ཁྲོ་བོའི་རྒྱུད་དྲུག་ནས་བསྟན་པའི་སེམས་དཔའ་བཞི་ཡི་སྐོར་ལ་དཔྱད་ཙམ་བྱས་པ།

རྩོམ་ཡིག་འདི་ཐེངས། 11719 བཀླགས་འདུག

 IMG_0276

       [གནད་བསྡུས] དཔྱད་རྩོམ་འདིར་སྔགས་ནང་པའི་མཐོང་ལམ་སྒོམ་ལམ་མཐར་ལམ་གསུམ་གྱིས་བསྡུས་པའི་འབྲས་བུ་བཞི་སྟེ། རིག་འཛིན་ནམ་སེམས་དཔའ་བཞི་ཡི་སྐོར་ལ་རྩ་བ«ཁྲོ་བོའི་རྒྱུད་དྲུག»ང་།  འབྲེལ་ཡོད་ཡིག་ཆ་གཞན་ནས་ཇི་ལྟར་བསྟན་པའི་སྐོར་རྣམས་སོ་སོར་བཀོད་དེ།  དེ་དག་གི་བསྟན་དོན་ཁག་ལ་སྐབས་ཀྱི་དཔྱད་པ་གང་འཚམ་རེ་ཞུས་ཡོད།

       [གནད་ཚིག] ཁྲོ་བོའི་རྒྱུད་དྲུག  རྣམ་སྨིན་སེམས་དཔའ།  ཚེ་དབང་སེམས་དཔའ། ཕྱག་ཆེན་སེམས་དཔའ། ལྷུན་གྲུབ་སེམས་དཔའ།  རིག་འཛིན།  རིགས་འཛིན།                               

གླེང་གཞི།

          འདིར་གསང་སྔགས་སྤྱི་སྤུངས«ཁྲོ་བོའི་རྒྱུད་དྲུག»ལས་བྱུང་བའི་རིག་འཛིན་ནམ་སེམས་དཔའ་བཞི་ཡི་སྐོར་ལ་སྤྱིར་ན་རྒྱུད་རང་དུ་ཚིག་གསལ་ཞིང་དོན་བརླིང་བར་མ་ཟད། ཕྱིས་བྱུང་རྒྱུད་འགྲེལ་དངོས་སམ་དེ་མཚུངས་ཡིག་ཆ་གཞན་དུ་ཡང་གང་མང་བྱུང་བ་ལ་ཕྲན་ལྟ་བུར་དམིགས་བསལ་གྱིས་དཔྱད་པ་འདི་ཞེས་བྱ་བའི་ཆ་རྐྱེན་མ་ལྡན་མོད།  ཡིག་ཆ་དེ་དག་ཏུ་རྒྱུད་དོན་འགྲེལ་ཚུལ་ཐད་རྒྱས་བསྡུས་སམ་ཁྱད་པར་ཡོད་མེད་སྐོར་རྣམས་ཐོག་མའི་དཔྱད་གཞི་ཞིག་གི་ཚུལ་དུ་སྟབས་ཅིག་ཏུ་བཀོད་ན།  མ་འོངས་ཟབ་གསང་དཀའ་བའི་གནད་འདིའི་སྐོར་ལ་དཔྱོད་ལྡན་གང་ཞིག་གིས་འཇུག་པ་བདེ་བའི་སྟ་བོན་དང་།  གསར་བུ་འགའ་ཞིག་ཕྱོགས་གཅིག་མཐོང་བ་གཅིག་པུ་ཙམ་མ་ཡིན་པར་ཅུང་བློ་རྒྱ་བསྐྱེད་དེ་གཞུང་འགྲེལ་མང་ཙམ་ལ་ཞིབ་བསྡུར་གྱིས་དཔྱད་པ་བྱེད་པའི་སྒོ་འབྱེད་ལྡེའུ་མིག་ལྟ་བུར་ཡོང་རེ་དང་།  རང་གིས་ཀྱང་ད་སྔོན་འབྲེལ་ཡོད་ཡིག་ཆ་འགའ་ཞིག་ཏུ་ཇི་ལྟར་མཇལ་བའི་སྐོར་རྣམས་བརྗེད་ཐོ་ཞིག་ཏུ་འགྱུར་བ་བཅས་ལ་དམིགས་ཏེ།  གཙོ་བོ«རྒྱུད་དྲུག»ནས་ཇི་ལྟར་བསྟན་པ་དང་། དེ་འབྲེལ་ཡིག་ཆ་གཞན་ནས་བསྟན་པ་རྣམས་རིམ་བཞིན་གླེང་རྒྱུ་ཡིན། 

གཅིག  རྒྱུད་དྲུག་ནས་བསྟན་ཚུལ།

        རྩོམ་འདིར་བཤད་པར་བྱ་བའི«ཁྲོ་བོའི་རྒྱུད་དྲུག»ནས་བསྟན་པའི་སེམས་དཔའ་བཞི་ཡི་སྐོར་ལ། གཤམ་དུ་འཆད་འགྱུར«རྒྱུད་དྲུག»དང་འབྲེལ་བའི་ཡིག་ཆ་ཁག་ཏུ་སྐབས་བབ«རྒྱུད་དྲུག»གི་རྩ་བ་དྲངས་ཏེ་འགྲེལ་པ་ཞིབ་རྒྱས་འབྱུང་སྟབས་འདིར་ཟུར་དུ་མ་བཀོད་ཀྱང་ཆོག་མོད།  གཞི་རྩའི«རྒྱུད་དྲུག»རང་ནས་ཇི་ལྟར་བསྟན་པའི་སྐོར་ཞིག་ཐོག་མར་བཤད་ན་རྗེས་སུ་དཔྱད་ཐབས་བདེ་ཕྱི«རྒྱུད་དྲུག»རང་ནས་ཇི་ལྟར་བསྟན་པའི་སྐོར་མདོ་ཙམ་ཞིག་བཀོད་པ་ལ།  མ་གཞི«ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད»སོགས་རྒྱུད་དྲུག་ཀར་འདིར་བསྟན་སེམས་དཔའ་བཞི་ཡི་རྒྱུ་དང་ངོ་བོ་སོགས་དངོས་ཤུགས་གང་རུང་གིས་བསྟན་ཟེར་ན་ཆོག་རུང་།  འདིར་བཤད་བྱའི་སེམས་དཔའ་དངོས་སུ་བསྟན་པའི་རྒྱུད་ནི«ལྟ་བ་ཁྱུང་ཆེན»དང་།  «གསང་བ་ཐབས་ཞགས»ཀྱི་རྒྱུད་གཉིས་སུ་ངེས་ཤིང་།  དེ་ཡང«ལྟ་བ་ཁྱུང་ཆེན»ནས་ཇི་ལྟར་བསྟན་པ་ནི།  རྒྱུད་དེ་ཉིད་ལས།  ཟག་པ་ཟད་ནས་མཐོང་ལམ་དུ། །ཚེ་ལ་དབང་ཐོབ་སེམས་དཔའ་དང་། །ཡི་དམ་ལྷར་སྨིན་སེམས་དཔའ་ཐོབ། །དེ་ཚེ་སྒོམ་པའི་ལམ་དུ་ནི། །སྤྲུལ་པའི་སྐུ་ལ་ཐོས་པ་དང་། །བསམ་དང་སྒོམ་པའི་ཤེས་རབ་སྦྱངས། །དེ་ལ་ཀུན་འགྲོའི་སྒྲིབ་པ་དག  །སྒོམ་ལམ་ཕྱག་རྒྱ་ཆེན་པོ་ཐོབ། །དེ་བསྒོམས་ལོངས་སྤྱོད་རྫོགས་སྐུ་ལ། །ཐོས་བསམ་སྒོམ་གསུམ་ཉིད་སྦྱངས་པས། །ལྷན་ཅིག་གནས་པའི་སྒྲིབ་པ་ཉིད། །དག་ནས་ཐར་ལམ་ལྷུན་གྲུབ་ཐོབ།  །ཅེས་སེམས་དཔའ་བཞི་བསྟན་པ་དང་།  ཡང་དེ་ཉིད་ལས། སེམས་དཔའ་རྣམ་གསུམ་ཐོབ་པ་སྟེ། །ཞེས་དང་།  གཡུང་དྲུང་སེམས་དཔའ་གསུམ་ལས་ནི། །ཚེ་ལ་དབང་ཐོབ་སེམས་དཔའ་ཡིས། །ཞེས་དང་།  ལམ་དུ་གྱུར་པའི་འབྲས་བུ་ནི། །ཚོགས་ནས་ཚེ་དབང་ཐོབ་པ་དང་། །དེ་ཡིས་ཕྱག་རྒྱ་ཆེན་པོ་དང་། །ལྷུན་གྲུབ་སེམས་དཔའ་ཐོབ་པ་ཡི། །ཞེས་སོགས་ཀྱིས་སེམས་དཔའ་གསུམ་ལས་རྣམ་སྨིན་སེམས་དཔའ་མ་བསྟན་པས་དེའི་རྒྱུ་མཚན་གང་ཡིན་དཔྱད་བྱ་དང་།  ཡང«གསང་བ་ཐབས་ཞགས»ལས།  སེམས་དཔའ་རྣམས༼རྣམ༽གསུམ་ཐོབ་པ་ཡི། །ཞེས་སེམས་དཔའ་གསུམ་དང་། མཐོང་ལམ་སྒོམ་ལམ་མཐར་ལམ་མོ། །མཐོང་བའི་ལམ་ལ་རྣམ་སྨིན་དང་། །ཚེ་ལ་དབང་ཐོབ་སེམས་དཔའ་འོ། །” ཞེས་དང་། གོམས་པར་བྱས་པས་ཕྱག་རྒྱ་ཆེ། །ལྷུན་གྱིས་གྲུབ་པའི་སེམས་དཔའ་གཉིས། །ཞེས་སོགས་ཀྱིས་སེམས་དཔའ་བཞི་བསྟན།  སྤྱིར་ན«ཐབས་ཞགས»ལེའུ་བདུན་པ་ནས།  བཅུ་གཅིག་པའི་བར་གྱིས་སེམས་དཔའ་བཞིའི་སྐོར་རྒྱས་པར་བསྟན་འདུག  དེ་དག་གི་དོན་འོག་ཏུ་ཡང་གསལ་ལ་ཞིབ་པ་ནི། «ཐབས་ཞགས»ལས། སེམས་དཔའ་དེ་ཉིད་གང་ཞེ་ན། །རྒྱུ་དང་དུས་དང་ངོ་བོ་དང་། །རྣམ་གྲངས་སྤྱོད་པ་ཡོད༼ཐོབ༽པའི་ཚུལ། །དབྱེ་བ་དང་ནི་མངོན་ཤེས་སོ། །ཞེས་དང་། དེ་ཡང་རྒྱུ་དུས་ངོ་བོ་གྲངས། །དགོངས་སྤྱོད་མངོན་ཤེས་སྦྱོར་ཚུལ་ལོ། །ཞེས་དང་། གོང་བཞིན་རྩ་བ་བརྒྱད་ཀྱིས་བསྟན། །ཞེས་སོགས་སེམས་དཔའ་རེ་རེ་ལ་ས་བཅད་བརྒྱད་རེས་བསྟན་པ་སོགས་རྒྱུད་རང་དུ་རྒྱས་པར་གསལ། །

གཉིས། རྒྱུད་དྲུག་འགྲེལ་བ་ནས་བསྟན་ཚུལ།

       དེ་ཡང་ལྕང་ལུང་སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱལ༼ཁོང་ནམ་བྱོན་ཞིབ་ཕྲའི་ལོ་རྒྱུས་མ་གསལ་རུང་དུས་རབས་བཅུ་དགུའི་སྟོད་ཙམ་ལ་བྱོན་པ་འབྲེལ་ཡོད་ལོ་རྒྱུས་ཁག་ཏུ་གསལ༽མཆོག་གིས་བརྩམས་པའི«ཁྲོ་བོའི་རྒྱུད་དྲུག་གི་དོན་འགྲེལ»འདི་ནི་ད་སྔོན་རང་གིས་མཇལ་ཡུལ་དུ་གྱུར་པའི་རྒྱུད་དྲུག་དང་ཐད་ཀར་འབྲེལ་བའི་སེམས་དཔའ་བཞིའི་སྐོར་འཁོད་པའི་ཡིག་ཆ་སྔ་ཤོས་དེ་ཡིན་ཞིང་། ཡིག་ཆ་དེ་རུ་སེམས་དཔའ་བཞིའི་སྐོར་ཇི་ལྟར་བསྟན་པའི་ཚུལ་རྣམས་གནད་བསྡུས་སུ་བཀོད་པ་ལ།  «འགྲེལ་བ»ལས།   མཐོང་ལམ་དུ་ཚེ་དབང་ཐོབ་ནས།  རིམ་གྱིས་ཕྱག་ཆེན་དང་།  ལྷུན་གྲུབ་དང་།  དེ་ནས་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་ས་ལ་སྦྱོར་བ་དང་།  ཞེས་རྣམ་སྨིན་སེམས་དཔའ་མ་གཏོགས་སེམས་དཔའ་གཞན་གསུམ་རིམ་གྱིས་ཐོབ་ཚུལ་མདོར་བསྟན་ཅིང་།   བྱེ་བྲག་སོ་སོ་ཇི་ལྟར་ཐོབ་པའི་སྐོར་ཡང«འགྲེལ་བ»ལས།  མཐོང་སྒོམ་མཐར་གསུམ་གྱིས་བསྡུས་པའི་རིག་འཛིན་བཞི་སྟེ།  མཐོང་ལམ་ལ་བློ་ནུས་ཆུང་བའི་རིགས།  རིག་པ་ལྷར་སྨིན་ཡང་།  སྙིག་མ་ལུས་སྦྱོང་བར་མ་ནུས་པ།  རྣམ་སྨིན་སེམས་དཔའ་འམ་རིག་འཛིན་དང་། བློ་ནུས་ཆེ་བས་རགས་ལུས་དྭངས་མའི་ལུས་སུ་གྱུར་པ་ནི།  ལམ་མཆོག་རྫོགས་པའི་ཚེ་དབང་སེམས་དཔའ་འམ་རིག་འཛིན་གཉིས།  ཡི་དམ་ལྷར་སྨིན་སེམས་དཔའ། ཡིད་འོད་གསལ་གྱི་ལྷ་སྐུར་སྨིན་པ་དེ་ཉིད།  ལུས་རྒྱ་བྲལ་མ་ཐག་ཕྱག་ཆེན་སེམས་དཔར་སྦྱོར་ངེས་པ་སྟེ། ཞེས་པ་ནས།  སྤྲུལ་པའི་གཟུགས་ནི་ཚེ་དབང་དང་འདྲ་བ་ཙམ་མོ།  །ཞེས་སྒྲུབ་གཤེན་བློ་ནུས་ཆེ་ཆུང་དབང་གིས་རྣམ་སྨིན་དང་ཚེ་དབང་སེམས་དཔའ་ཇི་ལྟར་ཐོབ་ཚུལ་སྤྱི་དང་། རྣམ་སྨིན་སེམས་དཔའ་ཐོབ་ནས་དེས་ལུས་རྒྱ་བྲལ་ཚེ་ཕྱག་ཆེན་རིག་འཛིན་ཐོབ་ཚུལ་བསྟན།  ཡང་དེ་ཉིད་ལས།  ཚེ་ལ་དབང་བའི་སེམས་དཔའ་ནི།  ལུས་སེམས་གཉིས་ཀ་འོད་གསལ་གྱི་སྐུ་འཇའ་ལུས་ཀྱི་ཡོན་ཏན་དང་ལྡན་པར་སྨིན་པ་སྟེ་ས་དང་པོའི་རྟོགས་པ་ཐོབ་པ།  ཞེས་སོགས་ཀྱིས་ཚེ་དབང་སེམས་དཔའ་ཐོབ་ཚུལ་བསྟན།  ཡང་དེ་ཉིད་ལས།   སྒོམ་༼ལམ༽ལ་ཕྱག་ཆེན་གཡུང་དྲུང་སེམས་དཔའ་ནི།  ཡེ་ཤེས་ཀྱི་སྐུ་ཅན་ཏེ།  དེར་ཡང་ས་གཉིས་པ་ནས་ལྔ་པའི་བར་དེ་བཞིན་སེམས་དཔའ་དང་།  དྲུག་བདུན་གཉིས་ལ་གཡུང་དྲུང་།  བརྒྱད་པར་འཁོར་ལོའི།  དགུ་པར་པདྨའི།  བཅུ་པར་རལ་གྲིའི་རིགས་ཀྱི་སེམས་དཔའ་ཞེས་བྱ་ལ།ཞེས་སོགས་ཀྱིས་ཕྱག་ཆེན་སེམས་དཔའ་ཐོབ་ཚུལ་དང་དེའི་དབྱེ་བ་སོགས་བསྟན།  ཡང་དེ་ཉིད་ལས།  ས་བཅུའི་རྣམ་གྲོལ་ལམ་ཚུན་དེར་གཏོགས་ཤིང་།  ས་བཅུའི་ཁྱད་པར་མཐའ་ལམ་པ།  ལྷུན་གྲུབ་སེམས་དཔའ་ནི།  སྐུ་ལྔ་ལྷུན་གྱིས་གྲུབ་པས།  སངས་རྒྱས་ཀྱི་ཆ་བྱད་འཛིན་པ།  ལོངས་སྐུའི་རྒྱལ་ཚབ་མཛད་པའོ། །ཞེས་ས་བཅུའི་རྒྱུན་མཐར་ལྷུན་གྲུབ་རིག་འཛིན་ཐོབ་པར་བསྟན་པའོ། །  

གསུམ། སྡེ་སྣོད་མཛོད་ནས་བསྟན་ཚུལ།

       དེ་ཡང་ཤར་རྫ་རིན་པོ་ཆེའི«སྡེ་སྣོད་མཛོད»པོད་གཉིས་པ་ལས།  མཐོང་སྒོམ་མཐར་གསུམ་གྱིས་བསྡུས་པའི་རིག་འཛིན་བཞི་སྟེ་ཐབས་ཀྱི་ཞགས་པ་ལས།  མཐོང་ལམ་སྒོམ་ལམ་མཐར་ལམ་མོ།  །ཞེས་དང་།  ལྟ་བ་ལས།  སེམས་དཔའ་རིམ་གྱིས་ཐོབ་པའོ། །ཞེས་སོ། །དེ་ལ་རྣམ་སྨིན་དང་ཚེ་དབང་གཉིས་མཐོང་བའི་ལམ་གྱིས་ས་དང་པོས་བསྡུས་པར་འདོད་དེ། ཐབས་ཀྱི་ཞགས་པ་ལས། མཐོང་ལམ་རྣམ་སྨིན་སེམས་དཔའ་དང་། །ཚེ་ལ་དབང་བའི་སེམས་དཔའ་ཡི། །དབྱེ་བའི་ས་ནི་གཅིག་ཡིན་ནོ། །ཞེས་སོ།  །ཞེས་སྤྱིར་འདིར་བསྟན་གྱི་སེམས་དཔའ་བཞི་པོ་མཐོང་སྒོམ་མཐར་གསུམ་གྱི་ལམ་དུ་ཐོབ་པ་དང་།  བྱེ་བྲག་རྣམ་སྨིན་དང་ཚེ་དབང་གཉིས་མཐོང་ལམ་དུ་ཐོབ་པར་བསྟན།  འོ་ན་སེམས་དཔའ་དེ་གཉིས་ས་གཅིག་གིས་བསྡུས་ན་ཁྱད་པར་གང་གིས་འབྱེད་ཅེ་ན།  སེམས་དཔའ་དེ་གཉིས་ཐོབ་པའི་རྒྱུ་སྔར་ཚོགས་སྦྱོར་ལམ་གྱི་སྐབས་སུ་ལྷ་སྐུ་ཕྱག་རྒྱ་སྒོམ་པ་སོགས་ལ་སྒྲུབ་པ་པོ་བློ་ནུས་ཆེ་ཆུང་རིགས་གཉིས་ཡོད་པ་ལས་བློ་ནུས་ཆུང་བ་དག་གིས་མཐོང་ལམ་ཐོབ་ཚེ་རྣམ་སྨིན་རིག་འཛིན་ཐོབ་པ་སྟེ།  དེ་ཉིད་ལས།  དབྱེ་དོན་ནི་བློ་ཡི་ནུས་སྟོབས་ཆེ་ཆུང་གིས་འབྱེད་དེ།  འདི་ལྟར་བློ་ནུས་ཆུང་བའི་རིགས་རིག་པ་ལྷན༼ལྷར༽སྨིན་ཡང་སྙིགས་ལུས་སྦྱོང་བར་མ་ནུས་པ་རྣམ་སྨིན་སེམས་དཔའ་འམ་རིག་འཛིན་དང་།  ཞེས་གསུངས་ཤིང་།  དེ་འདྲའི་སྒྲུབ་གཤེན་བློ་ནུས་ཆེ་བ་དག་གིས་མཐོང་ལམ་ཐོབ་སྐབས་ཚེ་དབང་སེམས་དཔའ་ཐོབ་པ་སྟེ།  དེ་ཉིད་ལས།  བློ་ནུས་ཆེ་བས་རགས་ལུས་དང་མའི་ལུས་སུ་གྱུར་པ་ནི་ལམ་མཆོག་རྫོགས་པའི་ཚེ་དབང་སེམས་དཔའ་འམ་རིག་འཛིན་གཉིས་ལས། ཞེས་གསུངས།   དེས་ན་སེམས་དཔའ་དེ་གཉིས་ཡིད་ངོར་ལྷ་སྐུ་རང་མཚན་པ་གྲུབ་མིན་ལ་ཁྱད་མེད་ཀྱང་།  རྟེན་གདོས་ལུས་རགས་པའི་ཕུང་པོ་དག་པར་སྦྱངས་ཐུབ་མིན་གྱིས་འབྱེད་ཅིང་།  དེ་འདྲའི་རྣམ་སྨིན་སེམས་དཔའ་དེས་སྙིགས་མའི་ལུས་རྟེན་དེ་ཉིད་ནམ་དོར་བའི་ཚེ་ན་ཚེ་དབང་སེམས་དཔའ་ལ་སྦྱོར་བ་མ་ཡིན་པར་ཕྱག་ཆེན་སེམས་དཔར་སྦྱོར་བ་སྟེ།  དེ་ཉིད་ལས།  ཡིད་འོད་གསལ་གྱི་ལྷ་སྐུར་སྨིན་པ་དེ་ཉིད་ལུས་རྒྱ་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་སེམས་དཔར་སྦྱོར་ངེས་པ་སྟེ།  དེ་ཉིད་ལས།  རང་གི་ཡིད་ཀྱིས་ཡི་དམ་ལྷའི། །སྐུ་ཉིད་བཟུང་ཞིང་རང་ལུས་ཀྱི། །མདུད་པ་གྲོལ་ནས་ལྷ་སྐུ་ཉིད། །རང་གི་རིག་པ་མངོན་སུམ་དུ།  །གསལ་བར་གྱུར་པ་ལྷ་ཡི་སྐུ།  །ཕྱག་རྒྱ་སྨིན་ཞེས་དེ་ལ་བརྗོད། །ཅེས་སོ། ། ཞེས་གསུངས།  ཡང་ཚེ་དབང་སེམས་དཔའ་ནི་དེ་དང་མི་འདྲ་བར་ལུས་སེམས་གཉིས་ཀ་འོད་ལུས་སུ་གྲུབ་ཅིང་འཕོ་གནས་སོགས་གང་དགར་རང་དབང་གྱུར་པ་སྟེ།  དེ་ཉིད་ལས།  ལུས་སེམས་གཉིས་ཀ་འོད་གསལ་གྱི་སྐུ་འཇའ་ལུས་ཀྱི་ཡོན་ཏན་དང་ལྡན་པར་སྨིན་པ་སྟེ།  འདིར་ཚེ་དབང་གི་ལུས་རྟེན་འཆི་མེད་ཡབ་སྲས་གསུམ་ལྟར་སྐྱེ་ཤིའི་མིང་ཡང་མེད་པར་བྱས་པའམ།  རིམ་ཞུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ཡང་ཚེ་ལོ་བརྒྱ་པ་བཅུ་དྲུག་གི་འདུ་བྱེད་ཟད་རིས༼རིམ༽སླར་ལ་མཐུད་དེ་བསྲིངས་པའི་ལོ་ཆིག་སྟོང་དང་དྲུག་བརྒྱའི་བར་ཚེ་གཅིག་ཏུ་བྱས་ནས་མཐར་ཕྱིན་ལྷུན་གྲུབ་ཀྱི་སའམ་སངས་རྒྱས་ཀྱི་སར་སྦྱོར  ཞེས་གསུངས།  འདིརཚེ་གཅིག་ཏུ་བྱས་ནས་མཐར་ཕྱིན་ལྷུན་གྲུབ་ཀྱི་སའམ་སངས་རྒྱས་ཀྱི་སར་སྦྱོརཞེས་གསུངས་པ་ལྟར་ན་ཚེ་དབང་སེམས་དཔའ་དེས་ཕྱག་ཆེན་ལ་མི་སྦྱོར་བར་ལྷུན་གྲུབ་སེམས་དཔར་འཕར་བ་ལྟ་བུར་གསུངས་འདུག་ཅིང་།  དེ་ནི་སྤྱིར་ཚེ་དབང་ལ་ཡང་གོང་མའི་འབྲས་བུ་རིམ་དང་གཅིག་ཆར་གཉིས་སུ་ཡོད་པ་ལས་འདི་ནི་གཅིག་ཆར་བའི་དབང་དུ་གསུངས་པར་སྙམ་སྟེ།  སྤྱིར་ཚེ་དབང་སེམས་དཔས་ཕྱག་ཆེན་དང་ལྷུན་གྲུབ་སེམས་དཔའ་རིམ་བཞིན་ཐོབ་ནས་སངས་རྒྱས་པ་དང་། ཚེ་དབང་ནས་ཕྱག་ཆེན་དོར་ནས་སངས་རྒྱས་པ་གཉིས་ཡོད་པ་ནི།  «ཐབས་ཞགས»ལས།  དེ་ཡང་རིམ་དང་གཅིག་ཆར་བའོ། །རིམ་པ་མཐོང་ལམ་ཉིད་དུ་ཡང་། །རང་གིས་ཐོས་བསམ་གསུམ་བསྒོམས་པས། །རང་ལུས་ལྷ་ཡི་ཕྱག་རྒྱ་ཆེ། །ཞི་ཁྲོའི་ལྷ་ཚོགས་གང་སྒོམ་པ། །དེ་ཉིད་མངོན་དུ་གྱུར་པའི་ལྷ། །ཕྱག་རྒྱ་ཆེན་པོའི་སེམས་དཔའ་དེར། །ཡོངས་སུ་གྱུར་པས་དེ་རྗེས་ལ། །ཞེས་པ་ནས། གཅིག་ཆར་ཚེ་ལ་དབང་ཐོབ་པའི། །གཡུང་དྲུང་སེམས་དཔའ་དེ་ཉིད་ནས། །ཤེས་རབ་གསུམ་ལ་གོམས་བྱས་པས། །ཕྱག་རྒྱ་ཆེན་པོའི་སེམས་དཔའ་ཉིད། །དོར་ནས་གཅིག་ཆར་འབྲས་བུ་ནི། །སངས་རྒྱས་ས་ལ་འགྲོ་བ་དེ། །བོན་ཉིད་རྣམ་པར་དག་མཐུ་དང་།  །རང་གི་དམ་ཚིག་གཙང་མཐུ་དང་། །སྨོན་ལམ་མཐུ་ཉིད་བཙན་པའོ། །ཞེས་རྒྱུ་མཚན་བཅས་གསལ་བར་གསུངས་པས་ཤེས་ཐུབ།   དེ་ནས་ཕྱག་ཆེན་སེམས་དཔའི་སྐོར་ནི«སྡེ་སྣོད་མཛོད»ལས།  སྒོམ་ལམ་དུ་ཕྱག་ཆེན་རིག་འཛིན་ནི།  སློབ་པའི་ཟུང་འཇུག་གི་སྐུ་མཚན་དཔེ་རྫོགས་པའི་ཚུལ་ཅན་ཏེ།  ཞེས་པ་ནས།  བསྒོམ་པའི་ལམ་གྱིས་བཅུ་པ་མན་ཆད་ཕྱག་རྒྱའི་རིག་འཛིན་དུ་བསྡུས   ཞེས་སྒོམ་ལམ་ས་གཉིས་པ་ནས་ས་བཅུའི་དངོས་གཞིའི་བར་སློབ་པའི་ཟུང་འཇུག་གིས་བསྡུས་པའི་ཕྱག་ཆེན་སེམས་དཔའ་ཐོབ་ཅིང་།  བྱེ་བྲག་ས་གཉིས་པ་ནས་ལྔ་པའི་བར་དུ་གཡུང་དྲུང་གི་རིག་འཛིན་དང་།  ས་དྲུག་པ་དང་བདུན་པ་གཉིས་ལ་འཁོར་ལོའི་རིག་འཛིན།  བརྒྱད་པར་རིན་པོ་ཆེའི་རིག་འཛིན།  དགུ་པར་པདྨའི་རིག་འཛིན།  ས་བཅུ་པར་དེ་བཞིན་རིགས་སམ་རལ་གྲིའི་རིག་འཛིན་ཐོབ་པར་གསུངས་ཤིང་།  དེའི་སྒྲུབ་བྱེད་དུ«ཐབས་ཞགས»ལས།  གཡུང་དྲུང་འཁོར་ལོ་རིན་ཆེན་དང་། །པདྨ་དེ་བཞིན་གཤེགས་པ་ཡི།  །རིགས་མཆོག་དམ་པ་འཛིན་པར་འགྱུར།  །ཞེས་པ་དྲངས་གནང་འདུག  དེ་ནས་མཐར་ལམ་མམ་ས་བཅུ་རྒྱུན་མཐར་ལྷུན་གྲུབ་སེམས་དཔའ་ཐོབ་པ་ནི།  «སྡེ་སྣོད་མཛོད»ལས།  རྒྱུན་མཐའི་ཡེ་ཤེས་ལས་རྣམ་གྲོལ་དང་།  ཁྱད་པར་གྱི་ལམ་མཐར་ལམ་ལྷུན་གྲུབ་རིག་འཛིན་ནི།  དེ་ཉིད་ལས།  སྒྲིབ་སྦྱང་སྐད་ཅིག་དག་ལ་ཡང་། །སངས་རྒྱས་ས་ལ་ལྷུན་གྲུབ་པ། །དེ་ལྟར་དག་པའི་ཤེས་པ་ཉིད། །སྐུ་ལྔ་ལྷུན་གྱིས་གྲུབ་པ་སྟེ།  །ཞེས་སོ།  །ཞེས་གསུངས།  ཡང་དེ་ཉིད་ལས།  རིག་འཛིན་བཞི་པོ་མཐོང་སྒོམ་མཐར་གསུམ་གྱིས་བསྡུས་ནས་བཤད་པ་འདི་ནི་གསང་སྔགས་ཀྱི་གཞི་དྲུག་དབྱིངས་སུ་གྲུབ་པའི་རྒྱུད་ཆེན་པོ་དྲུག་གི་དགོངས་དོན་མཐར་ཐུག་པའོ།  །ཞེས་གོང་གསལ་རིག་འཛིན་ནམ་སེམས་དཔའ་བཞི་པོ་ཇི་ལྟར་ཐོབ་པའི་ཚུལ་དེ་ནི«ཁྲོ་བོའི་རྒྱུད་དྲུག»གི་དགོངས་པ་ཇི་བཞིན་ཡིན་པར་གསུངས།   ཡང«སྡེ་སྣོད་མཛོད»དུ་སེམས་དཔའ་བཞི་ལམ་ལྔ་དང་སྦྱར་ཏེ་ཐོབ་ཚུལ་གཞན་ཞིག་བསྟན་པ་ནི།   དེ་ཉིད་ལས།  ཡང་ལམ་ལྔ་རིག་འཛིན་བཞི་དང་འབྲེལ་བར་བགྲོད་པའི་དབང་དུ་བྱས་ན་ནི།  འདི་ལྟར་ལུས་ཐ་མལ་ལ་སེམས་ལྷར་སྨིན་པ་རྣམ་སྨིན་སེམས་དཔའ་ཚོགས་སྦྱོར་ལ་གནས་པ་སྟེ།  དེས་སྦྱོར་ལམ་བོན་མཆོག་མ་ཐོབ་པར་རྣམ་སྨིན་གྱི་ལུས་རྟེན་ཞིག་ན།  བར་དོར་ཕྱག་རྒྱ་ཆེན་པོ་ཐོབ་སྟེ།  སེམས་ལྷ་སྐུར་སྨིན་ཟིན་པས་རྣམ་སྨིན་གྱི་ལུས་དོར་མ་ཐག་གཡུང་དྲུང་སེམས་དཔའི་མཐོང་ལམ་ཐོབ་པར་འགྱུར་ལ།  གལ་ཏེ་རྟེན་དེས་བོན་མཆོག་ཐོབ་ན་ནི་ཚེ་དབང་ལ་དངོས་སུ་སྦྱོར་ཏེ།  དེའི་ལུས་རྟེན་དེ་ཉིད་ཀྱང་དྭངས་མའི་ལུས་གཡུང་དྲུང་གི་སྐུར་གྱུར་ཅིང་སེམས་མཐོང་ལམ་ཐོབ་པས་དེ་གཉིས་ཀས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་སྟེ།  བདལ་འབུམ་ལས།  ས་དང་པོ་ལ་མཐོང་བའི་ལམ་སྒོ་ཕྱེད།  ཅེས་པས་སོ།  །དེ་ནས་མཐོང་ལམ་གྱི་འོད་གསལ་དེ་ལས་ལངས་པའི་སློབ་པའི་ཟུང་འཇུག་གཉིས་པ་དྲི་མ་མེད་པ་ནས་བཅུ་པ་མི་འགྱུར་གཡུང་དྲུང་མན་ཆད་ཀྱི་ལྷག་མ་དགུ་ནི་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཕྱག་རྒྱ་ཆེན་པའི་སེམས་དཔས་བསྡུས་པའི་སྒོམ་ལམ་ཐོབ་ཅིང་།  དེས་མཐར་ཕྱིན་ལྷུན་གྲུབ་རིག་འཛིན་ཐོབ་པའི་ཚུལ་ཡང་།  ཐབས་ཞགས་ལས།  གཤེན་རབ་ཕྱག་རྒྱཆེན་པོ་ཡི།  །ཏིང་ངེ་འཛིན་དང་བྲལ་ནས་ནི།  །ལྷུན་གྲུབ་སེམས་དཔའ་ཐོབ་པ་འོ།  །ཞེས་སོ།  །ཞེས་གསུངས།  འོན་ཏེ་འདི་ལྟར་འཆད་པའི་ཁུངས་གང་ཡིན་མ་གསལ་བས་ད་དུང་དཔྱད་པར་བྱ་དགོས་སྙམ་མོ།  །

བཞི། བཀའ་འགྲེལ་གསལ་བྱེད་ནས་བསྟན་ཚུལ།

       དེ་ཡང«གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»དུ་རྒྱུད་དྲུག་གི་དགོངས་དོན་སེམས་དཔའ་བཞིའི་སྐོར་རྒྱས་གསལ་འཁོད་པ་ལྟར་འདིར་གནད་བསྡུས་སུ་བཀོད་པ་ལ།  དེ་ཉིད་ལས།  རྒྱུད་དྲུག་ལས་གསུངས་པ་ལྟར་རིག་འཛིན་བཞི་སྟེ།  རྣམ་སྨིན་རིག་འཛིན་དང་།  ཚེ་དབང་དང་།  ཕྱག་ཆེན་རིག་འཛིན་དང་།  ལྷུན་གྲུབ་རིག་འཛིན་དང་བཞིའོ། །ཞེས་དང་།  རྣམ་སྨིན་སེམས་དཔའ་ནི།  དེ་ཉིད་ལས། རང་གི་ལམ་རྟེན་སྔ་མ་མ་དོར་བ་དང་།  རང་གི་ངོ་སྐལ་གྱི་སྤང་བྱའི་དངོས་གཉེན་དུ་སོང་བའི་རྟོགས་པ་རྒྱུད་ལྡན་གྱི་སྐྱེས་བུ་དེའོ། །ཞེས་པ་ནས།  ཟུར་དང་པོའི་དོན་ནི་སྡུག་བདེན་གྱི་ཕུང་པོ་མ་དོར་ཞིང་སྒྱུ་ལུས་གསར་དུ་གྲུབ་པ་ཞིག་དང་། ཕུང་པོ་དོར་ནས་སྒྱུ་ལུས་གསར་དུ་གྲུབ་པ་གཉིས།  ཕུང་པོ་མ་དོར་ནས་སྒྱུ་ལུས་གསར་དུ་གྲུབ་པ་དེ་ལ་ཡང་།  རང་གི་སྤང་བྱའི་དངོས་གཉེན་རྒྱུད་ལྡན་དང་། གཞི་གཉེན་རྒྱུད་ལྡན་གཉིས་ལས་སྔ་མ་དེ་ཡི་སྔ་མ་དང་ཕྱི་མ་དེ་ཡི་སྔ་མ་གཉིས་རྒྱུད་ལྡན་གྱི་སྐྱེས་བུ་དེ་ལ་རྣམ་སྨིན་རིག་འཛིན་ཞེས་བྱ” ཞེས་རྣམ་སྨིན་སེམས་དཔའི་ངོ་བོ་བསྟན།  དེ་ཉིད་ལམ་གང་དུ་ཐོབ་པ་ཡང་། དེར།  མཐོང་ལམ་གྱི་རྟེན་གྱི་རིག་འཛིན་གཉིས་ཏེ།  རྣམ་སྨིན་རིག་འཛིན་དང་། ཚེ་དབང་རིག་འཛིན་ནོ། །ཐབས་ཞགས་ལས།  མཐོང་ལམ་རྣམ་སྨིན་སེམས་དཔའ་དང་།  །ཚེ་ལ་དབང་ཐོབ་སེམས་དཔའ་ཡིས། །དབྱེ་བའི་ས་ནི་གཅིག་ཡིན་ནོ། །ས་གཅིག་ཡིན་པ་དེ་རྟེན་དེ་གཉིས་པ༼ཀ༽ཐོབ་པའི་རྟོགས་པའམ་ལམ་ནི་ས་དང་པོའོ།  །ཞེས་པའམ།  རིག་འཛིན་དེ་གཉིས་ཀྱི་རྒྱུད་ཀྱི་ལམ་མཐོང་ལམ་སྟེ་ལམ་གཅིག་པ་ཡིན་ཞེས་དཔྱད་པར་བྱའོ། །ཞེས་རྣམ་སྨིན་དང་ཚེ་དབང་གཉིས་མཐོང་ལམ་གྱིས་བསྡུས་ཚུལ་ལ་དཔྱད་གཞིར་གསུངས་པ་དང་།  དེའི་གསལ་བཤད་དུ་ཡོངས་འཛིན་མཆོག་གིས་བརྩམས་པའི«གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེའུ་མིག»ལས། རྣམ་སྨིན་རིགས་འཛིན་དང་ཚེ་དབང་རིགས་འཛིན་གཉིས་ས་གཅིག་པ་དེ་རང་རྒྱུ་བསྐྱེད་རིམ་གྱིས་བསྐྱེད་པའི་སྔགས་ཀྱི་འཕགས་ལམ་དང་པོ་དེ་ཡིན་དགོས།  འཕགས་ལམ་དེ་ཡི་རྟེན་རླུང་སེམས་གཉིས་ལ་བརྟེན་པའི་སྒྱུ་ལུས་ཅན་དེ་རྣམ་སྨིན་རིགས་འཛིན་དང་།  དེ་ལ་མ་བརྟེན་པར་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་སྐུ་ཡི་རྟེན་ཅན་དེ་ཚེ་དབང་རིག་འཛིན། ཞེས་གསུངས།   ཚེ་དབང་སེམས་དཔའ་ནི།  «བཀའ་འགྲེལ་གསལ་བྱེད»ལས།  རང་གི་སྤང་བྱ་ཉོན་མོངས་ཟག་པའི་གཞི་གཉེན་རྒྱུད་ལྡན་དང་། ཟུང་འཇུག་སྒྱུ་ལུས་གསར་དུ་གྲུབ་པའི་གཞི་མཐུན་གྱི་རྣལ་འབྱོར་བ་དེའོ། །ཟུར་དང་པོས་རྣམ་སྨིན་རིག་འཛིན་བཅད།  ཕྱི་མས་རིག་འཛིན་ཕྱི་མ་ཡིན་པ་བཅད་པ་ཡིན། ཞེས་དང་།  «གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེའུ་མིག»ལས།  ཚེ་དབང་ཐོབ་པའི་རྒྱུ་སྔར་བཤད་ཆོ་ག་ལྔ་ལ་ཐོས་བསམ་སྒོམ་པ་མུ་མཐུད་དེ་སྦྱང་པ༼བ༽དང་། བརྩོན་འགྲུས་དང་ཤེས་རབ་ཆེ་ཆུང་དང་བསྟུན་ནས་ཐ་མལ་བའི་མིང་བཞིའི་སྐྱེ་མཆེད་དངོས་མིན་ཡང་དེ་ལྟ་བུའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷ་ཡི་སྐུ་འགྲུབ་པ་དང་། གྲུབ་པའི་ལུས་དེ་ཚེ་དབང་རིགས་འཛིན་ཞེས་པ་དང་།  ཐུགས་རྒྱུད་ཀྱི་དགོངས་རྟོགས་ནི་མཐོང་ལམ་གྱིས་བསྡུས་པའོ། །ཞེས་པ་སོགས་ཀྱིས་བསྟན། དེ་ནས་ཕྱག་ཆེན་སེམས་དཔའ་ནི།  «བཀའ་འགྲེལ་གསལ་བྱེད»ལས།  སྒོམ་ལམ་གྱི་རྟེན་ཕྱག་རྒྱའི་རིག་འཛིན་བསྟན་པའི་ཤུགས་ལས་སྒོམ་ལམ་བསྟན་པས་ན།  དང་པོ་ཕྱག་རྒྱའི་རིག་འཛིན་གསུངས་པ་ནི།  ཐབས་ཞགས་ལས།  སྒོམ་ལམ་དུ་ཕྱག་རྒྱ་ཆེན་པོའི་གཡུང་དྲུང་སེམས་དཔའ་ཐོབ་པ་དེ། ཞེས་ཕྱག་ཆེན་སེམས་དཔའ་ཐོབ་པའི་ལམ་ནི་སྒོམ་ལམ་ཡིན་པར་བསྟན།  རྒྱུ་དང་ངོ་བོ་ནི་དེ་ཉིད་ལས།  མཐོང་སྤང་ཉོན་མོངས་ཀྱི་ཟག་པ་དག་ཅིང་རང་འབྲས་སྒོམ་ལམ་བསྐྱེད་པའི་འཕགས་རྒྱུད་ཀྱི་མཁྱེན་པ་དེ་ལ་འཇོག་སྟེ།  ཞེས་བསྐྱེད་བྱེད་ཀྱི་རྒྱུ་དང་། ཡང་། ཟུང་འཇུག་གི་སྐུ་གྲུབ་པའི་ཚུལ་གྱི་རྒྱུ་ནི། རང་གི་ངོ་སྐལ་གྱི་སྤང་བྱ་ཤེས་སྒྲིབ་ཀྱི་གཉེན་པོ་གང་ཞིག  རང་རྒྱུད་ལྡན་དེ་ཕྱག་ཆེན་རིག་འཛིན་མཚོན་པར་བྱེད་ནུས་པའི་མཁྱེན་པ་དེ། ཕྱག་ཆེན་རིག་འཛིན་དུ་འཇོག་བྱེད་ཀྱི་རྒྱུ་ཡིན་ཏེ། ཞེས་དང་། ངོ་བོ་ཡང་དེ་ཉིད་ལས། གསུམ་པ་ངོ་བོ་ནི། རྒྱུན་མཐའི་སྔ་ལོགས་ཀྱི་སྒོམ་ལམ་གྱིས་བསྡུས་པའི་བདེ་སྟོང་ཡེ་ཤེས་རྒྱུད་ལྡན་གྱི་སྐྱེས་བུ་དེ།  ཕྱག་ཆེན་རིག་འཛིན་གྱི་ངོ་བོའོ།  །ཞེས་གསལ།  «གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེའུ་མིག»ལས།  ཚེ་དབང་དང་ཕྱག་རྒྱ་ཆེན་པོའི་སེམས་དཔའ་གཉིས་ཀྱི་ཁྱད་པར་ནི། སྤྱིར་ལྟ་དགོངས་ཀྱི་ཡོན་ཏན་ཕྱོགས་མཐུན་ཡང་ཕྱག་ཆེན་གོང་ལས་མི་གཡོ་བ་དང་བརྟན་པར་གསུངས།  ཕྱག་ཆེན་རིགས་འཛིན་ལ་མངོན་ཤེས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་ཡང་སངས་རྒྱས་དང་ཁྱད་པར་མེད་པ་མ་ཡིན་ཏེ།  སངས་རྒྱས་ལ་ལྟོས་ཏེ་འདི་ཡི་དགོངས་རྟོགས་རྩོལ་བ་ཅན་དུ་གསུངས་པ་དང་། ཞེས་ཕྱག་ཆེན་ཚེ་དབང་ལས་འཕགས་ཚུལ་དང་།  སངས་རྒྱས་ལས་དམན་ཚུལ་བསྟན།   ལྷུན་གྲུབ་སེམས་དཔའ་ནི།  «བཀའ་འགྲེལ་གསལ་བྱེད»ལས།  ངོ་བོ་ནི།  བག་ཉལ་གྱི་སྒྲིབ་པ་ཕྲ་མོའི་དངོས་གཉེན་རྒྱུད་ལྡན་གྱི་སེམས་དཔའ་ཐ་མ་དེ་ཡིན་ཏེ།ཞེས་སོགས་ཀྱིས་བསྟན།  སྤྱིར་ན«བཀའ་འགྲེལ»འདི་དང«གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེའུ་མིག»གཉིས་ཀར་སེམས་དཔའ་བཞི་རེ་རེ་ལའང་རྒྱུད་དོན་བཞིན་ས་བཅད་བརྒྱད་རེས་བསྟན་པ་ཞིབ་གསལ་འདུག་ཅིང་།  དེ་དག་ཀྱང་གཙོ་བོ་རྒྱུད་ཚིག་ཇི་བཞིན་དྲངས་པ་ལས་འགྲེལ་གྱིས་རྒྱས་སྤྲོས་མ་མཛད་པ་ནི། «གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེའུ་མི»ལས།  སྐབས་འདིའི་རྒྱུད་ཚིག་རྣམས་ཤིན་ཏུ་གསལ་བ་དང་རྒྱ་ཆེ་བར་འདུག་པས་རྨོངས་བློས་འགྲེལ་ཚུལ་གྱིས་མ་བསླད་པས་རྒྱུད་ཀྱི་ཚིག་འབྲུ་རེ་རེ་བཞིན་བསམ་གྱིས་མི་ཁྱབ་པའི་དོན་དང་ལྡན་པས་རང་མལ་དུ་ཞལ་བཤུས་ནས་སྔགས་ཀྱི་ལམ་འགྲེལ་གྱི་ཚུལ་དུ་རྒྱུད་དོན་བསྡུས་པ་ཡིན ཞེས་གསུངས་པ་ལྟར་ཞིབ་པར་མཁྱེན་འདོད་ཚེ་རྒྱུད་དམ་འགྲེལ་དེ་གཉིས་སུ་གཟིགས་པར་འོས་སོ། །

ལྔ།  འགྲེལ་ཉི་ཟེར་དྲ་བ་ནས་བསྟན་ཚུལ།

         དེ་ལ«ཀུན་འདུས་རྩ་རྒྱུད་ཀྱི་འགྲེལ་བ་ཉི་ཟེར་དྲ་བ»ཞེས་པར་རིག་འཛིན་གྱི་སྐོར་ཞིག་གསལ་འདུག་པ་དེ་ཉིད་ཐད་ཀར་རྒྱུད་དྲུག་དང་སྒྲིག་ཆོག་ཆོག་ཅིག་མི་འདུག་རུང་།     རིག་འཛིན་གྱི་ངོ་བོ་དང་དབྱེ་བ་སོགས་ཕལ་ཆེར་མཚུངས་འདུག་སྟབས་འདིར་དཔྱད་གཞིར་བཀོད་པ་ལ།  འགྲེལ་དེ་ཉིད་ལས།  བགྲོད་བྱ་ལམ་གྱི་འབྲས་བུ་དང་། བགྲོད་བྱེད་ལམ་གྱི་རྒྱུ་རུ་བསྟན་པའོ། །དེ་ལ་དགུ་སྟེ།  རིག་འཛིན་གྱི་ངོ་བོ་དང་།  ༼འདིར་རིག་འཛིན་སྐུང་ཡིག་བྲིས་འདུག་སྟབས་རིག་ལ་ས་མཐའ་ཡོད་མེད་མ་ངེས་མོད་སྤྱི་ལྟར་བྲིས་པ་ཡིན་ལ་མ་དཔེ་གཞན་རྙེད་ན་བརྟག་དགོས་སྙམ༽ངེས་ཚིག་དང་། དབྱེ་བ་དང་། ལུང༼ལུས༽གང་བརྟེན་པ་དང་། ནུས་པའི་སྟོབས་དང་། རྟོགས་པའི་ཚད་དང་། སྒྲིབ་པ་གང་གནས་པ། གཉེན་པོ་གང་གིས་སྤོང་བ།  མཐར་འབྲས་བུ་གང་ཐོབ་པའོ།  །ཞེས་ས་བཅད་དགུ་ཡིས་མདོར་བསྟན་པ་དང་།  རྒྱས་བཤད་དང་པོ་ངོ་བོ་ནི།  དེ་ཉིད་ལས།  རིག་འཛིན་གྱི་ངོ་བོ་ནི་སངས་རྒྱས་དང་སེམས་ཅན་གང་ཡང་མིན་པས་ས་བཅུའི་གཡུང་དྲུང་སེམས་དཔའ་འོ།  །དེ་ནི་སངས་རྒྱས་མ་ཡིན་ཏེ།  ཤེས་བྱའི་སྒྲིབ་པ་ཡོད།  སེམས་ཅན་མ་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་བྱང་བས་སྔགས་ཕྱིའི་སྐད་དུ་གཡུང་དྲུང་སེམས་དཔའ།  ནང་གི་སྐད་དུ་རིག་འཛིན་ཡིན་ནོ། །ཞེས་སོ།  །གཉིས་པ་ངེས་ཚིག་ནི།  དེ་ཉིད་ལས།  ངེས་ཚིག་ནི་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་རིག་འཛིན་པའི་ཕྱིར།  ཞེས་སོ། །གསུམ་པ་དབྱེ་བ་ནི།  དེ་ཉིད་ལས།  དབྱེ་ན་རྣམ་པ་དྲུག་སྟེ། ཕྱག་རྒྱ་ཅེས་པ་ས་དང་པོ་ལ་གནས་པའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། ལྷུན་གྲུབ་ཅེས་པ་ས་བཅུ་ལ་གནས་པ་ལྷུན་གྱིས་གྲུབ༼པའི༽རིག་འཛིན།  གཡུང་དྲུང་ལྷ་ཡི་རིག་འཛིན།  ཚེ་ལ་དབང་བའི་རིག་འཛིན།  སྒྱུ་འཕྲུལ་དབང་བསྒྱུར་གྱི་རིག་འཛིན།  རྣམ་པར་སྨིན་པའི་རིག་འཛིན།  ཞེས་དབྱེ་བ་དྲུག་དང་།  དེ་དག་གི་ངོ་བོ་གང་ཡིན་ནི།  དེ་ཉིད་ལས།  ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི། འཁོར་བའི་སྒྲིབ་པ་ཐམས་ཅད་ཕྱག་ནས།  རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱས་བཏབས།  འཇིག་རྟེན་གྱི་ས་ལས་ཆེས་ཆེར་འཕགས་ནས།  མྱ་ངན་ལས་འདས་པའི་རིག་འཛིན་པའི་ཕྱིར།  ཕྱག་རྒྱ་ཆེན་པོའི་རིག་འཛིན་ཅེས་བྱའོ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ནི།  འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ས་ལམ་ཐམས་ཅད་མཐར་ཕྱིན།  གཡུང་དྲུང་ལྟ་བུའི་ཏིང་འཛིན་དུ་ལྷུན་གྱིས་གྲུབ་པའོ། །གཡུང་དྲུང་ལྷའི་རིག་འཛིན་ནི། སྐུ་འགྱུར་བ་མེད་པ།  གསུངས༼གསུང༽བརྗོད་ལས་འདས་པ།  ཐུགས་བོན་ཉིད་ཀྱི་ཀློང་དུ་ལྷུན་གྱིས་གྲུབ་པའོ། །ཚེ་ལ་དབང་བའི་རིག་འཛིན་ནི།  འཇུག་པ་རང་དབང་དང་ཆས་པས་སྐྱེ་ལུས་གང་ཡང་ལེན་པ།  ལྡོག་པའི་རང་དབང་དང་ཆས་སྐྱེ་ལུས་སྔན༼སྔོན༽མས་འགྲོ་དོན་མ་ནུས་ན། ལུས་གཞན་འཕོ་བར་ནུས་པ།  ཚེ་དུ་བར་བཞུགས་ཤིང་ལུས་ལ་འཇུག་ལྡོག་བྱར་ཡོད་པའོ། །རྫུ་འཕྲུལ་དབང་བསྒྱུར་གྱི་རིག་འཛིན་ནི།  ༼འདི་གོང་གསལ་སྒྱུ་འཕྲུལ་དབང་བསྒྱུར་དང་འདྲ་སྙམ༽མཐུ་དང་རྫུ་འཕྲུལ་སྣ་ཚོགས་དང་ལྡན་ཏེ།  ཆུ་བོ་གལ་བསྒྱུར་བ་དང་།  རྒྱུན་དུས་སུ་ཐོག་དབབ་པ་དང་།  ནམ་མཁའ་ལ་འཕུར་བ་དང་།  ས་གཞི་ལ་འཛུལ་བའོ།  །ལུས་རྣམ་པར་སྨིན་པ་ནི།  ལུས་ངག་ཡིད་གསུམ་ལྷའི་སྐུར་སྨིན་པའོ། །དེ་བཞིན་དུ་རིག་འཛིན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པའོ། །ཞེས་གསལ།  བཞི་པ་ལུས་ནི།  དེ་ཉིད་ལས།  ལུས་ངག༼གང༽ལ་བརྟེན་པ་ནི།  ཐོབ་པ་འདུག་ཚུལ་གྱི་ལུས་དང་། གཞན་དོན་སྤྲུལ་པའི་ལུས་གཉིས་ཏེ།  དེ་ལ་ཐོབ་པ་འདུག་ཚུལ་ལུས་ནི།  མི་དང་འདོད་པའི་ཁམས་དང་གཟུགས་ཁམས་ལྷའི་ལུས་ལེན་ནོ།  །གཞན་དོན་སྤྲུལ་པའི་ལུས་ནི་སེམས་ཅན་ལ་གངཕན་པའི་ལུས་ལཆན་ནོ། །ཞེས་གསལ།  ལྔ་པ་ནུས་སྟོབས་ཡང་།  དེ་ཉིད་ལས།  ནུས་པའི་སྟོབས་ནི།  ལུས་དུ་མར་སྤྲུལ་པ་དང་།  བོན་དུ་མ་སྟོན་པ་དང་།  ཞིང་ཁམས་དུ་མར་ཁྱབ་པ་དང་།  སྤྲུལ་པ་དུ་མར་སྤྲུལ་ནུས་སོ། །ཞེས་སོ། །དྲུག་པ་རྟོགས་ཚད་ནི།  དེ་ཉིད་ལས།  རྟོགས་པའི་ཚད་ནི་སྟོང་པ་ཉིད་ཀྱི་རང་འབྱུང་ཡེ་ཤེས་ལྡན་པའོ། །ཞེས་དང་།  བདུན་པ་སྒྲིབ་པ་ནི།  དེ་ཉིད་ལས། སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ་ལ་གནས་པའོ། །ཞེས་དང་།  བརྒྱད་པ་གཉེན་པོ་ནི།  དེ་ཉིད་ལས།  གཉེན་པོ་ནི་ཀུན་དུ་བཟང་པོའི་ཐུགས་རྗེ་དང་རང་གི་རྟོགས་པ་གོམས་པས་སྤོང་ངོ་། །ཞེས་དང་།  དགུ་པ་འབྲས་བུ་ནི།  དེ་ཉིད་ལས།  མཐར་ཐུག་གི་འབྲས་བུ་ནི།  སྐུ་ལྔ་ལྷུན་གྱིས་གྲུབ་པའི་འབྲས་བུ་སངས་རྒྱས་པའོ། །དེ་ནི་བགྲོད་བྱ་ལམ་གྱི་འབྲས་བུའོ། །ཞེས་གསལ། འདིར་བསྟན་རིག་འཛིན་སྐོར་ཡིག་ཆ་གཞན་དང་མཚུངས་མིན་ད་དུང་བརྟག་པར་འོས་སོ། །

དྲུག ཀློང་རྒྱས་དཀྱིལ་འཁོར་རྣམ་བཤད་ནས་བསྟན་ཚུལ།

       དེ་ཡང་ཡར་མེ་བ་ཤེས་རབ་འོད་ཟེར་གྱིས་མཛད་པའི་ཀློང་རྒྱས་དཀྱིལ་འཁོར་གྱི་རྣམ་བཤད«དཀྱིལ་འཁོར་གྱི་ཚིགས༼ཚིག༽བཤད»ཅེས་པ་ལས་སྐབས་འདིའི་རིག་འཛིན་སྐོར་ཞིག་བསྟན་པ་སྟེ།  དེ་ཡང་ཀློང་རྒྱས་གཞུང་གི་སྒོ་དབྱེའི་དོན་བཀྲལ་བའི་སྐབས་སུ།  མཐོང་ལམ་དེ་ཡང་ས་དང་པོའི་ཡེ་ཤེས་དེ།  བདེན་པ་བཞི་ལ་དམིགས་པའི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཡོད་དེ།  དེའི་རྗེས་ཐོབ་ལ་སྐད་ཅིག་གཅིག་ལ་ལུས་མི་འདྲ་བ་བརྒྱས།  སྤྲུལ་པ་ལ་སོགས་པའི་ཡོན་ཏན་བརྒྱ་ཕྲག༼བཅུ༽གཉིས་ཐོབ་སྟེ།  ཚེ་ལ་དབང་པའི་རིག་འཛིན་ཞེས་བྱ་བའོ། ། ཞེས་དང་།  སྒོ༼སྒོམ༽ལམ་ཆུང་འབྲིང་ཆེན་པོ་དགུ་སྟེ།  ས་གཉིས་པ་མན་ཆད་ཀྱི་ས་དགུ་སྐྱེ་ཞིང་ཕྱག་རྒྱ་ཆེན་པོ༼པོའི༽རིག་འཛིན་ཞེས་བྱའོ།  །ཞེས་དང་།  ས་བཅུ་པ་སངས་རྒྱས་དང་ཆ་འདྲ་བའི་བདེར་གཤེགས་སྤྲུལ་སྐུ་གྲངས་མེད་བརྗོད་ལས་འདས་པ་འགྱེད་ནུས་པའི་གཡུང་དྲུང་ལྟ་བུ་ཏིང་འཛིན་མཐར་ཕྱིན་པའི་ལམ་བསྐྱེས༼སྐྱེས༽པ་དེ།  ལྷུན་གྱི༼གྱིས༽གྲུབ་པའི་རིག་འཛིན་ཞེས་བྱའོ། །ཞེས་རྣམ་སྨིན་རིག་འཛིན་མ་གསལ་བ་མ་གཏོགས་རིག་འཛིན་གཞན་གསུམ་གྱི་ས་མཚམས་དང་ངོ་བོ་སོགས་མདོ་ཙམ་བསྟན་འདུག   འོན་ཏེ་དེའི་ཁུངས་རྒྱུད་དྲུག་ཡིན་པར་དངོས་སུ་མ་གསལ་རུང་།  བསྟན་དོན་ལ་བསམ་ཚེ་རྒྱུད་དྲུག་དང་འབྲེལ་ཡོད་ཀྱི་ཡིག་ཆ་གཞན་དང་མཐུན་འདུག་ཕྱིར་རྒྱུད་དྲུག་ཁུངས་སུ་བྱས་པར་སྙམ།  ད་དུང་འདིའི་རྗེས་སུ་བྱུང་བའི་ཀློང་རྒྱས་འགྲེལ་བ་འགའ་ཞིག་ཏུ་ཡང་རིག་འཛིན་སྐོར་འདི་དང་མཐུན་པར་འདུག་པས་རེ་ཞིག་འདིར་མ་དྲངས།   སྤྱིར་ན་ཀློང་རྒྱས་ཀྱི་འགྲེལ་བ་འདི་ལས་སྔ་བ་དང་དེ་དག་གི་ནང་དུའང་འདིའི་སྐོར་བསྟན་པ་ཡོད་སྲིད་མོད་ཀྱང་།  ད་སྔོན་གུས་པས་མཇལ་བ་འདི་ཙམ་ལགས་པས་དེ་བཞིན་བཀོད་པ་ཡིན།  

བདུན།  དེ་དག་གི་འཕྲོས་དོན་འགའ་གླེང་བ།

        དེ་ལྟར་སྤྱིར་གཞུང་འགྲེལ་དེ་དག་ནས་སེམས་དཔའ་བཞི་ཇི་ལྟར་བསྟན་པ་དང་།  བྱེ་བྲག་འགྲེལ་སོ་སོའི་བར་གྱི་བསྟན་ཚུལ་ཁྱད་པར་ཇི་ཡོད་སྐོར་རགས་ཙམ་གོང་དུ་བཀོད་པ་དག་གིས་ཤེས་ཤིང་། འདིར་ཡང་ཟུར་འགའ་གླེང་བ་ལ།  

          ༡༽མིང་གི་ཐ་སྙད་སྐོར་ལ«ལྟ་རྒྱུད»ལས།  སེམས་དཔའ་རྣམ་གསུམ་ཐོབ་པ་སྟེ། །ཞེས་དང་། གཡུང་དྲུང་སེམས་དཔའ་གསུམ་ལས་ནི། །ཚེ་ལ་དབང་ཐོབ་སེམས་དཔའ་ཡིས། །ཞེས་དང་།  «ཐབས་ཞགས»ལས།  མཐོང་བའི་ལམ་ལ་རྣམ་སྨིན་དང་།  །ཚེ་ལ་དབང་ཐོབ་སེམས་དཔའ་འོ། །ཞེས་སོགས་རྒྱུད་དུགཡུང་དྲུང་སེམས་དཔའ་འམ་སེམས་དཔའལསརིག་འཛིན་ནམ་རིགས་འཛིནཞེས་སྦྱོར་བ་ཉུང་འདུག་ཅིང་།  དེ་ལྟར་ན«འགྲེལ་བ་ཉི་ཟེར་དྲ་བ»ལས།  སྔགས་ཕྱིའི་སྐད་དུ་གཡུང་དྲུང་སེམས་དཔའ།  ནང་གི་སྐད་དུ་རིག་འཛིན་ཡིན་ནོ། །ཞེས་པའི་དོན་ཅི་ལྟར་འགྲེལ་སྙམ་ན།  «རྒྱུད་དྲུག»སྔགས་ནང་པ་ཡིན་པར་བསྙོན་དུ་མེད་མོད།  སྤྱིར་ན་སྔགས་ཕྱི་པ་ཙམ་དུ་མ་ཟད་མདོ་ཐེག་ཆེན་དུའང་གཡུང་དྲུང་སེམས་དཔའ་གྲགས་ཆེ་ཞིང་དེ་ལ་ལྟོས་ན་རིག་འཛིན་ཞེས་པའི་ཐ་སྙད་སྔགས་ནང་མར་གྲགས་ཆེ་བ་མ་གཏོགས།  དེ་མིན་སྔགས་ནང་པ་རང་ལ་ཡང་སེམས་དཔའི་ཐ་སྙད་གཏན་ནས་མི་འཇུག་པའམ་མི་སྦྱོར་བའང་མ་ཡིན་སྙམ།  ཡང་གོང་གསལ་ལྟར«ཀློང་རྒྱས་འགྲེ»བ་དང་། «རྒྱུད་དྲུག་དོན་འགྲེལ»  «སྡེ་སྣོད་མཛོད»  «བཀའ་འགྲེལ་གསལ་བྱེད»སོགས་སུརིག་འཛིནཞེས་པ་དང་།  «གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེའུ་མིག»ཏུརིགས་འཛིནཞེས་པ་མང་བ་སྟེ།  རིག་གམ་རིགས་ཞེས་གཞི་རྩའི་ཐོག་ནས་ས་མཐའ་ཡོད་མེད་གཉིས་སུ་བྱུང་འདུག་རུང་སོ་སོར་སྒྲུབ་བྱེད་གསལ་ཁ་ཅན་བཀོད་མི་འདུག་མོད།   སྤྱིར་ན་གནས་ལུགས་རང་འབྱུང་གི་རིག་པ་འཛིན་པའི་ཆ་ནས་རིག་འཛིན་དང་།  ཞི་ཁྲོའམ་གཡུང་དྲུང་དང་འཁོར་ལོ་སོགས་ལྷ་དང་ཞིང་ཁམས་ཀྱི་རིགས་འཛིན་པས་རིགས་འཛིན་ཞེས་སྦྱར་བ་སྲིད་ཅིང་འདི་དག་ཀྱང་དེ་བཞིན་ནམ།  རྒྱུ་མཚན་དམིགས་བསལ་བ་ཡོད་མེད་ད་དུང་བརྟག་པར་འོས།  དེ་ལྟར་ནསེམས་དཔའདང་། རིག་འཛིན། ཡང་ནརིགས་འཛིནབཅས་དོན་ལ་ཁྱད་ཡོད་མེད་སྐབས་དོན་ལ་གཙོ་བ་ཡིན་མོད། རྩོམ་འདིར་ཐ་སྙད་གཙོ་བོ་སེམས་དཔའ་ཞེས་སྦྱར་བ་ནི་རྒྱུད་ཀྱི་ཚིག་ཟིན་གཙོར་འདོན་གྱིས་དེ་ལྟར་བྱས་པ་ཡིན།  

          ༢༽མདོ་ཡི་རྒྱུན་ཞུགས་སོགས་འབྲས་བུ་བཞི་རིམ་སྐྱེས་སམ་ཐོད་རྒལ་གྱི་ཐོབ་ཚུལ་མི་འདྲ་བ་ཡོད་པ་ལྟར་འདིར་བསྟན་སེམས་དཔའ་བཞི་པོ་ཇི་ལྟར་ཐོབ་ཚུལ་སྐོར་ཇི་ལྟར་ཡིན་པའི་སྐོར། «ཁྲོ་བོའི་རྒྱུད་དྲུག་གི་དོན་འགྲེལ»ལས།    ཐོད་རྒལ་བ།  ཚེ་དབང་ནས་ལྷུན་གྲུབ་པའམ།  ཤིན་ཏུ་བློ་ཆེན་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་པ་དང་།  ཞེས་དང་།  འདི་ལ་ཐོད་རྒལ་འབྱུང་མིན་ནི།  རྣམ་སྨིན་སེམས་དཔའ་དེ་ནི་ངང་གིས་བློ་ཆུང་བས་ཐོད་རྒལ་དུ་སྦྱོར་མི་སྲིད་ལ།  གཞན་གཅིག་ཆར་བ་མ་ཡིན་པའི།  བློ་ཆེན་རྣམས་ཕྱག་རྒྱ་གཅིག་སྤྲོས་གཉིས་ནས་སྦྱོར་མཐོང་དང་།  ཚེ་དབང་ནས་ལྷུན་གྲུབ་ཕྱག་ཆེན་རྒལ།ལ་སྦྱོར་བའམ།  ཚེ་དབང་ཕྱག་ཆེན་གཉིས་ལྷུན་གྲུབ་རྒལནས་སངས་རྒྱས་ཀྱི་སར་ཐོད་རྒལ་དུ་སྦྱར་བ་སྲིད་དེ།  དེ་ལ་ངང་གི༼གིས༽བློ་ཆེ་བ།   ཟུང་འཇུག་གི་ལམ་སྒོམ་པ།  ལམ་གཞན་བར་ནས་བོར་དུ་ཡོད་པ་སྟེ།  ཐོད་རྒལ་འབྱུང་བའི་རྒྱུ་གསུམ་ཚང་བས་སོ།  །ཚོགས་སྒྲུབ་ནས་ནི་ལམ་གཞན་བར་ནས་བོར་དུ་མེད་པས་མི་འབྱུང་བའོ་གསུངས། ཞེས་སེམས་དཔའ་བཞི་ལས་གང་ཞིག་ཐོད་རྒལ་འབྱུང་མིན་སྐོར་གསལ་བ་དང་།  «གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེའུ་མིག»ལས།  ཚེ་དབང་རིག་འཛིན་ནམ་མཐོང་ལམ་སེམས་དཔའ་དེ་སངས་རྒྱས་སྤྲུལ་པའི་སྐུ་ལས་བོན་ཉན་ཐོས་བསམ་སྒོམ་པ་སྦྱངས་ནས་ཀུན་འགྲོའི་སྒྲིབ་པ་སྦྱངས་པར་གསུངས་པའི་ཀུན་འགྲོའི་སྒྲིབ་པ་ནི་བདེན་འཛིན་གྱིས་བཞག་པའི་བག་ཆགས་ལ་ཕྲ་རགས་གཉིས་ལས་རགས་པ་སྤོང་བ་དང་།  ཕྱག་རྒྱའི་རིགས་འཛིན་ཐོབ་པའོ། །དེ་ཡིས་ལོངས་སྤྱོད་རྫོགས་སྐུ་ལས་བོན་མཉན་ཤེས་རབ་རྣམ་གསུམ་སྦྱངས་པས་ལྷན་ཅིག་སྒྲིབ་པ་སྦྱངས་ཞེས་པ་བདེན་འཛིན་གྱིས་བཞག་པའི་བག་ཆགས་ཕྲ་མོ་སྤངས་ཏེ་ལྷུན་གྲུབ་རིགས་འཛིན་ཐོབ་པའོ། །དེ་ཡིས་རྫོགས་པའི་སྐུ་ལྔ་ལས་ཤེས་རབ་རྣམ་གསུམ་སྦྱངས་པས། བག་ལ་ཉལ་བའི་སྒྲིབ་པ་དག་ཅེས་པ་རྒོད་རྐྱང་གི་བག་ཆགས་སྤངས་ཏེ་སངས་རྒྱས་སྐུ་ལྔ་ཐོབ་པའོ། །ཞེས་དང་།  ཚེ་དབང་གི་རྟེན་དེ་ལ་སྔར་རང་གི་ལྟ་བ་དང་དམ་ཚིག་སྨོན་ལམ་སོགས་ཀྱིས་ལམ་གོང་མའི་རྟེན་མ་བཟུང་པར༼བར༽སྒྲིག་སྦྱོང་ཚོགས་རྫོགས་ནས་སངས་རྒྱས་ཐོབ་པ་ཡོད་པར་གསུངས་པའོ། །ཞེས་སེམས་དཔའ་དེ་དག་རིམ་གྱིས་སམ་ཐོད་རྒལ་བྱེད་ཚུལ«ཁྲོ་བོའི་རྒྱུད་དྲུག་གི་དོན་འགྲེལ»དང་མཚུངས་སམ་སྙམ།  འོན་ཏེ«རྒྱུད་དྲུག་འགྲེལ»བར་རྣམ་སྨིན་སེམས་དཔའ་ངང་གིས་བློ་ཆུང་བས་ཐོད་རྒལ་དུ་མི་སྦྱོར་གསུངས་ཀྱང་། རྣམ་སྨིན་སེམས་དཔའ་ཐོབ་ན་ངེས་པར་ཚེ་དབང་ལ་སྦྱོར་བས་མ་ཁྱབ་པ་ནི།  «ཐབས་ཞགས»ལས།  རྣམ་སྨིན་ཐོབ་པའི་ལུས་རྟེན་དོར་རྗེས་བར་དོར་ཕྱག་ཆེན་རིག་སེམས་དཔར་སྦྱོར་བར་གསུངས་པ་དང་།  «བཀའ་འགྲེལ་གསལ་བྱེད»ཀྱི་རྣམ་སྨིན་དང་ཚེ་དབང་གི་ངོ་བོ་བསྟན་ཚུལ་ལ་བསམ་ན་དེ་གཉིས་སྤང་བྱའི་དངོས་གཉེན་དང་གཞི་གཉེན་དུ་སྦྱར་བ་དང་།  «རྒྱུད་དྲུག་འགྲེལ»བ་དང་། «སྡེ་སྣོད་མཛོད»དུ་དེ་གཉིས་རྩ་བའི་བློ་ནུས་མི་འདྲ་བས་ཐོབ་ཚུལ་སོ་སོར་ཡིན་པ་ལྟ་བུ་གསུངས་འདུག་པ་སོགས་ལ་ཤེས་བྱ་མང་ཡང་འདིར་དེ་ཙམ་མོ། །

         ༣༽ཡང་འདིའི་སེམས་དཔའ་དང་ཐེག་པ་འོག་མའི་ལམ་དང་འབྲས་བུ་དོད་མཚུངས་སྦྱར་དུ་ཡོད་པའི་ཚུལ། «ཁྲོ་བོའི་རྒྱུད་དྲུག་གི་དོན་འགྲེལ»ས།   འདི་རྣམས་འོག་མའི་སེམས་དཔའ་རྣམས་དང་དགོངས་པའི་ཉམས་ཚད་དང་། ས་ཚོད་མཐུན་ཚུལ་ནི། འོག་མའི་མཐོང་ལམ་རབ་དགའ་ལ་གནས་པའི་སེམས་དཔའ་དང་།  འདིའི་རྣམ་སྨིན་གཉིས་དགོངས་པ་མཉམ། གོང་མ་རྣམས་ཀྱང་། དེ་ལྟར་ན་ས་དང་པོ།  བརྒྱད་པ།  བཅུ་པ་རྣམས་དང་ཚོད་ཀྱིས་མཐུན་ནའང་། རྟོགས་པའི་ཁྱད་པར་འོག་མའི་བརྒྱད་པ་དང་ཚེ་དབང་།  བཅུ་པ་ཕྱག་ཆེན།  བཅུ་གཅིག་མི་སློབ་པའི་སའང་ལྷུན་གྲུབ་སེམས་དཔའ་དགོངས་པ་མཉམ་པར་བཞེད།  ཅེས་གྲུབ་མཐའ་འོག་མའི་སེམས་དཔའ་སྟེ་རྒྱུན་ཞུགས་དང་།  ཕྱིར་འོངས། ཕྱིར་མི་འོང་། དགྲ་བཅོམ་བཅས་འབྲས་བུ་བཞི་ཡི་དགོངས་རྟོགས་དང་ཡོན་ཏན་ཇི་ལྟར་དོད་མཚུངས་སྐོར་བསྟན་འདུག  

        ༤༽ཡང«སྤྱི་སྤུངས་དབལ་གསས་ལས་རིམ»དུ་རིག་འཛིན་བརྒྱད་ཀྱི་སྐོར་ཞིག་འཁོད་འདུག་པ་དེ་དག་འདིར་བསྟན་གྱི་སེམས་དཔའ་དང་འབྲེལ་བ་ཇི་ཡོད་རྗེས་སུ་དཔྱད་འོས་དང་། ད་དུང་འདིར་བསྟན་སེམས་དཔའ་བཞིའི་སྐོར་བཤད་པའི་རང་ལུགས་ཡིག་ཆ་གཞན་པ་ཡོད་སྲིད་མོད།  འདིར་བཀོད་པ་རྣམས་ནི་ཁོ་བོས་ད་སྔོན་གང་མཇལ་བ་དག་ཕྱོགས་གཅིག་ཏུ་དཔྱད་གཞིར་གནད་བསྡུས་ཚུལ་དུ་བཀོད་པ་ལས་ཞིབ་ཕྲའི་དཔྱད་བརྗོད་བྱ་མ་ནུས་སྟབས་འདི་ཙམ་དུ་ལུས།  གཞི་རྩའི་ཡིག་ཆ་འཕེལ་རིམ་ལྟར་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཞལ་གསལ་བ་སྨོས་མེད་ཐོག   འགའ་ཞིག་ཕན་ཚུན་ལྟོས་མེད་ཀྱི་འགྲེལ་བའང་ཡོད་སྲིད་མིན་སོགས་ནི་རིམ་བཞིན་ཞིབ་འཇུག་གནད་སྨིན་ཡོང་བར་དཔྱོད་ལྡན་དག་གི་འགན་འཁྲི་ཉག་གཅིག་ཡིན་པར་སེམས་སོ། །༢༠༡༦་༡༢

རྩོམ་འདིར་ལུང་འདྲེན་ཞུས་པའི་དཔེ་ཆ།

1 སྟོན་པ་འཆི་མེད་གཙུག་ཕུད།  «ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད»  སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས།  དེབ་དང་པོ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༨

2 སྟོན་པ་འཆི་མེད་གཙུག་ཕུད། «གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད» སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས།  དེབ་དང་པོ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༨

3 ལྕང་ལུང་གཡུང་དྲུང་བསྟན་རྒྱལ།  «སྒྱུ་འཕྲུལ་དྲ་བ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་ཐུགས་ཀྱི་བརྣག་པ་གཡུང་དྲུང་གི་གསང་རྒྱུད་དྲུག་གི་དོན་གྱི་འགྲེལ་བ་ཡིད་བཞིན་གཏེར་མཛོད» དབུ་མེད་དཔེ་གཟུགས།  སོག་སྡེ་སྤྲུལ་སྐུའི་བརྟེན་འགྱུར།  

4 ཤར་རྫ་བཀྲ་ཤིས་རྒྱལ་མཚན།  «སྡེ་སྣོད་རིན་པོ་ཆེ་ཡི་མཛོད་ལས་འབྲས་བུ་གསང་སྔགས་ཀྱི་ཐེག་པའི་འགྲེལ་བ་གསང་དོན་གསལ་བའི་སྒྲོན་མ»  དེབ་གཟུགས།  ཞང་བོད་ཤེས་རིག་སྙིང་གཏེར།  ནུབ་མཚོ་ས་ཁྲ་དཔར་འདེབས་བཟོ་གྲྭ།  

5 སློབ་དཔོན་བསྟན་འཛིན་རྣམ་དག  «གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད» སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  དེབ་གཟུགས། པོད་བཅུ་པ།  ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་།  ༢༠༠༥

6 སློབ་དཔོན་བསྟན་འཛིན་རྣམ་དག  «གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེའུ་མིག» སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  དེབ་གཟུགས། པོད་བཅོ་ལྔ་པ།  ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་།   

7 ཁ་ཆེ་དཔའ་འབར་གྱང་ཏི་གསས།  བོད་ཀྱི་བོན་པོ་གསས་མཁར་མེ་འབར། བླ་ཆེན་དྲན་པ་ནམ་མཁའ།  «ཀུན་འདུས་རིན་ཆེན་རྩ་རྒྱུད་ཀྱི་འགྲེལ་པ་ཉི་ཟེར་དྲ་བ» དབུ་མེད་དཔེ་གཟུགས།  སོག་སྡེ་སྤྲུལ་སྐུའི་བརྟེན་འགྱུར།  

8 མེ་སྟོན་ཤེས་རབ་འོད་ཟེར།  «དཀྱིལ་འཁོར་གྱི་ཚིགས༼ཚིག༽བཤད་བཞུགས་པའི་དབུ་ཕྱོག་བཞུགསྭོ༼ཕྱོགས་བཞུགས་སོ ༽» དབུ་མེད་དཔེ་གཟུགས།  སོག་སྡེ་སྤྲུལ་སྐུའི་བརྟེན་འགྱུར། 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *