ལ་ལྟོས་ཏེ་ལོག་རྟོག་དགག ཡུལ་གྱི་ཁྱད་པར་ལ་ལྟོས་ཏེ་དགོས་མེད་ཀྱི་ལོག་རྟོག་དགག དགོས་པ་ཡོད་ཀྱང་དམན་པར་འདོད་པ་དགག་པའོ།།”(19)ཞེས་རྩོད་སྤོངས་བྱས་ཡོད་པ་རེད༑ ཁོང་གིས་གོང་གི་སྐྱོན་དག་ལ་རེ་རེ་ནས་ཞིབ་ཀྱིས་དགག་བཞག་མཛད་དེ་གྲོལ་བ་དོན་གཉེར་ལ་མཁོ་ཚུལ། སངས་རྒྱས་བསྟན་པ་ལ་ལོག་པར་རྟོག་པའི་ཕྱི་རོལ་བ་ཚར་གཅོད་པའི་ཆེད་དུ་མིན་རུང་སྤྱིར་བསྟན་པ་ལ་དགོས་ཚུལ། དགོས་མཁོ་ཡོད་ཀྱང་ཕྲན་བུ་ཙམ་མིན་པར་གལ་ཆེ་ཚུལ་སོགས་མང་པོ་ཞིག་སྒྲུབ་ཡོད་ཅིང་། “སྤྱིར་བསྟན་བཅོས་ཕལ་མོ་ཆེ་རང་ཉིད་ཀྱིས་གཞལ་བྱ་ངེས་པའི་ཐབས་དང་། གཞན་ལ་རྟོགས་པ་བསྐྱེད་པའི་ཐབས་གཉིས་ཀྱི་སྒོ་ནས་འཆད་ཅིང་། དེ་བཞིན་དུ་འདིར་ཡང་རྟོག་གེའི་ལུས་ཡོངས་སུ་རྫོགས་པ་དེ་ཡང་གཉིས་སུ་འདུས་ཏེ། ཚིག་དོན་བརྒྱད་ཀྱི་མངོན་རྗེས་ཡང་དག་ལྟར་སྣང་བཞི་པོ་རང་ཉིད་ཀྱིས་གཞལ་བྱ་ངེས་པའི་ཐབས་སུ་འདུས་ལ། སྒྲུབ་པ་དང་སུན་འབྱིན་ཡང་དག་ལྟར་སྣང་བཞི་པོ་གཞན་ལ་རྟོགས་པ་བསྐྱེད་པའི་ཐབས་སུ་འདུས་སོ།། དེས་ན་ལེའུ་ཡང་གསུམ་དུ་འདུས་ཏེ། མངོན་སུམ་དང་། རང་དོན་དང་། གཞན་དོན་ནོ།།”(20)ཞེས་ཀྱང་གསུང་ཡོད༑ རྗེ་ཙོང་ཁ་པས་དེ་ལྟར་དགག་སྒྲུབ་ཀྱི་ལམ་ནས་ཚད་མ་རིག་པའི་དོན་གྱི་དགོས་པའམ། ཡང་སྙིང་ཅི་ཞིག་གི་ཆེད་དུ་ཚད་མ་རིག་པ་མཁོ་བ་སོགས་ཞིབ་ཀྱིས་གསུང་བ་ནས་བཟུང་། རྒྱལ་ཚབ་དར་མ་(༡༣༦༤—༡༤༣༢)དང་མཁས་གྲུབ་རྗེ་(༡༣༨༥—༡༤༣༨)སོགས་ཀྱིས་སྔར་ལས་ཞིབ་རྒྱས་སུ་གནང་ནས། ཚད་མའི་བསྟན་བཅོས་དག་ཏུ་ཚད་མ་རིག་པའི་དགོས་ཆེད་ཀྱི་ཐད་ནས་མང་ཙམ་གླེང་ཡོད་པ་རེད༑ དཔེར་ན། མཁས་གྲུབ་རྗེའི«ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ»དུ་རྩ་བའི་ཚན་པ་ཆེན་པོ་བཞི་ཡོད་པ་ལས། ཚན་པ་དང་པོ་ནི“ཚད་མའི་བསྟན་བཅོས་ཀྱི་དགོས་པ་གཏན་ལ་དབབ་པ”(21)ཞེས་པ་དེ་ཡིན་ཅིང་། དེ་ལ་ཡང་ལོག་རྟོག་དགག་པ་དང་ཡང་དག་བསྟན་པ་སོགས་རིམ་པས་དབྱེ་ཞིབ་ནན་མོ་བྱས་ཡོད༑ ཚད་མ་རིག་པའི་དགོས་པ་དངོས་ནི་གོང་དུ་བཤད་ཟིན་པ་བཞིན། མཐར་དེད་ན“ཚད་མའི་བསྟན་བཅོས་འདི་དག་ཀྱང་བླང་དོར་གྱི་གནས་རྒྱུ་མཚན་ཡང་དག་གི་སྒོ་ནས་རིག་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ཡིན་པའི་ཕྱིར”ཞེས་པའི་སྟེང་ལ་བབས་ཡོད་ཅིང་། «ཚད་མ་རྣམ་ངེས»སུ“ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ན་དེ་མི་མཁས་པ་རྣམས་ལ་བསྟན་པའི་དོན་དུ་འདི་བརྩམ་མོ།། ཞེས་བཤད་པ་ལྟར་གནས་སྐབས་དང་མཐར་ཐུག་གི་ཕན་པ་མཐའ་དག་སྒྲུབ་ཅིང་ཉེས་ཚོགས་མཐའ་དག་ལྡོག་པའི་ཕྱིར་དུ་ཡིན་ལ། དེ་ཡང་ཉེས་ཚོགས་ཀྱི་རྩ་བ་འདིའི་ཞེན་ཡུལ་ཚད་མས་མེད་པ་དང་། ལེགས་ཚོགས་ཀྱི་རྩ་བ་ཡང་ཚད་མས་གྲུབ་པ་ལ་ངེས་པར་ལྟོས་དགོས་པ་ཡིན་ནོ”(22)ཞེས་ཁུངས་ཅུང་སྔ་བའི་ཚད་གཞུང་ཁག་ཅིག་ལ་གཏུགས་ནས་བཤད་འདུག ཡིན་ན་ཡང་གོང་གི་རྩོད་པ་དེ་དག་སུ་ཞིག་གིས་སློང་ཡོད་མེད་གུས་པས་གསལ་པོ་ཞིག་མ་ངེས་ན་ཡང་། རྗེ་ཙོང་ཁ་པ་ཡབ་སྲས་ཀྱིས་ཞིབ་པར་སྒྲུབ་པའི་ཚད་མ་རིག་པའི་དགོས་པ་འདི་དག་ནི་མདོར་བསྡུས་ན་གནད་ཀྱི་སྙིང་པོ་ནི་ས་སྐྱ་པཎ་ཊི་ཏའི«ཚད་མ་རིག་གཏེར»ལས་ཀྱང་གསུང་འདུག་པས(23)། དགོས་པ་འདི་ལྟར་རྟོགས་མཁན་ཆེས་ཐོག་མ་རྗེ་ཙོང་ཁ་པ་ཡབ་སྲས་རྣམས་ཡིན་པར་བཤད་ན་ཅུང་མི་འགྲིག་པར་སྣང་༑

་་་་་་་་་་་་་་དེ་བས་ཀྱང་ང་ཚོས་ངེས་པར་ཤེས་དགོས་པ་ཞིག་ནི་བོན་གྱི་ཚད་གཞུང་དག་ལས་གོང་གི་ཚད་མའི་དགོས་ཆེད་དག་གསལ་བོར་བསྟན་ཡོད་པ་རེད༑ སྐབས་དོན་གྱི་འཕྲོས་གཞི«ཚད་མ་ཀུན་བཏུས»ལྟ་བུར་མཚོན་ན“དེ་ཡང་སེམས་ཅན་རྣམས་ཀྱི་བདེ་སྡུག་ནི། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་དང་མ་རྟོགས་པ་ལས་བྱུང་ཞིང་། དེ་རྟོགས་པར་བྱེད་པའི་ཐབས་ཐམས་ཅད་མཁྱེན་པས་བོན་གྱི་སྒོ་མོ་དུ་མ་ཞིག་གསུངས་ལ། དེ་རྣམས་ཀྱི་དོན་འགྲེལ་ཞིང་ཤེས་བྱའི་གནས་ལུགས་རྟོགས་པར་བྱེད་པ་ལ། ཚད་མ་གསུམ་གྱིས་གཏན་ལ་དབབ་དགོས་ཏེ། མདོ་ལས། ཚད་གསུམ་ཟུང་དུ་མ་འབྲེལ་ན་སྟོན་པའི་བཀའ་མིན། །བདེན་གཉིས་དོ་རུ་མ་མཉམ་ན་གཡུང་དྲུང་གི་བོན་མིན། །ཞེས་དང་། ནང་རྒྱུད་ལས། ཚད་མ་དྲུག་གིས་མ་མཚོན་ན། །གྲི་མེད་གཡག་རོ་བཤའ་བ་འདྲ། །ཞེས་སོགས་གསུངས་པས”(24)ཞེས་ལུང་ཁུངས་དང་འབྲེལ་ནས། དོན་བསྡུས་པ་དང་ཁ་གསལ་པོས་སྒོ་ནས་ཚད་མ་རིག་པའི་དགོས་ཆེད་གསལ་བར་བསྟན་འདུག «ཚད་མ་ཀུན་བཏུས»རང་དུ། སྤྱིར་བདེ་བ་དང་སྡུག་སྔལ་ཞེས་པ་ནི། ཡང་དག་པའི་དོན་རྟོགས་མ་རྟོགས་ཀྱིས་བྱུང་ཞིང་དེ་ཉིད་རྟོགས་པར་བྱེད་པའི་ཐབས་ནི་སངས་རྒྱས་ཀྱིས་གསུངས་ཡོད་ཀྱང་། ང་ཚོས་སངས་རྒྱས་ཀྱི་དགོངས་པ་མི་ཁྲོལ་བ་དང་ཡང་ན་ཤེས་བྱའི་ཡིན་ཚོད་དམ་གནས་ལུགས་རྟོགས་པར་བྱ་བ་ལ་ཚད་མ་རིག་པའི་གཞུང་གི་བསྟན་བྱ་སྟེ། ཚད་མ་གསུམ་དང་དྲུག་སོགས་ལ་ངེས་པར་བརྟེན་དགོས་པས་གལ་སྲིད་ཚད་མ་འདི་དག་ལ་མ་བརྟེན་པར། ཡུལ་གྱི་གནས་ལུགས་སོགས་གཞལ་བར་བྱེད་ཟེར་ན་རལ་གྲི་མེད་པར་གཡག་རོ་བཤའ་རྒྱུ་ཡིན་ཟེར་བ་དང་འདྲ་བ་ཡིན་ཚུལ་སོགས། དོན་དངོས་པོའི་གནས་ལུགས་རྟོགས་པར་བྱེད་པའི་ཐབས་སུ་ཚད་མ་རིག་པ་འདི་ངེས་པར་ལག་ཆའི་ཚུལ་གྱིས་ལེན་དགོས་པར་བཤད་པ་མ་ཟད། རྒྱབ་བརྟན་དུ་ལུང་ཡང་ཁ་ཤས་དྲངས་འདུག་པ་ལྟར་བོན་ལུགས་ཀྱི་ཚད་གཞུང་ཅུང་རྙིང་གྲས་དག་ཏུའང་དེ་ལྟར་རང་བཤད་འདུག དཔེར་ན། ཁྲི་སྲོང་སྐབས་སུ་གཏེར་དུ་སྦས་པར་གྲགས་པའི«གཏན་ཚིགས་གལ་མདོ་རིག་པའི་ཚད་མ»ལས། “མ་རྟོགས་ལོག་པར་རྟོག་དང་དོན་མེད་ཚིག་ཙམ་རྟོགས། །ཕྱོགས་རེ་ཙམ་ལ་ཞེན་དང་ཡང་དག་གདིང་ཉམས་མེད། །དེ་དག་ལོག་ལྟ་སུན་ཕྱུང་ལ་བསྒྲལ་ཕྱིར། །གཏན་ཚིགས་གལ་མདོའི་ཚད་མ་བཤད་པར་བྱ། །”(25)ཞེས་འབྱུང་བ་ལྟ་བུ་རེད༑ ཡིན་ན་ཡང་དེ་བས་ཀྱང་གལ་གནད་ཆེ་བ་ཞིག་ལ། «གཏན་ཚིགས་གལ་མདོ་རིག་པའི་ཚད་མ»ལས་ཀྱང་སྔ་བའི«ལུང་ཚད་མ»ཞེས་པ་ལས། “ཟབ་མོ་ཆ་ཤས་བརྟག་དཀའ་བ། །ཚད་མས་གཏན་ལ་དབབ་པར་བྱ། །སྐྱེས་བུ་མི་བསླུ་མ་འཁྲུལ་པ། །མངོན་སུམ་པ་དང་རྗེས་སུ་དཔག །དེ་ཡི་མ་འཁྲུལ་མི་བསླུ་བྱེད། །འདི་དང་བོན་སྐུ་གཉིས་མེད་དེ། །འདུག་པ་ཐ་དད་མེད་ཕྱིར་རོ། །”(26)ཞེས་སོགས་གསལ་བ་ལ་བལྟས་པ་ཡིན་ན། བོན་ལུགས་ཀྱི་ཚད་མ་རིག་པ་ནི་སྤྱིར་མ་རྟོགས་དང་ལོག་པར་རྟོག་པ། ཡང་ན་དོན་མེད་ཚིག་ཙམ་རྟོགས་པ་དང་ཕྱོགས་རེ་བ་ཙམ་ལ་ཞེན་ནས་རྟོགས་པ་སོགས་དོན་མཐུན་མིན་པའི་རིགས་སེལ་ཆེད་དུ་བསྟན་པ་ཙམ་མིན་པར། གཙོ་བོ་གནས་ལུགས་རྫོགས་པ་ཆེན་མོའི་དོན་ནམ་ལྟ་སྤྱོད་གཏན་ལ་འབེབ་བྱེད་ཀྱི་རིག་པ་ཞིག་ཀྱང་ཡིན་པ་ངེས་ཐུབ༑ དེ་ནི«ལུང་ཚད་མ»འདི་ཙམ་མིན་པར«ཚད་མ་ཀུན་བཏུས»གཙོས་པའི་ཚད་མ་གཞན་རྣམས་ལས་གསལ་བའི་ཚིག་ཟུར་ནས་ཅུང་ཟད་རྟོགས་ཐུབ་ཅིང་། ལྷག་པར«ལུང་ཚད་མའི་འགྲེལ་བ»ལས“ཟབ་མོ་ཆ་ཤས་བརྟག་དཀའ་བ། །ཚད་མས་གཏན་ལ་དབབ་པར་བྱ། །ཅེས་པ། ཟབ་མོ་ནི་གཉིས་སུ་མེད་པའི་དོན་རང་བཞིན་ཀ་དག་ཡིན་ཏེ། དེ་ཡི་ཆ་ཤས་ཙམ་ཡང་རྟོགས་པར་དཀའ་བ་ཡིན། དེ་ནི་ཚད་མས་གཏན་དབབ་པར་བྱའོ།།”(27)ཞེས་སོགས་སྔར་ལས་ཁ་གསལ་པོར་བསྟན་འདུག་པས་ལེགས་པར་ངེས་ཐུབ་སྙམ༑ ནམ་རྒྱུན་བོན་ལུགས་ཀྱི་མཚན་ཉིད་རིག་པའི་སློབ་གཉེར་བ་དག་གིས«ཚད་མ་ཀུན་བཏུས»ནི་རྫོགས་ཆེན་ལུགས་ཀྱི་ཚད་མ་ཡིན་པའི་ངོས་འཛིན་བྱེད་པ་ཡང་གནད་འདི་དག་ལ་ཐུགས་སམ་སྙམ༑ བོན་གྱི་བཀའ་འགྱུར་དཀར་ཆག་ལས་ཀྱང་ཚད་གཞུང་འདི་དག་རྫོགས་ཆེན་ཁོངས་སུ་བསྡུས་འདུག དེར་བརྟེན། སྤྱིར་ཚད་མ་རིག་པའི་དགོས་ཆེད་ནི་མ་རྟོགས་དང་ལོག་པར་རྟོག་པ། ཡང་ན་དོན་མེད་ཚིག་ཙམ་རྟོགས་པ་དང་ཕྱོགས་རེ་བ་ཙམ་ལ་ཞེན་ནས་རྟོགས་པ་སོགས་དོན་མཐུན་མིན་པའི་རིགས་སེལ་ཆེད་ཡིན་ན་ཡང་། བོན་ལུགས་ཀྱི་ཚད་མ་དག་ནི་དེ་ཙམ་མིན་པར་གཙོ་བོ་རྫོགས་ཆེན་གྱི་ལྟ་སྤྱོད་གཏན་ལ་འབེབ་པའི་ལག་ཆའམ། ཐབས་མཆོག་ཏུ་གྱུར་བ་ཞིག་ཆགས་ཡོད་པར་དཔག་ནུས་སོ།།

་་་་་་་་་་་་་་བོན་ལུགས་ཀྱི་ཚད་མའི་བསྟན་བཅོས་གཙིགས་ཆེ་བ་འདི་དག་གཏེར་མའི་རིགས་ཡིན་པས་གོམ་སྲོལ་ངན་པ་ཞིག་གིས། གཏེར་མ་ནི་རྫུན་མའི་དཔེ་གཞུང་འབའ་ཞིག་ཏུ་སེམས་ཀྱི་ཡོད་པས་འདི་དག་ཀྱང་ཁུངས་སུ་མི་འགྲོ་བར་སེམས་ཆོག་མོད། སྤྱིར་བཏང་གཏེར་མའི་སྐོར་ནས་གུས་པས«གཏེར་མ་ཞེས་པ་ཡང་སྙིང་ཇི་ལྟར་ཡིན་མིན་ལ་ཅུང་ཟད་དཔྱད་པ།»ཞེས་པའི་དཔྱད་རྩོམ་ཞིག་བྲིས་ཡོད་པས་ཞིབ་ཆ་དེ་རུ་གསལ་ཞིང་། སྐུ་ཞབས་མཁར་རྨེའུ་བསམ་གཏན་རྒྱ་མཚོ་ལགས་ཀྱིས། “ཁོ་བོས་ལྟར་ན་གཏེར་མ་ཡོད་ཚད་ཁུངས་ལྡན་བསྙོན་མེད་ཅིག་མ་ཡིན་ནའང་དེའི་ནང་དུ་ཁུངས་བཙན་པའི་དཔེ་ཆ་རྙིང་པ་ཅི་ཡང་མེད་དོ་ཞེས་བརྗོད་པ་ནི་བདེན་པའི་གཏམ་ཞིག་མ་ཡིན།”ཞེས་དང་། “གཏེར་མ་ཞེས་པ་ནི་དོན་དངོས་ཐོག་སྔོན་གྱི་དཔེ་ཆ་རྙིང་པ་ཞིག་རྙེད་པ་གང་ཞིག་གི་གཞི་སྟེང་དུ་སྐྱར་བྲིས་སམ་དེ་དག་རྒྱས་པར་སྤྲོས་པ་ལས་བྱུང་བ་ཞིག་ཡིན་སྙམ། དེའི་ཐད་བོན་གྱི་དཔེ་ཆ«གཟེར་མིག»ཅེས་པ་དེ་དཔེ་མཚོན་ཡག་ཤོས་ཞིག་ཡིན་སྟེ། གཏེར་སྟོན་དྲང་རྗེ་བཙུན་པ་གསེར་མིག་གིས་ཏུན་ཧོང་གི་ལོ་རྒྱུས་དཔེ་ཆའི་ནང་དོན་ཁག་ཅིག«གཟེར་མིག»ནང་དྲངས་གནང་ཡོད་པ་ལྟར་རོ།།”(28)ཞེས་ངོས་འཛིན་གནང་འདུག་པ་ནི་འཐད་ལྡན་དུ་སྣང་བས། གོང་གི་གཏེར་དཔེ་དག་ཀྱང་མཐའ་གཅིག་ཏུ་རྫུན་དང་ཡང་ན་བདེན་ཞེས་ཁ་ཚོན་གཅོད་པར་མི་རིགས་ཤིང་༑ དེ་བས་གཏེར་མའི་རིགས་ནི་སྔར་ཡོད་བསྟན་བཅོས་རྨང་གཞིའི་སྟེང་ནས་དུས་སྐབས་སོ་སོའི་བརྡ་དག་འགྲོས་དང་བསྟུན། ཁ་གསབ་སོགས་གང་ལ་གང་འཚམས་བྱས་ནས་གྲུབ་པ་ཞིག་ཡིན་པ་ནི་དངོས་ཀྱི་བདེན་པ་ཉིད་དུ་འཁུམས༑ དེ་ལུགས་བསམ་གཞིག་དང་བླངས་དོར་མ་ནོར་བ་བྱེད་གལ་ཆེ་བས་ཞིབ་ཏུ་དཔྱད་པ་གནད་སྨིན་བྱེད་དགོས་ངེས་སོ།། དེས་ན་ཞབས་དཀར་བས། ཕྱོགས་གཅིག་ཤེས་ནས་གཉིས་མ་མཐོང་། །གཡག་ཞར་རྩྭ་ཟན་འདི་རེ་སྡུག་ཅེས་གསུང་འདུག་པ་ལྟར། ཕྱོགས་གཅིག་ཁོ་ནར་ཕྱོགས་པ་ལས་བླང་འདོར་མེད་པ་ནི་གཟུ་བོ་དང་རྣམ་དཔྱོད་ཀྱི་ལས་མིན་པ་རྟོགས་དགོས༑ གཞན་ཡང་སྟོན་པ་ཚད་མ་སྒྲུབ་པ་དང་བསྟན་པ་ཚད་མ་སྒྲུབ་པ་སོགས་ཚད་མ་རིག་པའི་དགོས་ཆེད་བྱེ་བྲག་པ་མང་ཙམ་བཤད་དུ་ཡོད་ཀྱང་། སྐབས་འདིར་ཞིབ་ཆ་བྱེད་ནས་བྱེ་བྲག་སོ་སོའི་སྟེང་དུ་འབབ་ཡ་གཙོ་བོ་མིན་པས་བཞག་པ་ཡིན༑

དཔྱད་གཞིའི་ཡིག་ཆ་དང་མཆན།

___________

(1) གཡས་རུ་དབེན་ས་ཁ་ནི་ཐོག་མར་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་བྲུ་ཤ་ཁྱུང་གི་རྒྱལ་མཚན་ཡབ་སྲས་གཉིས་ཀྱིས་སྔགས་དགོན་ལྟ་བུར་ཕྱག་བཏབ་སྟེ། ཕྱིས་སུ་སྤྱི་ལོ1072ལོར་བྲུ་རྗེ་གཡུང་དྲུང་བླ་མས་འདུལ་དགོན་དུ་བསྒྱུར་བ་ཞིག་ཡིན།

(2) དཔེར་ན། བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་ཁོངས་ཀྱི་བོན་པོའི་དགོན་པ་ཚོས“སྦྲ་ཆེན་རྫོང་ཁོངས་ཀྱི་གཡས་རུའི་འཆད་རྩོད་ཆེན་མོ”ཞེས་པ་ཞིག་སྐབས་དང་པོ་དང་གཉིས་པ། གསུམ་པ་ཞེས་ཚོགས་ཡོད་པ་ལྟར་རོ།།

(3)«ཚད་མ་རྣམ་འབྱེད་འཕྲུལ་སྒྲོན»དང«ཚད་མ་ཀུན་བཏུས་རིག་གཏེར»གཉིས་ཀྱི་གཞུང་དོན་བསྡུར་ནས་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བོན་ལུགས་ཚད་མར་བཞག་པའི་མཛད་རྗེས་ལ་དཔྱད་པ། “མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།” 2015ལོའི་འདོན་ཐེངས་བཞི་པར་གསལ། P:90

(4)«འཛམ་གླིང་ཤར་ནུབ་རིག་པའི་རྣམ་བཞག» 2013ལོའི་ཟླ10པར་པར་ཐེངས་གཉིས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:3

(5)«མིའི་རིགས་ཀྱི་ཤེས་རབ་ཀྱི་འཇུག་ངོག» 2015ལོའི་ཟླ1པོར་པར་ཐེངས་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P:10

(6) «མིའི་རིགས་ཀྱི་ཤེས་རབ་ཀྱི་འཇུག་ངོག» 2015ལོའི་ཟླ1པོར་པར་ཐེངས་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P:11

(7) «བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ།» 2014ལོའི་ཟླ1ཚེས18ཉིན། གློག་རྡུལ་འཕྲུལ་དེབ། ཕབས་ལེན་དྲ་གནས། http://www.himalayabon.com

(8) «སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ།» “ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ།” པིད་གཉིས་པ། 2015ལོའི་ཟླ1པོར་པར་ཐེངས་དང་པོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P:172 “ལི་ཤུས2500ཟིན་པ་དང་ཁྲི་སྲོང་གིས་དགུང་ལོ་ང་བཞི་ཆུ་ཕག་ལོ་དེ་སྤྱི་ལོའི་འདས་དབང་དུ་བྱས་ན783ཡིན་ཞིང་། དེ་ནས་ད་ལྟ་ཆུ་ཁྱི་ལོ་འདིའི་བར་ལོ་གྲངས1199འདས་ཤིང་། འདས་གྲངས་དེ་སྨེ་འཁོར་གྱི་འདས་ལོ2700ལ་བསྲེས་པས། ད་ལྟའི་བར་གྱི་འདས་ལོ3899དང་། སྤྱི་ལོ་ལ་བསྣན་པས1982འབྱུང་བ་འདི་ནི་བོད་ཀྱི་ལོ་རྒྱུས་ཡོད་པ་ནས་བརྩམས་པའི་འདས་ལོ་ཞིག་ཡིན”ཞེས་གསལ།

(9) «སྒོ་ཤེས་རབ་རྒྱ་མཚོ་ལ་བསམ་ཚུལ་བརྗེ་རེས་ཚུལ་དུ་བྲིས་པ།» དྲ་གནས། Dankuo7290 “དུས་རབས་བཅུ་དགུ་པའི་ནང་གི་འཇར་མན་གྱི་ཤེར་རྟོགས་རིག་པ་དང་སྐད་བརྡ་རིག་པ་བ་ཁག་ཅིག་གིས་ནུབ་ཕྱོགས་ཀྱི་ཤེར་རྟོགས་རིག་པ་དང་སྒྱུ་རྩལ་སོགས་ཀྱི་བུས་པ་ནི་ཤར་ཕྱོགས་ཀྱི་ཤེས་མལ་བརྒྱུད་ནས་འཁྲུངས་ཚུལ་དངོས་རྗས་དང་རིག་གནས་བསྲེས་འདྲེས་ཀྱི་སོ་མཚམས་བཀར་ནས་བསྒྲུབས་ཡོད་པའི་དེབ་ནི་མང་དག་ཅིག་ཡོད། བདག་ཀྱང་། ཐཱ་ལེས་སི་ཡི་ལྟ་བ་དེ་ཤར་ཕྱོགས་བོད་ཀྱི་འཇིག་རྟེན་སྒོང་སྐྱེས་ཀྱི་ལྟ་བར་འབྲེལ་ཡོད་པར་འདོད་མཁན་ཞིག་ཡིན།”ཞེས་གསལ།

(10) «ཚད་མའི་ལུགས་ཀྱི་མཐོ་རིས་དང་ཐར་པའི་རྣམ་གཞག་ལ་དཔྱད་པ།» 2011ལོའི་ཟླ6པར་པར་ཐེངས་དང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:157

(11) «རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས།» 2004ལོའི་ཟླ5པར། གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་པར་དུ་སྐྲུན། P:2 “ཀ་ཎི་ཤའི་དུས་རབས་སླབ་དཔོན་ན་རྒ་མུ་རའི་བཞེད་པ་ལྟར་ན་ཕྱི་ལོ129—152ཙམ་ལ་ཆ་བཞག་ན་ཙ་ར་ཀ་ཡང་དུས་རབས་གཉིས་པའི་དུས་སུ་བྱོན་ཡོད།”ཅེས་གསལ།

(12) «དུང་དཀར་ཚིག་མཛོད།» 2012ལོའི་ཟླ9པར་པར་ཐེངས་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། P:1714

(13) «ཤེས་རབ་ཕ་རོལ་དུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ།» “སྒོ་བཞི་མཛོད་ལྔའི་ཡང་བཅུད།—ཕར་ཕྱིན་སྟོད་ཆ།” པོད་བརྒྱད་པ། 2013ལོའི་ཟླ12པར་པར་ཐེངས་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:27 “་་་དེ་ལ་སོ་སོར་དབྱེ་ན། སྒྲ་རིག་པ་དང་། ཚད་མ་རིག་པ་གཉིས་སུ་ཡོད་དེ། རྣམ་རྒྱལ་ལས། དེ་ཡང་སྒྲ་ཚད་གཉིས་འབྱུང་བས། སྣོད་ཀྱང་གཉིས་ཡིན་ནོ།། ཞེས་གསུངས་པའི་ཕྱིར། དེ་ཡང་སྒྲ་ནི་སྐད་འགྱུར་སོ་སོར་བསྟན་པའི་མདོ་ལྟ་བུའོ།། ཚད་མ་ནི་སྡེ་བདུན་ལྟ་བུའོ།། སྡེ་བདུན་ནི། དྲི་བ་རྟགས་གསལ་སྒྲོན་མེའི་སྡེ། རྩོད་པ་རྫུ་འཕྲུལ་དྲ་བའི་སྡེ། སྤང་པ་རྒོལ་བ་ཚར་གཅོད་སྡེ། བླང་བ་ཀུན་འབྱུང་ཡངས་པའི་སྡེ། འགལ་བ་མི་མཐུན་སྤང་བའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་གདར་ཆོད་སྡེ། ཞེས་གསུངས་པ་ལྟར་རོ།།”ཞེས་གསལ།

(14) «ཚད་མ་ཀུན་བཏུས།» “སྒོ་བཞི་མཛོད་ལྔའི་ཡང་བཅུད།—བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་།ཚན་གྱི་གསུང་འབུམ།” པོད་སུམ་ཅུ་སོ་དགུ། 2014ལོའི་ཟླ12པར་པར་ཐེངས་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:36 “བདེན་པའི་མཚན་ཉིད་དང་། དབྱེ་བ་དང་། བྱེ་བྲག་གི་གཞལ་བྱ་གཏན་ལ་དབབ་པའོ།། དང་པོ་ནི། ཡིན་ལུགས་དང་བདེན་པ། ཞེས་དྲི་མེད་སྤྱན་ལྡན་གྱིས་གསུངས་སོ།།”ཞེས་གསལ༑

(15) «ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ།» “སྒོ་བཞི་མཛོད་ལྔའི་ཡང་བཅུད།—མདོ་ཡི་སྐོར།” པོད་བཞི་པ། 2013ལོའི་ཟླ12པར་པར་ཐེངས་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:13 “བོན་གཞན་ངེས་པའི་ལྟོས་གཞིར་གྱུར་པ་ནི་ཁྱད་གཞིའི་མཚན་ཉིད་དང་། རང་ལྡོག་ངེས་པ་བོན་གཞན་ངེས་པ་ལ་ལྟོས་པ་ནི་ཁྱད་བོན་གྱི་མཚན་ཉིད་དོ།། ཞེས་གཞོན་རྒྱལ་གྱིས་བཞེད་པ་བཀོད་པ་ཡིན་ནོ།། འགྲོ་མགོན་བློ་གྲོས་ཀྱིས་ནི་འདི་ལྟར་བཞེད་དེ། དོན་གང་ཞིག་རྟོག་པས་ཕལ་པར་བཟུང་བ་ནི་ཁྱད་བོན། དོན་གང་ཞིག་རྟོག་པས་གཙོ་བོར་བཟུང་བ་ཁྱད་གཞིའི་མཚན་ཉིད།”ཅེས་གསལ།

(16) 2013ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བའི“སྒོ་བཞི་མཛོད་ལྔའི་ཡང་བཅུད”དེབ་ཕྲེང་ཉེར་གསུམ་པའི་ནང་དུ་བསྡུས་ཡོད།

(17) བོད་རྒྱལ་ཁྲི་སྲོང་སྐབས་སུ་ཡིན།

(18) «ཞང་བོད་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ།» “རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱི་གསུང་འབུམ།—པོད་ལྔ་པ།” ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:120

(19) «རྗེ་རིན་པོ་ཆེའི་ཚད་མའི་ལམ་བསྒྲིགས་དང་སྲས་མཆོག་རྣམ་གཉིས་ཀྱི་ཚད་མའི་ལམ་ཁྲིད་བཞུགས་སོ།།» སེ་ར་དགོན་དཔེ་མཛོད་ཁང་བསྒྲིགས། P:1

(20) «རྗེ་རིན་པོ་ཆེའི་ཚད་མའི་ལམ་བསྒྲིགས་དང་སྲས་མཆོག་རྣམ་གཉིས་ཀྱི་ཚད་མའི་ལམ་ཁྲིད་བཞུགས་སོ།།» སེ་ར་དགོན་དཔེ་མཛོད་ཁང་ནས་བསྒྲིགས། P:7

(21) «ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ།» སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། P:3

(22) «རྗེ་རིན་པོ་ཆེའི་ཚད་མའི་ལམ་བསྒྲིགས་དང་སྲས་མཆོག་རྣམ་གཉིས་ཀྱི་ཚད་མའི་ལམ་ཁྲིད་བཞུགས་སོ།།» སེ་ར་དགོན་དཔེ་མཛོད་ཁང་ནས་བསྒྲིགས། P:8

(23) «རིགས་གཏེར་རྩ་བ་དང་འགྲེལ་བ་བཞུགས།» གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་། P:33 “ཡང་དག་པའི་ཤེས་པ་དག་ལ་རིགས་པ་སྨྲ་བར་ཁས་འཆེ་བ་རྣམས་ཀྱང་ལོག་པར་རྟོག་པ་དང་དུ་མ་མཐོང་བས་དེ་སུན་འབྱིན་དང་ཡང་དག་པའི་དོན་གཏན་ལ་དབབ་པའི་ཕྱིར་འདི་བརྩམ་མོ།”ཞེས་གསལ།

(24) «ཚད་མ་ཀུན་བཏུས།» “སྒོ་བཞི་མཛོད་ལྔའི་ཡང་བཅུད།—བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་།ཚན་གྱི་གསུང་འབུམ།” པོད་སུམ་ཅུ་སོ་དགུ། 2014ལོའི་ཟླ12པར་པར་ཐེངས་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:3

(25) «གཏན་ཚིགས་གལ་མདོ་རིག་པའི་ཚད་མ་བཞུགས།» “སྒོ་བཞི་མཛོད་ལྔའི་ཡང་བཅུ།—རྫོགས་ཆེན་ཚད་མ།”པོད་ཉེར་གསུམ་པ། 2013ལོའི་ཟླ12པར་པར་ཐེངས་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:1

(26) «མན་ངག་ལུང་གི་ཚད་མ།» “སྒོ་བཞི་མཛོད་ལྔའི་ཡང་བཅུ།—རྫོགས་ཆེན་ཚད་མ” པོད་ཉེར་གསུམ་པ། 2013ལོའི་ཟླ12པར་པར་ཐེངས་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:109

(27) «མན་ངག་ལུང་གི་ཚད་མའི་འགྲེལ་བ་བཞུགས་སོ།།» “སྒོ་བཞི་མཛོད་ལྔའི་ཡང་བཅུད།—རྫོགས་ཆེན་ཚད་མ” པོད་ཉེར་གསུམ་པ། 2013ལོའི་ཟླ12པར་པར་ཐེངས་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:113

(28) «མདའ་དང་འཕང་།» “མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས།” སྨད་ཆ། 2010ལོའི་ཟླ11པར་པར་གཞི་གཉིས་པའི་པར་ཐེངས་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། P:270–271

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *