བོད་ཀྱི་ལོ་ཚིགས་གལ་ཆེན་འགའ་ཞིག་ལ་དཔྱད་པའི་ཟིན་ཐོ།
རྩོམ་ཡིག་འདི་ཐེངས། 20518 བཀླགས་འདུག
ཐོག་མར་དམུ་སྲས་རྒྱལ་བ་སྟོན་པ་གཤེན་རབ་མི་བོ་ནི་གཤེན་ལོ་མི་ལོར་ཕབས་ནས་(སྤྱི་ལོའི་གོང་དུ་མི་ལོ་༡༦༠༡༦)ཤིང་བྱི་ལོར་སྐུ་འཁྲུངས་པ་ནི་བོན་གྱི་བསྟན་རྩིས་མང་པོར་གསལ་བས་དེ་ནི་མདོ་ལུགས་ཏེ་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རྒྱས་འབྲིང་བསྡུས་པ་སོགས་ཀྱི་དགོངས་དོན་ལྟར་ཡིན་མོད། དེང་གི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་ཐབས་མེད་པར་ཁས་བླངས་ཏེ་གཤེན་ལོ་རེ་ལ་མི་ལོ་བརྒྱ་རེ་མ་བརྩིས་པར་མར་འཕྲི་ཞིང་མི་ལོ་རྐྱང་པར་བརྩིས་ནས་མི་ལོ་གཅིག་ཁྲི་སུམ་སྟོང་དགུ་བརྒྱའི་གཡས་གཡོན་ཞིག་འཕྲི་དགོས་བྱུང་བས། དེ་ལྟར་ན་སྟོན་པ་གཤེན་རབ་མི་བོ་ཤིང་བྱི་ལོར་འཁྲུངས་པ་ཡོང་གྲགས་ཡིན་པས། སྤྱི་ལོའི་གོང་གི་༢༢༧༧ཤིང་བྱི་ལོ་ནས་ཡང་ན་ནམ་མཁའི་ནོར་བུའི་བཞེད་པ་ལྟར་གྱི་སྤྱི་ལོའི་གོང་གི་༡༩༡༧བར་གྱི་ཤིང་བྱི་ཞིག་ཏུ་ཁེལ་བར་ངེས་མོད་ཞིབ་པར་ཧ་གོ་དཀའ་བས་འདིར་དེ་ཙམ་གྱིས་འཐུས་པར་བྱེད་ཅིང་། ད་ལན་འདིར་གཙོ་བོ་ནི་སྤུ་རྒྱལ་བཙན་པོའི་སྐབས་ཀྱི་གལ་ཆེའི་ལོ་ཚིགས་གཤེན་ཀླུ་དགའི་གཏེར་མ་ཁྲོ་བོ་དབང་ཆེན་དང་། བྱང་སེམས་གབ་པ། རྨ་གཏེར་བསྒྲགས་གླིང་སོགས་ལ་ཁུངས་སུ་བཅོལ་ཞིང་བསྟན་རྩིས་ཁག་འགའ་ཞིག་ལས་དཔྱད་གཞིར་བྱས་ཏེ་ཟིན་ཐོ་ཞིག་འདེབས་པར་བྱས་ནས་འདི་ལྟར་ཏེ།
དེའང་ཕྱྭ་སྲས་ཁྲི་བར་བདུན་ཚིགས་དང་ཞང་རྨུ་ཡུལ་གྱི་ཐང་ཐང་གི་སྲས་མོ་ཕུ་མོ་དྲེ་རྨུ་དྲེ་བཙན་མོ་གཉིས་ཀྱི་སྲས་སུ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་(སྤྱི་ལོའི་གོང་༢༣༧)ཤིང་བྱི་ལོར་འཁྲུངས། དེ་ནས་དྲུག་ཅུ་རེ་གཉིས་ནས་སྤུ་རྒྱལ་མུ་ཁྲི་བཙན་པོ་སྤྱི་ལོའི་གོང་ལོ་(༡༧༥)མེ་སྟག་ལོར་འཁྲུངས། དེ་ལྟར་གནམ་གྱི་ཁྲི་བདུན་གྱི་སྐབས་སུ་བར་གྱི་གདུང་བརྒྱུད་བྱོན་ཞིང་སྟོད་ཀྱི་བླ་མ་ཆེ་དྲུག་གི་བོན་དར་བར་གསུངས་པ་སྟར། དེའང་གདུང་བརྒྱུད་བཅུ་གསུམ་སྐོར་ནི་ཁྲོ་བོ་དབང་ཆེན་གྱི་ཀླད་དོན་ལས། ད་ནི་བསྒྲུབས་པའི་ཡོན་ཏན་དང་། མ་བསྒྲུབ་པའི་སྐྱོན་སྟོན་སྟེ། དེ་ལ་བསྒྲུབས་པའི་ཡོན་ཏན་དང་གྲུབ་རྟགས་ནི། རྒྱལ་མུ་ཁྲི་བཙན་པོ་ཡན་ཆོད་ནི། གྲུབ་པའི་རྟགས་རྣམ་པ་དུ་མ་དང་ལྡན་སྟེ། རྫུ་འཕྲུལ་གྱི་སྨན་མང་པོས་མཐའ་བསྐོར་ནས། ནམ་ཀ་ལ་བྱ་བཞིན་ལྡིང་པ་དང་། ཆུ་ལ་བྱིང་པ་མེད་པར་འགྲོ་བ་དང་། མྱ་ངན་གྱི་སྣམ་བུ་ལ་མེ་ཏོགས་གི་གླིང་བསྐྱེད་པ་དང་། རོ་སྐམ་གྱི་ལུང་པར་ཆུ་དབབ་པ་དང་། རྒུན་དཔྱིད་ཀྱི་མཚམས་སུ་ཐོག་དབབ་པ་དང་། ཡིད་བཞིན་གྱི་ཞལ་ཟས་ཀྱིས་གསོལ་བ་མེད་པར་ཞོས་པ་དང་། བར་སྣང་གི་ལྷ་ས་གཞི་ལ་སྤྱན་དྲངས་ནས། དྲོ་རེ་ན་སླར་བསྐྱལ་ས་དང་། ལྷ་མ་སྲིན་མངོན་གསུམ་དུ་བྲན་དུ་འཁོལ་བ་དང་། རྫུ་འཕྲུལ་གྱི་སྐུ་ཤི་མེད་དགྲས་མི་ཚུགས་པ་ལས་བསོགས་སྟེ། གྲུབ་པའི་རྟགས་བསམ་གྱིས་མི་ཁྱབ་པོ། དེ་མིན་ཅོད་དུ་མོན་བོན་ཧ་ར་ཅི་པར་གྱིས། རི་ས་གསེར་གྱི་མཐུ་དང་། ཆུ་གར་བསྒྱུར་གྱི་མཐུ་དང་། རེ་དྷབ་ར་ཞོན་གྱི་མཐུ་དང་། ཀུ་ཏྲ་ར་སྲོག་གི་མཐུ་ཡོད་དོ། བོན་མོ་སྟག་བེར་གླིང་བེར་གྱིས་བསྒྲུབས་པས། སྟག་གཟིག་དང་དོམ་དྲེད། བེའུ་ལུག་ལྟར་གདོང་ལ་བརྡལ་བ་དང་། ཀླུ་དང་མི་སྐད་གཏམ་བྱས་སྟེ། ལོ་སུམ་བརྒྱ་སུམ་བརྒྱ་རྩ་བཅུ་ན། ཕུང་པོ་ལྷག་མ་མ་བོར་བར་གཤེགས་སོ། ཞང་ཞུང་ཨ་ནུ་འཕྲག་ཐག་གིས་བསྒྲུབས་པས། མུ་དམར་གྱི་གསེར་གཙོའ་དང་། ཕྲ་མོ་ཧའི་ཤིག་ཙོ་དང་། དུག་སྨན་དུ་བསྒྱུར་གྲུབ་སྟེ། ལོ་ཉིས་བརྒྱ་བརྒྱ་ཅུ་ན་གཟུགས་མངོན་པར་བྱ་རྒོད་དུ་སྤྲུལ་ནས་འོག་མེན་དུ་གཤེགས་སོ། ཞང་ཞུང་སད་ནེ་ག་བུ་འིས་བསྒྲུབས་པས། ནད་མུར་མཛེའ་གསོའ་བ་དང་། ཁ་བ་དང་བུ་ཡུག་དང་རླུང་དམར་བཅད་པ་དང་། ཁམ་གྱི་ཟས་དང་བྲལ་སྟེ། སྐུ་ད་རས་ཅིའི་ཞུགས་ལ་མཆོད་པར་ཕུལ་སྟེ་ཚངས་སྟང་མ་དང་གཉིས་སུ་མྱེད་པར་གྲུབ་པོ། ད་མི་ཐད་གེ་འིས་བསྒྲུབས་པས། ཞང་ཞུང་གི་སྡེ་རིགས་བརྒྱད་ཀྱི་དམག་ད་མི་ལ་དྲངས པ་དུས་ཅིག་དུ་རིངས་སྟེ་འདུག་པ་དང་། མཁར་ཁྱུང་ལུང་རྔུལ་མཁར་གྱི་ནང་དུ་མེ་མཆེད་པ་མཆིལ་མ་ཐབས་གསུམ་གྱི་སྔགས་ཀྱི་བསད་པ་དང་། ཞྫ་ཤི་རི་པད་དུ་བྱ་བ་དང་། ལྷམ་འབོ་ལ་ཤེ་རུ་སྤྲུལ་ནུས་སྟེ། ལོ་ཉིས་བརྒྱ་རྩ་གསུམ་ན་གཡུ་འབྲུག་སྔོན་པོ་ལ་ཆིབས་སྟེ་གཤེགས་སོ། ཤད་ར་ཁུག་གིས་བསྒྲུབས་པས། གཟུགས་བྱ་རྒོད་དུ་བྱས་ནས་འཕུར་བ་དང་། སྟག་དུ་བྱས་ནས་མཆོང་པ་དང་། དབལ་མོ་མངོན་གསུམ་དུ་ཤ་ཁྲག་ལ་དབབ་པ་དང་། འཇིག་རྟེན་གྱི་མཐུ་གྲུབ་པོ། རྒྱ་བོན་ཟིངས་པ་མཐུ་ཆེན་གྱིས་བསྒྲུབས་པས། གཟུགས་ལྕགས་ཀྱི་སྤྱང་ཁུ་རུ་སྤྲུལ་པ་དང་། རྒྱ་མཁར་གྱི་དབུས་སུ་གནམ་གྱི་ཆུ་དམིག་བརྟོལ་པ་དང་། རྒྱ་རྗེའི་ཀླུད་རང་གྲོལ་ལས་བསོགས་པ་གྲུབ་པོ། སྤེ་ཐོག་འཕྲུལ་གྱིས་བསྒྲུབས་པས། ཞང་ཞུང་ཁ་ཡུག་གི་མཚོ་གཡུ་རི་ཞེས་བྱ་བ། སྨར་ཞི་སྲང་ཉིས་ཞག་གསུམ་ནས་འཁོར་བ་ཞིག གཡུ་ག་ལྗུགས་སུ་བྱས་ནས། ལྟག་གཡུ་རུ་གདག་པ་དང་། ཉི་ཟེར་གྱི་ལྟ་ལ་ཞོན་ནུས་ཏེ། ལོ་ཉི་བརྒྱ་དྲུག་བཅུ་རྩ་གཅིག་ལོན་ནས་ཕུང་པོ་ས་གཞི་ལ་མ་ལུས་པར་སངས་རྒྱས་སོ། སྤེ་བོན་ཐོག་ཙེས་བསྒྲུབས་པས། གཡག་རྒོད་དང་ཆུ་སྲིན་ལ་ཞོན་ནས། བདུད་ཕྲན་འཕྲལ་ལ་འཁོར་ནུས་སོ། ལོ་སུམ་བརྒྱ་སུམ་ཅུ་ལོན་ནས་ཕུང་པོ་ས་གཞི་ལ་མ་བཞག་གོ ཞང་ཞུང་སྟོང་རྒྱུང་གིས་བསྒྲུབས་པས། དཔུ་དང་རང་སྐུམས་ཀྱི་རྟགས་དང་། གསེར་དང་ཉུངས་ཀར་འཕངས་པས། སེམས་ཅན་གང་འཕྲད་པ་བརྒྱལ་ནུས་སོ། སེ་དམུ་ཙ་ཤ་རིན་བསྒྲུབས་པས། ཆུ་རྟ་སྔོན་པོ་ལ་ཞོན་ནས། མཚོ་གཡུ་བུན་གྱི་ནང་དུ་དྲོ་རེ་ཙམ་སྟོར་བ་དང་། མཚོ་སྨན་གྱིས་གདུགས་པོད་ཀྱི་དྲོ་འཐབ་སྟེ་འོང་པ་གྲུབ་པོ། མེ་ཉག་ལྕེ་ཙ་མཁར་བུའི་བསྒྲུབས་པས། གསེར་གྱི་མི་རྟ་རུ་སྤྲུལ་ནས། སྐྱེ་ཆུ་དང་རྨ་ཆུ་སྒྱུར་ནུས་སོ། ལྡེ་གྱིམ་ཙ་རྨ་ཆུང་གིས་སྒྲུབས་པས། ཕ་བོང་ལ་ཞོན་པ་དང་། གཅན་ཟན་གདུག་པ་ཅན་ལ་ཁལ་འགེལ་བ་གྲུབ་པོ། དེ་ནི་བསྒྲུབས་པི་ཡོན་ཏན་བསྟན་པའོ། ཞེས་གསུངས། དེ་ལྟར་དཔེ་ཅ་འདི་ནི་ཁྲོ་བོ་དབང་ཆེན་གྱི་ཀླད་དོན་ལས་གསལ་ཞིང་ཁྲོ་བོ་དབང་ཆེན་སོགས་གཤེན་གཏེར་རྣམས་ནི་གྲི་གུམ་གྱི་སྐབས་སུ་སྦས་པའི་བོན་སྡེ་དུ་ངེས་པ་ཡིན། རྒྱུ་མཚན་ནི་གཤེན་གཏེར་རྣམ་ལས་གྲི་གུམ་བཙན་པོ་བོན་བསྣུབས་ཤིང་དཔེ་ཆ་འདི་རྣམས་གཏེར་དུ་སྦས་པའི་སྐོར་མ་གཏོགས། གྲི་གུམ་བཙན་པོའི་བཀྲོངས་པའི་སྐོར་དང་རྒྱལ་སྲས་སྤུ་སྡེའི་མིང་ཙམ་མེད་པ་མ་ཟད། རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱི་མཚན་ཙམ་འཁོད་མེད་པས་སོ།། དེས་ན་མུ་ཁྲི་བཙན་པོ་ནས་གྲི་གུམ་བཙན་པོས་བོན་མ་བསྣུབས་ཀྱི་བར་དུ་ལོ་ངོ་སུམ་བརྒྱ་སུམ་ཅུ་ལྷག་ཙམ་དུ་ངེས་པར་དུ་ཕྱིན་ཟིན་དགོས་ཏེ། གོང་གི་རིག་འཛིན་དེ་རྣམས་ནི་སྤུ་རྒྱལ་མུ་ཁྲི་བཙན་པོའི་སློབ་མ་དང་སློབ་མའི་སློབ་བརྒྱུད་ཤ་དག་ཡིན་པ་དང་། བར་གྱི་གདུང་བརྒྱུད་བཅུ་གསུམ་གྱི་འཇུག་ཤོས་སྤེ་བོན་ཐོག་ཙེ་ལོ་སུམ་བརྒྱ་སུམ་ཅུ་ལོན་ནས་གཤེགས་པའི་སྐོར་དང་དེ་ནས་གྲི་གུམ་བཙན་པོས་བོན་བསྣུབས་པའི་སྐོར་སོགས་ཀྱི་ལོ་རྒྱུས་ཀྱི་གཏན་ཚིག་ཁ་གསལ་འདུག་པས་སོ།
དེ་ནས་རིག་འཛིན་གཙོ་བོ་སློབ་དཔོན་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་(སྤྱི་ལོ་༤༤)ཤིང་འབྲུག་ལོར་འཁྲུངས། དེ་ནས་ལོ་དྲུག་ཅུ་རེ་གཉིས་ནས་ཞང་ཞུང་རྒྱལ་བ་མཉེས་ཀྱི་དབུས་མཁར་ཁྱུང་ལུང་དངུལ་མཁར་དུ་ཞང་ཞུང་སྲིད་པའི་རྗེ་བོ་དམུ་རིགས་རྒྱུང་ཡར་མུ་ཁོད་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་། བཙུན་མོ་ཕྱྭ་བཙུན་གུང་མ་གཉིས་ཀྱི་སྲས་སུ་གྱེར་སྤུངས་དྲན་པ་ནམ་མཁའམ་རྒྱུང་ཡར་བླ་ཆེན་ཁོད་སྤུངས་མེ་རྟ་ལོར་(སྤྱི་ལོ་༡༠༦)འཁྲུངས། དེ་ནས་ལོ་བཅོ་ལྔ་ནས་སྨད་ཀྱི་མཁས་པ་མི་བཞིའི་སྐུ་ཚེའི་སྟོད་དུ། ཁྲི་སྡེ་ཡགས་པའི་བཙུན་མོ་སྦྲང་ཟ་ལྷ་རྒྱན་ལ་གཙུག་རྗེ་རྒྱལ་པོའི་བྱི་ཕྲུག་ཐེའུ་མང་སྙ་ཨུ་ཝེ་རའི་སྤྲུལ་པར་གྲགས་པའི་གྲི་གུམ་བཙན་པོས་(སྤྱི་ལོ་༡༢༡)ལྕགས་བྱ་ལོར་བོན་བསྟན་བསྣུབས། དེ་ནས་བསྒྲགས་གླིང་རིག་འཛིན་ཐུགས་རྒྱུད་ལས། ཕྱེད་དང་སུམ་རྒྱའི་དུས་སུ་ཕྱི་རབས་སེམས་ཅན་གྱི་དོན་དུ་བསྟན་པ་སྡེ་གཉིས་སུ་གཞག་པར་དགོངས། དེ་དུས་དགོངས་ཚད་ལྔ་བཀྱེ་བ་ནི། བོད་ཡུལ་མུན་པའི་སྨག་རུམ་གསལ་བའི་ཕྱིར། སྤྲུལ་པ་རང་རྟགས་ཀྱི་རིག་འཛིན་བརྒྱའི་བསྟན་པ་གཏེར་ནས་བཏོན་ནས་སྤེལ་བར་དགོངས། བྱིན་རླབས་མངོན་སྤྲུལ་གྱི་རིག་རིག་འཛིན་རྣམས་ལ་བྱིན་གྱིས་བརླབས་ནས་བསྟན་པ་སྤེལ་བར་དགོངས། ཐུགས་རྗེའི་འོད་ཟེར་སྤྲུལ་པ་བཀྱེ་ནས་བསྟན་པ་སྤེལ་བར་དགོངས། ལྷོ་ནུབ་སྲིན་པོ་བདུག་པ་ཅན་གྱི་ཁ་མནན་པར་དགོངས། སྐུ་ལས་སྲས་སྤྲུལ་ནས་བོན་གྱི་བསྟན་པ་སྤེལ་བར་དགོངས། དེ་ལྟར་སྐུའི་སྤྲུལ་པ་བྱེ་བ་ས་ཡས་གང་འདོད་ཀྱི་དོན་གྲུབ་པར་དགོངས། ཞེས་གསུངས་པས། དེ་ནས་ཉིས་བརྒྱ་ལྔ་བཅུ་ནས་གྱེར་སྤུངས་དྲན་པ་ནམ་མཁའ་དང་ཡུབ་འོད་ལྡན་འབར་མ་གཉིས་ཀྱི་སྲས་སུ་ཚེ་དབང་རིག་འཛིན་དང་གཡུང་དྲུང་མཐོང་གྲོལ་(པདྨ་འབྱུང་གནས་)(སྤྱི་ལོ་༣༧༡)ཆུ་སྤྲེལ་ལོར་འཁྲུངས། བོན་གྱི་ལོ་རྒྱུས་ཁག་ལས་མཁས་པ་མི་བཞིའི་སྐུ་ཚེའི་སྟོད་ཡན་ཆོད་དུ་བོན་དར་ཞིང་དེ་ནས་གྲི་གུམ་གྱིས་བསྣུབས་པ་དང་། མཁས་པ་མི་བཞི། བླ་ཆེན་དྲན་པའི་སྐུ་ཚེའི་སྨད། ཏ་པི་ཧྲི་ཙ། སྣང་བཞེར་ལོད་པོ་སོགས་བཞུགས་པའི་དུས། ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ངན་གཡོས་བཏུལ་ཏེ་བཀྲོངས་བར་གབ་འགྲེལ་རིག་པའི་རྒྱ་མཚོ་དང་། ཞང་ཞུང་སྙན་རྒྱུད་ལས་གསུངས་པས་དེ་ནི་སྤུ་རྒྱལ་ཁྲི་སྲོང་ལྡེ་བཙན་མིན་པར་ངེས་ཤིང་། ཁྲི་སྲོང་བཙན་ཏེ་སྲོང་བཙན་སྒམ་པོའི་སྐབས་སུ་ཞང་ཞུང་ལིག་མི་རྐྱའི་སྲིད་བརླགས་པའི་སྐོར་ཏུང་ཧོང་གི་ཡིག་རྙིང་ལས་གསལ་བ་དང་། བསྒྲགས་གླིང་རིག་འཛིན་ཐུགས་རྒྱུད་ལས། སྟོང་རྒྱུང་མཐུ་ཆེན་ནི། ཞེས་པ་ནས། ཡུལ་ཞང་ཞུང་དུ་འཁྲུངས་ནས། བོད་དུ་མཁས་པ་མི་གསུམ་གྱིས་སྤྱན་དྲངས་ནས། བཀའ་དྲིན་ཡོངས་ལ་ཁྱབ་པར་མཛད། ཅེས་དང་། མི་ལོ་ལྔ་བརྒྱ་སུམ་ཅུ་རྩ་བདུན་ཡིན། འདའ་ཚུལ་ནུབ་ཕྱོགས་སྲིན་པོ་འཁྲུགས་པའི་གླིང་ལ་བསྟན། དེ་ནི་སྐུའི་འདུལ་ཚད་བསྟན་པའོ། དེ་བཞིན་གསུང་དང་ཐུགས་ཀྱི་འདུལ་ཚད་འགྲོ་བའི་ཁ་ལོ་བསྒྱུར། ཞེས་ཞལ་གསལ་གསུངས་པས་དེ་ལྟར་ན་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སློབ་དཔོན་སྟོང་རྒྱུང་གི་སྐུ་ཆེའི་སྨད་དུ་ཁེལ་ཐབས་མེད་པ་དང་། སྲོང་བཙན་གྱིས་ལིག་མི་རྐྱའི་སྲིད་བརླགས་པའི་སྐབས་སུ་སློབ་དཔོན་སྟོང་རྒྱུང་ཞལ་བཞུགས་ཡོད་པ་ནི་དཀའ་ཞིང་། གལ་སྲིད་སློབ་དཔོན་སྟོང་རྒྱུང་འཁྲུངས་ལོ་(སྤྱི་ལོ་༤༤)ཤིང་འབྲུག་ལོ་ལས་དྲུག་ཅུའི་སྐོར་གཅིག་ཕྱིས་ནས་གྲི་གུམ་དང་སྲོང་བཙན་བར་གྱི་ལོ་ཐུང་སྐྱོན་ཡོད་པས། དེ་ནས་གོང་གི་སློབ་དཔོན་སྟོང་རྒྱུང་གི་འཁྲུངས་ལོ་དང་གཤམ་གྱི་བོན་ལུགས་ཀྱི་སྲོང་བཙན་འཁྲུངས་ལོ་དང་བསྡུར་ན་སློབ་དཔོན་སྟོང་རྒྱུང་ཞལ་བཞུགས་ཡོད་ངེས་པ་ཡིན་པས་སྐུ་ཚེའི་སྨད་ཟེར་ན་མི་ཆོག་པ་མེད་སྙམ། དེ་བཞིན་ཞང་ཞུང་སྙན་རྒྱུད་བླ་མ་ཁག་གཅིག་གི་དགུང་ལོ་ག་ཚོད་བཞུགས་མིན་སྐོར་ནི། གྲུབ་ཆེན་འཇའ་ལུས་ཉེར་བཞི་དང་ཏ་པི་ཧྲི་ཙ་ནི་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་རུ་བཞེངས་པས་སྐྱེ་ཤི་མེད་པ་དང་། སྣང་བཞེར་ལོད་པོ་དགུང་ལོ་སུམ་བརྒྱ་བདུན། ཕ་བ་རྒྱལ་གཟིགས་གསས་ཆུང་ལོ་སུམ་བརྒྱ་བདུན་ཅུར་བཞུགས། དམུ་གཙོ་གེ་ལོ་བརྒྱ་དང་བདུན་ཅུ། དམུ་གཙོ་སྟངས་བརྒྱ་དང་བཅུ་གསུམ། དམུ་ཤོད་ཏྲམ་ལོ་བརྒྱ་དང་བཅུ་བདུན། དཔོན་བཙན་པོ་ལོ་སྟོང་དང་དྲུག་བརྒྱ་ཞེས་ཞང་ཞུང་སྙན་རྒྱུད་ལས་བཏུས་སོ། །
དེ་ནས་བརྒྱ་དང་གོ་བརྒྱད་ནས་བོན་ལུགས་ལྟར་སྤུ་རྒྱལ་སྲོང་བཙན་སྒམ་པོ་(སྤྱི་ལོ་༥༦༩)མེ་གླང་ལོར་འཁྲུངས། ཡང་ན་བོད་ཀྱི་ལོ་རྒྱུས་ནང་དུ་དེང་སྐབས་གྲགས་ཆེ་བའི་བཞེད་སྲོལ་ལྟར་ན་(སྤྱི་ལོ་༦༡༧)མེ་གླང་ལོར་འཁྲུངས། དེ་ནས་ལོ་ཉེར་བདུན་ནས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་(སྤྱི་ལོ་༦༤༤)ཤིང་འབྲུག་ལོར་བཀྲོངས། དེ་ནས་ལོ་དྲུག་ནས་བཅུ་སྲོང་བཙན་(སྤྱི་ལོ་༦༥༠)ལྕགས་ཁྱི་ལོར་འདས། དེ་ནས་ལོ་ང་ལྔ་ནས་བོད་ཀྱི་དྲན་པ་༧༠༢ཆུ་སྟག་ལོར་འཁྲུངས། དེ་ནས་ལོ་སོ་བརྒྱད་ཁྲི་སྲོང་ལྡེའུ་བཙན་(༧༤༢)ཆུ་རྟ་ལོར་འཁྲུངས། དེ་ནས་ལོ་སོ་གཅིག་ནས་མཁན་སློབ་གཉིས་བོད་དུ་ཕེབས་ཤིང་བསམ་ཡས་༧༦༢བཞེངས། དེ་ནས་ལོ་བཅུ་གཅིག་ནས་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྟན་མ་བསྣུབས་ཤིང་བོན་གཤེན་རྣམས་གྱིས་(སྤྱི་ལོ༧༧༣)ཆུ་གླང་ལོར་བོན་སྡེ་རྣམས་གཏེར་དུ་སྦས། དེ་ནས་ལོ་བདུན་ཁྲི་སྲོང་ལྡེ་བཙན་(༧༨༣)ལྕགས་སྤྲེལ་ལོར་འདས། འདིའི་སྐབས་སུ་ཆབ་སྲིད་ཀྱི་ཆེད་དུ་གྲུབ་མཐའ་ཕན་ཚུན་རྩོད་པ་སོགས་ཀྱིས་བོད་དུ་ནང་ཤི་དམེ་འཁྲུགས་ཀྱིས་འཁོར་ལོ་སྐོར་བས་དེ་ནས་ལོ་ང་བརྒྱད་ནས་སྤུ་རྒྱལ་འུ་དུམ་བཙན་པོའམ་རྒྱལ་པོ་གླང་དར་མས་(སྤྱི་ལོ་༨༤༡)མེ་བྱ་ལོར་ཐུབ་བསྟན་འདུལ་བའི་སྡེ་བསྣུབས། དེ་ནས་ལོ་གཅིག་ནས་བསམ་ཡས་མཁན་པོ་ལྷ་ལུང་དཔལ་གྱི་རྡོ་རྗེས་སྤུ་རྒྱལ་འུ་དུམ་བཙན་པོ་(སྤྱི་ལོ་༨༤༢)ཆུ་ཁྱི་ལོར་བཀྲོངས། དེ་ནས་འོད་སྲུང་དང་ཡུམ་བརྟན་ནམ་བློན་པོ་དབའ་དང་འབྲོའི་ཕྱོགས་གཉིས་པོས་སྤུ་རྒྱལ་བཙན་པོའི་གོ་གནས་བརྩད་པས་བོད་ཁམས་སིལ་བུར་འཐོར། དེ་ནས་མུ་ཟི་གསལ་བཟང་འགོག་པ་ལས་གྲོལ་ཞིང་འདུལ་བསྟན་ཕྱི་དར་(སྤྱི་ལོ་༨༨༨)ས་སྤྲེལ་ལོར་དབུ་ཚུགས། དེ་ནས་ལོ་ཉེར་ལྔ་ནས་ལྷོ་བལ་གྱི་ཨ་ཙ་ར་རྐུན་མ་མི་གསུམ་གྱིས་བསམ་ཡས་ལྷ་ཁང་ནས་(སྤྱི་ལོ་༩༡༣)བོན་སྡེ་ཐོག་མར་རྙེད་པས་བོན་གཏེར་ཐོག་མ་གྲགས། དེ་ནས་ལོ་རེ་ལྔ་ནས་བན་བོན་གཉིས་ཀའི་སྨད་འདུལ་གྱི་བརྒྱུད་པའི་རྩ་བ་བླ་ཆེན་མུ་ཐུར་རམ་བླ་ཆེན་དགོངས་པ་རབ་གསལ་(སྤྱི་ལོ་༩༥༢)ཆུ་བྱི་ལོར་འཁྲུངས། དེ་ནས་རེ་ལྔ་ནས་བོན་གྱི་གཏེར་སྟོན་གཙོ་བོ་གཤེན་ཆེན་ཀླུ་དགའ་ཡིས་འབྲིག་མཚམས་མཐའ་དཀར་ནས་གྲི་གུམ་བཙན་པོའི་སྐབས་སུ་སྦས་པའི་བོན་སྡེ་(སྤྱི་ལོ༡༠༡༧)མེ་སྦྲུལ་ལོར་གཏེར་དུ་དྲངས་པས་བོན་བསྟན་ཕྱི་དར་དབུ་ཚུགས་པར་ངོས་འཛིན་བྱེད། དེ་ནས་ལོ་གོ་གཅིག་ནས་རིག་འཛིན་གྱེར་མི་ཉི་འོད་དང་རྨ་སྟོན་སྲོལ་འཛིན་གཉིས་ཀྱིས་ཞང་ཞུང་སྒོ་བར་དྭང་ར་ཁྱུང་རྫོང་ནས་(སྤྱི་ལོ་༡༡༠༨)ས་བྱི་ལོར་བོན་གཏེར་དྲངས། གྱེར་མི་ཉི་འོད་ནི་ཞང་ཞུང་ཡུལ་དུ་ཁྱུང་པོ་གྱེར་ཆེན་ཟླ་མེད་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་དགུང་ལོ་སུམ་བརྒྱ་བཞུགས་པར་བཤད། དེ་ནས་ཉིས་བརྒྱ་ཞེ་བརྒྱད་ནས་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན(༡༣༥༦)མེ་སྤྲེལ་ལོར་འཁྲུངས། དེ་ནས་ལྔ་བརྒྱ་རྩ་གསུམ་ནས་གྲུབ་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན(སྤྱི་ལོ་༡༨༥༩)ས་ལུག་ལོར་འཁྲུངས། དེ་ནས་དོན་བཞིར་ཤར་རྫ་པ་(སྤྱི་ལོ་༡༩༣༤)ཤིང་ཁྱི་ལོར་འཇའ་ལུས་སུ་ཕེབས་ཤིང་ཕྱི་ལོར་(༡༩༣༥)དབྲ་སྲས་ཟླ་བ་གྲགས་པ་འཇའ་ལུས་སུ་ཕེབས། དེ་ནས་ལོ་གཅིག་ནས་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ་མཆོག་གིས(སྤྱི་ལོ༡༩༣༦)མེ་བྱི་ལོར་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་འགྲམ་དུ་བོན་བསྟན་མེ་རོ་སླར་གསོའི་དགོན་སྡེ་བཏབ། ཕྱི་དར་བླ་མའི་གྲལ་དུ་དགུང་ལོ་བརྒྱ་ལྷག་བཞུགས་པ་ཡི་གེར་འཁོད་པ་ཁོ་བོས་མཐོང་པ་ནི། ཁྲོ་ཚང་འབྲུག་ལྷ་ནི་དགུང་ལོ་བརྒྱ་དང་ཉི་ཤུ། རྒྱ་སྟོན་ཡེ་རིན་ནི་ལོ་བརྒྱ་དང་ལྔ། ཨ་ཐོག་ཡེ་ཤེས་རིན་ཆེན་ལོ་བརྒྱ་དང་ཉི་ཤུ་བཞུགས་པ་བཅས་སོ། །དེ་ལྟར་གོང་དུ་ཚེ་ལ་རང་དབང་ཐོབ་པའི་ཚུལ་གྱི་སྐོར་དེང་རབས་དམུ་རྒོད་པའི་བློ་ལ་ཤོང་བ་ཤིན་ཏུ་དཀའ་མོད། ཡིན་ནའང་རྫོགས་པ་ཆེན་པོའི་བོན་སྡེ་ཚུལ་བཞིན་ཏུ་མཐར་ཕྱིན་པར་ཉམས་སུ་བླངས་ནས་ཟག་བཅས་ཀྱི་ཕུང་པོ་འདི་ཚེ་འདིར་མངོན་སུམ་ཟག་མེད་དུ་བགྲོད་བྱེད་ཀྱི་གདམས་པ་དང་དེ་སོང་བའི་སྐོར་བླ་མའི་ལོ་རྒྱུས་རབ་དང་རིམ་པར་འཁོད་ཡོད་པ་དང་། དེ་ལྟར་ཟག་མེད་དུ་གྱུར་ནས་སྐྱེ་ཤི་མེད་པ་ནི་ཤོད་མ་དགོས་ཤིང་། དེས་ན་རྫོགས་པ་ཆེན་པོའི་བོན་སྡེ་དེ་ལ་ཚེ་གཅིག་ལུས་གཅིག་ཏུ་སངས་རྒྱས་ཏེ་ཕྱི་མར་མི་ལྟོས་པར་ཚེ་འདིར་འབྲས་བུ་མངོན་སུམ་ཐོན་ཐུབ་པའི་ཁྱད་བོན་མང་དག་ཅིག་ཡོད་པར་གསུངས་པར་ངེས་པ་ཡིན་ནོ།།
དེ་ལྟར་ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་བས་གཤེན་གཏེར་དང་རྨ་གཏེར་གྱི་དགོངས་པ་རྩ་དོན་དུ་བྱས་ཏེ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ལོ་ཚིགས་གལ་ཆེན་འགའ་ཞིག་དཔྱད་གཞིའི་ཚུལ་དུ་དགོས་དབང་ཞིག་གིས་ཟིན་བྲིས་བཏབ་ཅིང་སྤེལ་བས་ནོར་འཁྲུལ་བྱུང་རིགས་མེས་པོ་གོང་མ་རྣམས་ལ་བཤགས་ཤིང་དགེ་བས་རི་བོ་གངས་ཅན་པའི་ལོ་རྒྱུས་ལ་ཕན་ཐོགས་པར་གྱུར་ཅིག་གུ། ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་འགྲམ་གུར་གྱམ་མདོ་སྔགས་གྲགས་རྒྱས་གླིང་ནས་ ༢༠༡༨ ༡༠ ༩ཉིན་ཕུལ། ཐ་ཚན་མུ་ཙུག་སྨར་རོ།།
བསམ་ཚུལ་ཕྲིས།