མཁས་གྲུབ་ཆེན་པོ་བོན་བརྒྱ་རིན་པོ་ཆེ་སྐུ་གཤེགས་པར་སྐྱོ་བ་དང་བཅས་རྗེས་དྲན་ཞུ།།
རྩོམ་ཡིག་འདི་ཐེངས། 381 བཀླགས་འདུག
ཕྱུག་ཀྱང་ཕྱུག་ཚོད་མེད་པས་འཛམ་གླིང་ཀུན།།
ཟོས་ཀྱང་ངོམ་པ་མེད་པ་དེང་དུས་རང་།།
དབུལ་ཀྱང་དབུལ་ཚོད་མེད་པས་སྲོག་འཚོ་ཕྱིར།།
ས་རྡོ་ཟ་དགོས་ཐུག་པ་དེང་དུས་རང་།།
ཆོས་པས་ཡང་དག་ཆོས་དང་རིང་དུ་སོང་།།
སྲིད་པས་འཇིག་རྟེན་བཟང་སྤྱོད་རིང་དུ་སོང་།།
ཕྱུགས་དབུལ་བདེ་སྡུག་བར་ཐག་རིང་དུ་སོང་།།
གཉིས་ཀས་བྱམས་དང་སྙིང་རྗེ་རིང་དུ་སོང་།།
ཆོས་པ་ཕལ་ཆེར་ཆོས་པའི་གཟུགས་བརྙན་གྱུར།།
བླ་སྤྲུལ་ཕལ་ཆེར་མིང་གི་བླ་སྤྲུལ་གྱུར།།
འདིའི་དུས་བསྟན་པ་སྲོག་ལས་གཅེས་མཛད་པའི།།
བོན་བརྒྱ་བླ་མ་འཛམ་གླིང་བསྟན་པའི་རྒྱན།།
མཛད་པ་འཕྲིན་ལས་མིག་གིས་མཐོང་སར་བཞག །
རྗེས་འཇུག་རྣམས་ལ་ལྗགས་རྩོམ་ཞལ་ཆེམས་བཞག།
མདོར་ན་བསྟན་སྲོག་སྲུང་བའི་དཔའ་བོ་ཁྱེད།།
དཔའ་བོ་རྒྱ་མཚོའི་གྲལ་ན་ལྷང་ངེར་མཛེས།།
ལས་དུས་བསྐལ་པ་ཤུགས་ཆེར་མར་འགྲིབ་དུས།།
སྐྱེས་མཆོག་རྣམས་ནི་ཉིན་བཞིན་ཞིང་དུ་གཤེགས།།
རང་རིགས་རྣམས་ནི་རྟ་བོང་བསྲེས་བཞིན་འདྲེས།།
ཅི་འབྱུང་གང་འབྱུང་སུ་ཡིས་མི་ཤེས་དུས།།
ཆོས་དང་འཇིག་རྟེན་གང་གི་ལམ་ཞུགས་ན།།
གྲུབ་འབྲས་གཟིངས་སུ་ཐོན་པར་མ་བྱུང་བར།།
དཀའ་ཐུབ་སྡུག་བསྲན་བར་མེད་དགོས་པ་གཙོ།།
དེ་ཡི་འབྲས་བུས་ཕྱི་རབས་བསྐྱང་བ་གཙོ།།
དེ་ལྟར་ཐུགས་ལ་བརྣག་པའི་བོན་བརྒྱ་པ།།
ཐོས་ཆུང་ཁོ་བོས་གསེར་ཞལ་མ་མཇལ་ཞིང་།།
གསུང་གདམ་ཟབ་མོ་ཚིག་གཅིག་མ་ཐོས་གོང་།།
ཐུགས་དགོངས་ཞི་དབྱིངས་གཤེགས་པར་ཀྱེ་མ་ཧུད།།
འདི་ནི་གངས་ཅན་བོད་ཀྱི་གྱོང་གུད་ཡིན།།
འདི་ནི་ལོ་རྒྱུས་རིག་པའི་ཕམ་ཁ་ཡིན།།
ལྷ་བྲིས་ཡོངས་ཀྱི་པིར་སྨྱུག་ཆག་པ་ཡིན།།
ཐར་ལམ་སྟོན་པའི་དམིགས་བུ་བོར་བ་ཡིན།།
འོན་ཀྱང་ཁོང་གི་ཐུགས་ཀྱི་བཞེད་པའི་དོན།།
གསུངས་པའི་ཞལ་གདམ་ཡལ་བར་མི་འདོར་བར།།
ཉིད་ཀྱིས་བཅའ་བ་མཛད་པ་ཐམས་ཅད་ཀུན།།
མི་ཉམས་བསྐྱང་རྒྱུ་དེ་ནི་གལ་ཆེན་ལགས།།
ཉིད་ཀྱི་ཞལ་གསུང་གླེགས་བམ་ཀློག་པ་དང་།།
བསྟན་པ་བོན་ལ་མཛད་འཕྲིན་བསྐྱང་ལུགས་དང་།།
ཅི་གསུང་གང་ནུས་ཉམས་ལེན་བྱེད་རྒྱུ་ནི།།
ཐོས་ཆུང་ཁོ་བོས་རྗེས་དྲན་ཞུ་སྟངས་སོ།།
2018. 8. 31. ཐོས་ཆུང་རིག་པའི་ཁུ་བྱུག་གིས་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འདབས་ནས་ཕུལ།།
བསམ་ཚུལ་ཕྲིས།