བརྒྱ་སྟོན་ ༡༠༠ བསུ་བའི་དབྱངས་སྙན་མ་བཅོས་སེམས་ཀྱི་རོལ་དབྱངས།
རྩོམ་ཡིག་འདི་ཐེངས། 1003 བཀླགས་འདུག
གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་པོ་མདོ་སྨད་སྣང་ཞིག་དགོན་ཆེན་དུ་མཚན་ཉིད་འཆད་ཉན་གྱི་སྡེ་
དབུ་བརྙེས་ནས་མི་ལོ་ ༡༠༠ འཁོར་བའི་དུས་སྟོན་དུ་ཕུལ་བའི་སྙན་ཚིག་
མ་བཅོས་སེམས་ཀྱི་རོལ་དབྱངས།
།
མཁའ་འགྱིང་གཉན་གྱི་ཅང་ཤེས་རྟ་ཕོས་གནམ་གྱི་བང་རིམ་བརྒལ་བའི་མཐར།།
འོད་ཀྱི་དམུ་ཐག་གདན་དུ་དྲངས་ཤིང་མགྱོགས་འགྲོས་རླུང་རྩལ་ས་ལ་བཀྲམས།།
རིགས་རུས་མེ་ཏོག་འབུམ་གྱིས་བཞད་པའི་སྟོང་གསུམ་ཁ་ལོས་བསྒྱུར་བའི་རྗེས།།
སྣང་གསལ་འོད་ཀྱི་གཞལ་ཡས་ཆེན་པོར་འཁྲུལ་སྣང་ཞིག་པའི་གདན་ཞིག་རྙེད།།
།
ཆོས་དང་གྲུབ་མཐའི་མཚན་གྱི་རྡུལ་ཙམ་བསྐལ་བའི་མཐས་ཀྱང་མ་རེག་ཅིང་།།
རྐང་གཉིས་འགྲོ་བའི་རིགས་སུ་རློམ་པར་སྐྱབས་དང་མགོན་ཞེས་མ་རྙེད་པའི།།
མི་ཚོགས་ཁྱུ་གཅིག་མངའ་རིས་ཡུལ་ནས་མངའ་བར་མཆེད་པའི་རི་གྲོང་དེར།།
རྒྱལ་གཤེན་བསྟན་པའི་སིལ་སྒྲ་ཙམ་ཞིག་ཐོག་མར་སྒྲོག་པའི་སྤོབས་པ་བརྟས།།
།
འདིར་སྣང་སྒྱུ་འཕྲུལ་དྲྭ་བའི་གསེབ་ཏུ་མཉམ་བཞག་ཟབ་མོས་རྒྱས་བཏབ་ཅིང་།།
སྟོང་གཟུགས་འོད་ཀྱི་འཁོར་ལོའི་དབྱིངས་སུ་ཏིང་འཛིན་རིག་པ་ཟས་སུ་འགམ།།
གྲུབ་པའི་ཁྱུ་མཆོག་གདན་ལས་བཞེངས་ཤིང་གྲུབ་རྟགས་སྣ་དགུ་ལུས་ལ་རྫོགས།།
སྣང་སྟོན་ཆེན་པོའི་མཚན་གྱི་ཅོད་པཎ་སྲིད་གསུམ་དགའ་མའི་མགུལ་དུ་འཁྱུག།།
།
གཙང་ཆུའི་འགྲམ་ནས་ལྷོད་ཀྱིས་འཕུར་བའི་གྲྭ་སའི་མཚན་སྙན་བསིལ་རླུང་གིས།།
སྣང་སྟོན་ཆེན་པོའི་ཐུགས་བསྐྱེད་རོལ་མཚོ་དབྱིངས་སུ་འཕྱུར་བའི་ལོ་ཁམས་དེར།།
བསྟན་པའི་གསལ་བྱེད་བཤད་གྲྭའི་རྒྱལ་མཚན་བསྐལ་བརྒྱའི་བར་དུ་བརྟན་པ་ཡི།།
བཀྲ་ཤིས་དབྱངས་སྙན་ཁུགས་པ་དང་པོ་གནས་འདིར་བསྒྲགས་པའི་ཉིན་མོ་བསུ།།
།
ཤེ༵ས་དང་ཤེས་བྱའི་གཞུང་ལུགས་རྒྱ་མཚོར་མཁྱེན་རབ་ཡེ་ཤེས་དབྱིངས་ནས་འབར།།
ར༵བ་འབྱམས་བོན་གྱི་དཀའ་གནད་བཀྲལ་ཏེ་ལུང་རིག་ཚད་མའི་སྐྱེས་བུར་བཞེངས།།
གྲག༵ས་པ་འཛིན་མའི་ལྟོ་བར་འཕྱུར་བའི་གནམ་སྐོས་རབ་ལེགས་གཡུང་གླིང་བས།།
པ༵་སངས་ལྟ་བུའི་ཐུགས་བསྐྱེད་དཀར་པོས་བཤད་གྲྭའི་དར་ཆེན་གནམ་ལ་བསླངས།།
།
འཆ༵ད་པ་ངག་རིག་ཆུ་རྒྱུན་དྭངས་མས་མ་རྟོགས་འཁོར་བའི་འདམ་རྫབ་འཁྲུད།།
རྩོ༵ད་པ་ལུང་རིག་གནམ་ལྕགས་ཐོག་མདས་ཕས་རྒོལ་ལོག་ལྟའི་སྙིང་རྩ་འབྲེག།།
རྩོམ༵་པ་ངག་རིག་དབྱངས་ཀྱི་རྒྱལ་མོས་སོམ་ཉིའི་དཔྱང་ཐག་ལྷུག་པར་བཀྲོལ།།
འཆད་རྩོད་རྩོམ་གསུམ་རིག་པའི་ཟས་ལ་ཆོལ་གསུམ་མ་བོས་མགྲོན་དུ་འགོད།།
།
གཤེན་རབ་བླ་མའི་ཐུཌ་ལས་འཁྲུངས་པའི་མདོ་སྔགས་བཤད་སྒྲུབ་རྒྱ་མཚོའི་ཀླུང་།།
ཞང་བོད་ཐུན་མིན་རིག་པའི་མཛོད་ཅེས་ངེས་ཤེས་གཏིང་ནས་འཁྲུངས་གྱུར་བས།།
བརྩོན་པ་དྲག་པོའི་གྲུ་ལ་བརྟེན་ནས་གཏན་བདེ་འདོད་འབྱུང་དབྱིག་བཟང་པོ།།
ལེན་པར་བྲེལ་བའི་བཤད་སྒྲུབ་སློབ་ཚོགས་གྲངས་ལས་འདས་པ་འཕེལ་འདི་རྨད།།
།
རིགས་ལམ་བྱེ་བའི་ཚང་ནས་བརྡོལ་བའི་གཡས་རུ་དབེན་སའི་གབ་མཛོད་གསུམ།།
ཉམས་དང་རྟོགས་པའི་དབྱིངས་ནས་བརྡོལ་བའི་རྒྱལ་བ་སྨན་རིའི་འཕྲུལ་སྒྲོན་ལྔ།།
གསུང་རབ་རྒྱ་མཚོའི་སྦུབས་ནས་བརྡོལ་བའི་ཀུན་མཁྱེན་ཉི་རིའི་རིག་པའི་འཕྲུལ།།
ཡིག་ཆ་དེ་གསུམ་བདག་གིར་བཞེས་ཤིང་ལུང་རིགས་ཚད་གསུམ་སྒྲ་དབྱངས་སྒྲོག།།
།
སྤོང༵་ལམ་རྣམ་གསུམ་བསྟན་པའི་སྲོག་ཤིང་རིན་ཆེན་དཔལ་གྱི་ལྷུན་པོ་ལ།།
སྒྱུར༵་ལམ་རིམ་གཉིས་ཏིང་འཛིན་ཟབ་མོ་ལྷ་དང་མཁའ་འགྲོའི་གར་དུ་སྐྲུན།།
གྲོལ༵་ལམ་ཉག་གཅིག་སྣང་བཞིའི་ལྟད་མོ་ལྷུན་གྲུབ་འོད་གསལ་རྒྱན་དུ་རོལ།།
ཁམས་གསུམ་བོན་གྱི་འདུས་སྡེའི་མཆོག་ཅེས་ཚིག་འདི་སྒྲོག་ལ་སྤོབས་པ་སྟེར།།
།
ཞབས་ཟུང་གསེར་གྱི་རེ་ཁས་བརྒྱན་པའི་འཇིགས་བྲལ་གདོང་ལྔའི་ཁྲི་འཕང་རྩེར།།
སྐུ་ལུས་མཚན་དཔེའི་འོད་ཀྱིས་སྤྲས་པའི་སྐྱབས་མཆོག་སྐུ་མཆེད་རྣམ་གཉིས་དང་།།
དཔལ་ལྡན་ནང་ཆེན་དྲུག་གིས་མཛེས་པའི་འདུས་ཚོགས་སྟོང་དང་བརྒྱ་ཕྲག་འགའ།།
ཐུགས་མཐུན་དམ་གཙང་གསེར་གྱི་ཐགས་པས་གཡུང་དྲུང་ལུ་གུའི་རྒྱུད་དུ་སྦྲེལ།།
།
བསྟན་པའི་རྩ་བ་འདུལ་ཁྲིམས་གཙང་མས་དབེན་པའི་གནས་གཞི་དམ་དུ་བཟུང་།།
བསྟན་པའི་གསལ་བྱེད་འཆད་ཉན་བྱ་བས་ཉིན་མཚན་དུས་ཀུན་འཁོར་ལོ་སྐོར།།
བསྟན་པའི་སྙིང་པོ་སྔགས་རྫོགས་རིག་པ་བླ་མེད་ཐེག་པའི་རྒྱལ་སར་འབར།།
མཉམ་མེད་བླ་མའི་རིང་ལུགས་འཁྲུལ་མེད་ཚུལ་བཞིན་སྐྱོང་འདི་ཤིན་ཏུ་རྨད།།
།
ཁྱད་པར་དག་སྣང་ནོར་བུའི་གཟི་འོད་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཁྱབ།།
རིས་མེད་བསྟན་པའི་འདུས་སྡེ་ཀུན་ཏུ་དགག་སྒྲུབ་ལུང་རིག་མཆེ་བའི་དབལ།།
ཡང་ཡང་ངོམས་པར་བསྟོད་པའི་མགྲིན་ངག་གཞན་གྱིས་བརྡུང་བའི་རྫ་རྔ་དེ།།
རི་ཆུ་སྟོང་གི་འཕྲང་ལས་བརྒལ་ཅིང་བདག་ཅག་རྣ་དབང་ཡང་ཡང་བླགས།།
།
གནའ་རབས་མེས་པོའི་ཞལ་ཆབ་དྲོན་མོ་སྙིང་གི་ཡོལ་གོར་བཅུད་དུ་བསྐྱིལ།།
དེང་རབས་འོད་དང་རིག་པའི་ལམ་ནས་དཔྱད་ཞིབ་འོ་མ་ཡང་ཡང་དཀྲོག།།
གནའ་དེང་མཁས་པའི་རྩལ་གྱིས་ཕྱུག་པའི་བཅུད་ལྡན་འབྲུ་མར་སེར་པོ་རེ།།
རབ་འབྱམས་མཁས་མང་ཚོགས་ལ་འབུལ་བའི་མཛད་པ་རྒྱས་འདི་ཨེ་མ་ཧོ།།
།
ས་ཆེན་འཛིན་མས་ལྗིད་ཀྱིས་བཏེགས་པའི་ཁ་བ་གངས་རིའི་ཁྱོན་ཡངས་པོར།།
བྱམས་བརྩེ་སྤྱན་གྱིས་རྒྱལ་ཁམས་ཉུལ་ཏེ་ཕན་བདེའི་མཛད་འཕྲིན་རླབས་པོ་ཆེ།།
བཤད་སྒྲུབ་བསྟན་པའི་གཟི་འོད་སྤྲོ་ལ་ཆགས་ཐོགས་བྲལ་བའི་བཤེས་གཉེན་རྣམས།།
དགོན་སྡེ་ཁག་ཏུ་མངགས་གཏོང་མཛད་པའི་ཐུགས་བསྐྱེད་བཀའ་དྲིན་བླ་ན་འཕགས།།
།
རྨད་བྱུང་ཐུགས་བསྐྱེད་ཁ་བའི་གོས་ཀྱིས་འགྲོ་ཀུན་རྗེས་སུ་འཛིན་གྱུར་ཞིང་།།
ཁྱད་པར་འཕྲིན་ལས་དམ་ཚིག་ཟབ་མོས་ལས་ཀྱིས་སྦྲེལ་བའི་བོན་སྡེ་རྣམས།།
སྟོབས་དང་འབྱོར་བ་ཕྱྭ་དང་གཡང་གིས་ཁྱིམ་ཕུགས་རྩ་ལག་དྲོད་ཀྱིས་སྐྱོང་།།
ཁ་རྗེ་དབང་ཐང་རླུང་རྟའི་རྒྱལ་མཚན་གཡོ་བ་མེད་ཅིང་མཛད་འཕྲིན་རྒྱས།།
།
ཟང་ཟིང་ལོངས་སྤྱོད་གཏོས་ཀྱིས་འཕྱུར་བའི་གྲོང་ཁྱེར་དབུས་སུ་མ་འཐིམ་ཞིང་།།
རྟ་དང་འཕྲུལ་གྱིས་རིང་དུ་བརྒལ་ཏེ་འགྲིམས་འགྲུལ་ཚེགས་ཀྱང་མི་དགོས་པར།།
གང་ནས་བགྲོད་ཀྱང་བདེ་བར་བསྙེག་པའི་གནས་མཆོག་གྲུ་འཛིན་དཔལ་གྱི་ཞིང་།།
སློབ་པར་བརྩོན་པའི་སྐྱེས་བུའི་ཚོགས་ལ་ཁྱད་དུ་འཕགས་པའི་འདུལ་གནས་ཤིག།།
།
ལྷ་ཆེན་ཚངས་པས་ཐིག་རིས་བཏབ་ཅིང་བཟོ་རིག་མཁས་པས་བཀོད་པ་བྱས།།
ཀླུ་རྒྱལ་འཇོག་པོས་སྟོབས་དང་འབྱོར་བ་འདོད་འཇོ་རིན་ཆེན་གཏེར་དུ་བསྐྲུན།།
གཡེན་ཁམས་དྲི་ཟས་རོལ་དབྱངས་སྙན་མོ་བཀྲ་ཤིས་དགའ་སྟོན་གླུ་རུ་བླངས།།
ཡིད་འོང་ཕུན་ཚོགས་ལྷ་ཡུལ་ལས་ཀྱང་རྣམ་པར་མཛེས་པའི་གདན་ས་མཆོག།།
།
ཕྱི་བཀོད་ཕུན་ཚོགས་ནོར་བུའི་དཔལ་གྱིས་གཞན་ཡིད་ཅིག་ཆར་འཕྲོག་པ་དང་།།
ཁྱད་པར་ནང་དོན་སློབ་གཉེར་མཛད་པས་དགོན་ཆེན་མཚན་དོན་མཚུངས་པ་ཡི།།
བཤད་སྒྲུབ་བོན་གྱི་འཁོར་ལོའི་བདག་ཉིད་བསླབ་གསུམ་འདུས་སྡེ་རྒྱས་པའི་མཚོ།།
བསྐལ་བ་ནས་ཀྱང་བསྐལ་བར་བརྟན་པའི་བཀྲ་ཤིས་ཕྱྭ་གཡང་དེང་འདིར་སྩོལ།།
།
མདོ་ཁམས་སྣང་བ་དབྱིངས་སུ་ཞིག་པའི་དབེན་གནས་ཡིད་འོང་ཉམས་དགའ་རུ།།
བསྟན་པའི་གསལ་བྱེད་འཆད་ཉན་བཙུཊ་ནས་བགྲང་བྱ་ ༡༠༠ ཡི་མུ་ཁྱུད་འདིར།།
རྗེས་དྲན་མཆོད་པའི་དགའ་སྟོན་རོལ་མོ་དེང་འདིར་དཀྲོལ་བའི་བརྡ་འཕྲིན་ཞིག།།
འབྱོར་བས་མོད་ལ་གང་དྲན་གཏམ་ཚོགས་ཡི་གེའི་ཚིགས་སུ་ལེགས་པར་བཅད།།
།
ཐ་སྙད་སྡེབ་སྦྱོར་བཙན་གྱིས་བསྒྲིགས་ཏེ་མཁས་པའི་ཆེ་བ་མ་བསྟན་ཞིང་།།
ཞང་ཞུང་ལེགས་སྦྱར་བརྡ་རྙིང་སྦྱར་ནས་བརྗོད་དོན་གསང་བར་མ་སྦས་པར།།
ཡིད་ལ་གང་བསམ་སོར་མོའི་འཕྲུལ་གྱིས་རྗོད་བྱེད་དབྱངས་སུ་བཀུག་པ་ཞིག།།
མ་བཅོས་སེམས་ཀྱི་ཀླུང་ནས་འདྲེན་པའི་བདག་ནི་ཅི་འདྲའི་བསྐལ་བ་བཟང་།།
།
དངོས་འབྱོར་ཟང་ཟིང་མཆོད་པར་འབུལ་བའི་རྫས་དང་སྤྲིན་དུ་མི་འོས་ཀྱང་།།
རིག་བྱེད་རྒྱུད་མངས་སོར་རྩེས་ཉུག་སྟེ་མཚོ་བྱུང་དགྱེས་པའི་གླུ་དབྱངས་ཤིག།།
ཤར་ནུབ་རྒྱལ་ཁམས་གནམ་སར་སྐོར་ཅིང་བླུན་པོ་དར་མའི་སྙིང་ཁམས་ཅན།།
བྱ་འཕུར་དགེ་བཤེས་མིང་གི་ཅོད་པཎ་བདག་གིར་འཆིང་བའི་བུ་དེས་བླངས།།
།
གཡུང་དྲུང་བོན་གྱི་བསྟན་པའི་འདུས་སྡེ་ཆེན་པོ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ངམ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་དུ་བསྟན་པའི་གསལ་བྱེད་མཚན་ཉིད་སྡེ་ལྔའི་འཆད་ཉན་གྱི་སྡེ་དབུ་བརྙེས་ནས་བགྲང་བྱ་ ༡༠༠ འཁོར་བའི་དགྱེས་སྟོན་རྟེན་འབྲེལ་དུ་བྱ་འཕུར་བླ་རབས་ཀྱི་འཕྲེང་བ་ང་བཞི་པར་ལྟེ་མཚལ་འཕོས་པ་སྨན་རིའི་དགེ་བཤེས་ལྷུན་གྲུབ་རིག་པའི་རྒྱ་མཚོས་གུས་པས་ཕུལ།།
བསམ་ཚུལ་ཕྲིས།