ཉིན་རེའི་འཚོ་བའི་ནང་དུ་ཉེ་བར་མཁོ་བའི་གསང་སྔགས་མ་རྒྱུད་ཀྱི་རྩ་རླུང་གཏུམ་མོའི་ལག་ལེན་གསལ་བར་བཤད་པ་ནད་བརྒྱ་སེལ་བའི་སྨན་མཆོག་འཆི་མེད་ཚེ་ཡི་བདུད་རྩི་ཞེས་བྱ་བ་བཞུགས།

རྩོམ་ཡིག་འདི་ཐེངས། 197102 བཀླགས་འདུག

2012100412391367༧ སངས་རྒྱས་རྒྱུད་གསུམ་གསང་སྔགས་ཟབ་མོའི་བོན། །

དེའི་ཚུལ་མ་རྨོངས་གོ་རྟོགས་སྐྱེད་བྱེད་པ། །

རྒྱལ་ཀུན་སྤྱི་གཟུགས་ཡོངས་འཛིན་སྨྲ་བའི་སེང་། །

བྱང་ཆུབ་བར་དུ་ཁྱོད་ཉིད་བདག་སྐྱབས་མཆིའོ། །

༧ ཡིན་ཚུལ་མ་བཅོས་སེམས་ཉིད་བོན་གྱི་སྐུ། །

སྣང་ཚུལ་མ་འགག་ལོངས་སྤྱོད་རྫོགས་པའི་སྐུ། །

ཤར་ཚུལ་མ་ངེས་སྣ་ཚོགས་སྤྲུལ་པའི་སྐུ། །

སྐུ་གསུམ་བདག་ཉིད་གསང་མཆོག་ཡི་དམ་ལྷ། །

༧ ཡིད་འོང་དཔལ་འབར་སྣ་ཚོགས་རྒྱན་གྱིས་མཛེས། །

བདེ་སྟོང་རིག་པའི་གཏེར་མཛོད་དངོས་གྲུབ་མཆོག །

ཀྱེ་མ་འོད་མཚོ་མཁའ་འགྲོའི་བདག་ཉིད་ཆེ། །

ཚུལ་འདི་བཤད་ལ་དྷ་ཀིས་གནང་བསྩོལ། །

་་་་་་་་་་་་༧ དེ་ལྟར་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་གསང་སྔགས་མ་རྒྱུད་ཀྱི་རྩ་རླུང་གཏུམ་མོའི་ཉམས་ལེན་མདོར་བསྡུས་ཙམ་ཞིག་འཆད་པར་བྱ་བ་ལ།། སྔོན་འགྲོར་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་གྱི་ཉམས་ལེན་ལ་བརྩོན།། དངོས་གཞི་རྩ་རླུང་གཏུམ་མོའི་ལག་ལེན་ལ་གནད་དགུས་བསྟན་ཏེ། ལས་རུང་བྱ་བ་བཅའ་བ་ལུས་ཀྱི་གནད། ཡེ་ཤེས་རྒྱུ་བ་བསྐྱེད་པ་རྩ་ཡི་གནད། དམིགས་པ་བརྟན་པ་སྒོམ་པ་རླུང་གི་གནད། དུག་རླུང་འབུད་པ་ནད་གདོན་ཕྱིར་འབྱིན་གྱི་གནད། རླུང་སྦྱོར་བསྒོམ་པ་ཡན་ལག་བཞི་ལྡན་གྱི་གནད། རླུང་ལྔར་སྦྱོང་བ་བདེ་དྲོད་སྤར་བའི་གནད། རྩ་ལམ་སྦྱང་བ་འདྲེན་པ་སྒྲ་སྐད་ཀྱི་གནད། ཡེ་ཤེས་སྐྱེ་བ་ཐབས་ལམ་གཏུམ་མོའི་གནད། རླུང་སྦྱོར་བརྩོན་པ་ཕན་ཡོན་བདེ་སྦྱིན་གྱི་གནད་དང་དགུའོ། །

༧ དང་པོ་བཅའ་བ་ལུས་ཀྱི་གནད་ནི།

་་་་་་་་་་་་་་་རླུང་གནད་དུ་འཛུད་པས་ཙོག་པུར་བསྡད། དྲོད་སྐྱེད་མྱུར་བས་རྐང་པ་རེའུ་མིག་བཞིན་དུ་བསྣོལ། རླུང་གནད་དུ་ཆུད་པ་ཡིན་པས་སྒལ་ཚིགས་མདའ་སྙུག་བཞིན་དུ་བསྲང་། བདེ་བ་བསྐྱེད་པའི་ཡན་ལག་ལྟེ་འོག་ཏུ་མཉམ་བཞག་གི་ཕྱག་རྒྱས་བཙིར། མི་རྟོག་པ་སྐྱེ་བའི་ཡན་ལག་མགྲིན་པ་ཐག་མདུད་བཞིན་དུ་བསྡམས། ཤེས་པ་གསལ་བའི་ཡན་ལག་མིག་གཉིས་སྣ་རྩེ་ལ་གཏད། རྩ་རླུང་གནད་དུ་བཟུང་བའི་ཡན་ལག་དཔུང་པ་ཁྱུང་གཤོག་བཞིན་དུ་གདེངས། དྲོད་རྟགས་མྱུར་བའི་ཡན་ལག་ལུས་སེམས་ཐམས་ཅད་རབ་ཏུ་བསྒྲིམས། ལུས་གནད་མི་འཆུག་པའི་ཐབས་བསྒོམ་ཐག་གིས་ལེགས་པར་བསྡམས་པའོ། དེ་ཡང་ལམ་མངོན་སངས་རྒྱས་པའི་རྒྱུད་ལས། །འབྱུང་བ་ལུས་ཀྱི་བཅའ་བ་བསྟན་པ་ནི། །རླུང་འཇུག་དྲོད་བསྐྱེད་གནད་དུ་འཇུག་པའི་ཐབས། །ཙོག་པུ་དཀྱིལ་ཆུང་སྒལ་ཚིགས་མདའ་ལྟར་བསྲང་། །བདེ་གསལ་སྟོང་པའི་ཉམས་གསུམ་བསྐྱེད་བྱེད་པས། །མཉམ་བཞག་མིག་ནི་སྣར་གཏད་མགྲིན་པ་བསྡམ། །རླུང་བཟུང་དྲོད་སྐྱེད་ལུས་གནད་མི་འཆུག་པ། །དཔུང་གདེང་ལུས་གཅུན་སེམས་བསྒྲིམ་སྒོམ་ཐག་བསྡམ། །ལུས་གནད་དགུ་ཡི་ཕྱག་རྒྱ་མཆོག་ལ་གཟུད། ཅེས་སོ།།

 ༧ གཉིས་པ་བསྐྱེད་པ་རྩ་ཡི་གནད་ནི།

་་་་་་་་་་་་་རྩ་བ་གཅིག་དབུ་མཐིང་ཉེ་ལོ་བསམ་གཏན་གྱི་རྩ་ཚངས་པའི་བུ་ག་ནས་གསང་བར་ཐུག་པ་ལ་གཉིས་པོ་ལྟེ་འོག་ཏུ་ཟུག་པ་ལ། གཡས་དཀར་དང་བསྐྱེད་ཐབས་ཀྱི་རྩ་དང། གཡོན་དམར་ཤེས་རབ་མང་རུམ་གྱི་རྩ་གཉིས་འཁོར་ལོ་ལ་འཁྱུད་ནས་ཀླད་པའི་སྟེང་ནས་འཁྱོག་སྟེ་སྨིན་མཚམས་ནས་བཀུག་ནས་ལྒྱུམ་རི་གཉིས་ལ་ཟུག་པའོ། །རྩ་འདབ་ཀྱང་ལྷ་དང་མཐུན་པར་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་སོ་གཉིས། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་རྩ་འདབ་བཅུ་དྲུག །ཐུགས་ཁ་བོན་ཉིད་ཀྱི་འཁོར་ལོ་ལ་རྩ་འདབ་བཅུ་གཉིས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞི། །གསང་གནས་ཐབས་ཤེས་ཀྱི་འཁོར་ལོ་ལ་རྩ་འདབ་བཞི་སྒོམ་པའོ། །དེ་ཡང་བསྒོམ་པའི་རྩ་གཙོ་བོ་གསུམ་མདའ་སྙུག་ཙམ། །འཁོར་ལོ་རྣམས་སྙུག་ཕྲན་ཙམ། ཐིག་ལེ་རྣམས་མེ་ཏོག་ཙམ། །ལྷ་རྣམས་འབྲས་བུའི་ཚུལ་དུ་གསལ་བའོ། དེ་ཡང་ལམ་མངོན་སངས་རྒྱས་པའི་རྒྱུད་ལས། །རྩ་བའི་རྩ་གསུམ་སྲོག་ཤིང་བརྟེན་པའི་རྩ། །སོ་གཉིས་ཐུགས་རྗེ་ཚད་མེད་ངང་ལ་གནས། །བཅུ་དྲུག་ཐུགས་རྗེ་རྒྱུན་མེད་འགྲོ་དོན་བསྲིང་། །བཅུ་གཉིས་སངས་རྒྱས་འགག་མེད་རྩལ་དུ་ཤར། །རེ་བཞི་འདོད་ཡོན་དོན་བྱེད་སྤྲུལ་པའི་གཟུགས། །བཞི་ནི་ཐབས་དང་ཤེས་རབ་སྦྱོར་བའི་ལམ། །རིགས་ལྔའམ་ནི་སྐུ་ལྔ་ཡུམ་བཅས་གནས། ཞེས་སོ།།

༧ གསུམ་པ་བསྒོམ་པ་རླུང་གི་གནད་ནི།

་་་་་་་་་་་་་རྩ་འཁོར་རྣམས་ཀྱི་ནང་དུ་རྩ་བའི་རླུང་ལྔ་བསྒོམ་དགོས་པས།དེ་ཡང་མགྲིན་པའི་རྩ་འཁོར་ནང་དུ་གྱེན་རྒྱུའི་རླུང་དབྱིབས་གདུགས་ལྟ་བུ་ཁ་དོག་སེར་པོ། ཐུགས་ཁར་སྲོག་འཛིན་པའི་རླུང་ནོར་བུ་རིན་པོ་ཆེ་ལྟ་བུ་དཀར་པོ། ལྟེ་བར་མེ་མཉམ་གྱི་རླུང་མེ་དབལ་ཟུར་གསུམ་ལྟ་བུ་དམར་པོ། ཡན་ལག་བཞིར་ཁྱབ་བྱེད་ཀྱི་རླུང་ཉི་ཟེར་ཕྱོགས་བཅུར་འཕྲོ་བ་ལྟ་བུ་ལྗང་ཁུ། གསང་བར་ཐུར་སེལ་གྱི་རླུང་སྦུད་པ་ལྟ་བུ་སྔོན་པོ་དང་ལྔའོ།། དེ་ཡང་མི་ནུབ་ཐིག་ལེའི་འགྲེལ་ལས། གྱེན་རྒྱུ་གདུགས་དང་འདྲ་སྟེ་ཡུ་བ་མས་འདེགས་རྩིབས་བཤམས་རྒྱས། སྲོག་འཛིན་རིན་ཆེན་འདྲ་སྟེ་སྡོང་བུ་སྙིང་པོ་འོད་ཟེར་བཅས། མེ་མཉམ་དབལ་ཁང་འདྲ་སྟེ་དྲག་ཤུལ་རྩེ་གསུམ་འབར། ཁྱབ་བྱེད་ཉི་ཟེར་འདྲ་སྟེ་ཕྱོགས་བཅུ་ཀུན་དུ་འཕྲོ། ཐུར་སེལ་སྦུད་པ་འདྲ་སྟེ་དབལ་ངར་སྟོབས་ཤུགས་ཆེ། ཞེས་དང་། གྱེན་རྒྱུ་ས་ཡི་རླུང་ནི་ཁ་དོག་སེར། །སྲོག་འཛིན་ནམ་མཁའི་རླུང་སྟེ་དཀར་བ་ཡིན། །མེ་མཉམ་མེའི་རླུང་སྟེ་དམར་བ་ཡིན། །ཁྱབ་བྱེད་རླུང་གི་རླུང་སྟེ་ལྗང་བ་ཡིན། །ཐུར་སེལ་ཆུའི་རླུང་སྟེ་སྔོ་བ་ཡིན། ཞེས་སོ།།

༧ བཞི་པ་དུག་རླུང་འབུད་པ་ནི།

 ་་་་་་་་་་་་དང་པོ་སྣ་བུག་སྲིན་ལག་གཡོན་པས་མནན་ལ་ཐང་གསུམ་འབུད། དེ་ནས་སྣ་བུག་སྲིན་ལག་གཡས་པས་མནན་ལ་ཐང་གསུམ་འབུད། དེ་ནས་གཉིས་ཀ་ནས་ཐང་གསུམ་འབུད། དེ་ཡང་སྣ་བུག་གཡོན་ནས་རྔུབ་ནས་གཡས་ནས་འབུད་ཚེ་ནད་རླུང་ནད། གདོན་ཕོ་གདོན། ཉོན་མོངས་པ་ཞེ་སྡང། སྐྱེ་བ་སྔོན་མའི་བག་ཆགས་སྡིག་སྒྲིབ་ཐམས་ཅད་ཕྱིར་ཐོན་པར་བསམ། སྣ་བུག་གཡས་ནས་རྔུབ་ནས་གཡོན་ནས་འབུད་ཚེ་ནད་མཁྲིས་པ། གདོན་མོ་གདོན། ཉོན་མོངས་པ་འདོད་ཆགས། སྐྱེ་བ་ཕྱི་མར་བསགས་འགྱུར་གྱི་བག་ཆགས་སྡིག་སྒྲིབ་ཐམས་ཅད་ཕྱིར་ཐོན་པར་བསམ། སྣ་བུག་གཉིས་ཀ་ནས་རྔུབ་ནས་དབུ་མར་འབུད་ཚེ་ནད་བད་ཀན། གདོན་ཀླུ་གདོན། ཉོན་མོངས་པ་གཏི་མུག། སྐྱེ་བ་ད་ལྟར་བསགས་པའི་བག་ཆགས་སྡིག་སྒྲིབ་ཐམས་ཅད་ཕྱིར་ཐོན་པར་བསམ།།

༧ ལྔ་པ་རླུང་སྦྱོར་ཡན་ལག་བཞི་ལ་བསླབ་པ་ནི།

་་་་་་་་་་་་རླུང་རྔུབ་པ་དང། དགངས་པ་དང་། གཞིལ་བ་དང་། འཕང་པའོ། །དེ་ཡང་སྣ་བུག་གཉིས་ནས་འཇམ་ལ་རིང་བའི་རླུང་ལྕགས་ཀྱུ་བཞིན་དུ་བཀུག་པའོ། །དེའི་རླུང་རང་གནད་ཀྱི་རྩ་ལ་ཚུད་པའོ། །དྲག་རྩུབ་ཏུ་བྱས་ན་གཞན་དུ་བྱེར་བའོ། །དེ་ནི་རླུང་རྔུབ་པ་སྲིན་བལ་ལྟ་བུའི་རླུང་ངོ་། །དེ་ནས་བཟུང་བའི་དུས་སུ་རྩ་གཉིས་ནས་ན་ར་ར་སོང་པས་དབུ་མར་ལྷུད་ཀྱིས་གང་བར་བསམ་མོ། །དེ་ནི་དགངས་པ་བདུད་རྩི་ལྟ་བུའི་རླུང་ངོ་། །དེ་ནས་གཞིལ་བ་ནི་ཐུབ་ཐུབ་ཏུ་དྲག་པར་མནན། མི་ཐུབ་པ་ལ་རྔུབ་ཆུང་དུ་བྱས་ཤིང་དབུ་མ་ལ་བསྟིམ་མོ། །དེ་ནི་གཞིལ་བའི་རླུང་མེ་དཔུང་ལྟ་བུའོ། །དེ་ནས་མི་ཐུབ་པའི་དུས་སུ་དངོས་སུ་སྣ་བུག་གཉིས་ནས་དལ་བུས་བཏང་ཞིང་།དམིགས་པས་དབུ་མའི་ནང་ནས་སྔོ་སྤུ་རུ་རུ་འགྲོ་བར་བསམ་ཞིང་ལྷག་མ་ཅུང་ཟད་ན་ཡང་བསྡམ་པའོ། །དེ་ནི་འཕང་བ་དུ་བ་ལྟ་བུའི་རླུང་ངོ་། དེ་ནི་རླུང་སྦྱོར་ཡན་ལག་བཞི་ལྡན་ནོ། དེ་ཡང་རྒྱུད་ལས། །དེ་ནས་རླུང་སྦྱོར་ཡན་ལག་བཞི་ཡིན་ཏེ། །སྔ་མའི་རླུང་རོ་ནད་དུག་བཏོན་བྱས་ནས། །སྦྱོར་བ་བཞི་ལྡན་བདེ་རླུང་བཟུང་བ་ནི། །ལྕགས་ཀྱུ་ལྟ་བུའི་རླུང་དབྱིབས་སྣ་ནས་རྔུབས། །དཀར་འཇམ་སྙོམས་ལ་རིང་བ་སྲིན་བལ་འདྲ། །འཁོར་འདས་ཡོན་ཏན་མ་ལུས་སྡུད་པར་བྱེད། །ཆུ་རྒྱུན་ལྟ་བུའི་རླུང་དབྱིབས་རྩ་ལ་འབབ། །ཐབས་དང་ཤེས་རབ་ཟུང་འབྲེལ་དབུ་མར་བསྟིམ། །བདེ་ཆེན་བྱང་སེམས་ཐིག་ལེ་རྒྱས་པར་བྱེད། །མེ་དཔུང་ལྟ་བུའི་རླུང་དབྱིབས་ལུས་ལ་བཟུང་། །སྟོབས་ཆེན་ཤུགས་དང་ལྡན་པས་དབུ་མར་གཞིལ། །ཡེ་ཤེས་བདེ་དྲོད་ནང་ནས་འབར་བར་བྱེད། །དུ་བ་ལྟ་བུའི་རླུང་དབྱིབས་སྤྱི་བོར་གཏང་། །དོན་གྱི་མཆོད་པ་དབུ་མའི་བུ་གར་འདོན། །ནད་གདོན་སྒྲིབ་པ་མདའ་ལྟར་འཕེན་པར་བྱེད། ཞེས་སོ།།

༧ དྲུག་པ་རྩ་བའི་རླུང་ལྔས་ལུས་སྦྱོང་གི་བདེ་དྲོད་སྤར་བ་ནི།

་་་་་་་་་ གྱེན་རྒྱུའི་རླུང་རིན་པོ་ཆེ། སྲོག་འཛིན་པའི་རླུང་རིན་པོ་ཆེ། མེ་མཉམ་གྱི་རླུང་རིན་པོ་ཆེ། ཁྱབ་བྱེད་ཀྱི་རླུང་རིན་པོ་ཆེ། ཐུར་སེལ་གྱི་རླུང་རིན་པོ་ཆེ་དང་ལྔའོ། དེ་ལ་དང་པོ་རླུང་སྦྱོར་ཡན་ལག་བཞི་ལྡན་གྱི་ངང་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་ནང་དུ་གྱེན་རྒྱུའི་རླུང་གདུགས་ལྟ་བུ་ལ་དམིགས་པ་གཏད་དེ། སྐེ་གཡས་གཡོན་དུ་སྒ་ར་ར་གཅུ་ལ་རླུང་ཚངས་པའི་བུ་ག་ན་འཕང་ངོ་། གཉིས་པ་རླུང་སྦྱོར་ཡན་ལག་བཞི་ལྡན་གྱི་ངང་ནས་ཐུགས་ཁ་བོན་ཉིད་ཀྱི་འཁོར་ལོའི་ནང་དུ་སྲོག་འཛིན་གྱི་རླུང་ནོར་བུ་ལྟ་བུ་ལ་དམིགས་པ་གཏད་དེ།ཤེས་པ་གློད་ཅིང་བསྟིམ་པའི་ཚུལ་དུ་བྱ་བ་དང། ལག་པ་གཡས་པས་ཁུ་ཚུར་བཅངས་ནས་ཞགས་པ་འཕེན་པ་བཞིན་དང་། སོར་མོ་རེ་རེ་བཞིན་དགྲོལ་བ་ཐང་རེ་བྱ་བ་དང་ལྔ། གཡོན་པས་ཀྱང་དེ་བཞིན་ལྔ་དང་། རོ་སྟོད་གཡས་བསྐྲུལ་གཡོན་བསྐྲུལ་ལྔ་བྱའོ། གསུམ་པ་རླུང་སྦྱོར་ཡན་ལག་བཞི་ལྡན་གྱི་ངང་ནས་ལྟེ་བ་སྤྲུལ་པའི་འཁོར་ལོའི་ནང་དུ་མེ་མཉམ་གྱི་རླུང་མེ་དབལ་ཟུར་གསུམ་ལྟ་བུ་ལ་དམིགས་པ་གཏད་དེ། སྐྱིལ་ཀྲུང་གི་གསུས་པ་སྒལ་པར་རྡེབ་ཅིང་ལག་པ་གཉིས་རྐེད་པར་འཇུས་ལ་གཡས་སྐོར་ལྔ་གཡོན་སྐོར་ལྔ་རེ་བྱེད་དོ། བཞི་པ་རླུང་སྦྱོར་ཡན་ལག་བཞི་ལྡན་གྱི་ངང་ནས་ཡན་ལག་བཞིའི་རྩ་ཡི་ནང་དུ་ཁྱབ་བྱེད་ཀྱི་རླུང་ཉི་ཟེར་གྱེས་པ་ལྟ་བུ་ལ་དམིགས་པ་གཏད་དེ། དབང་པོ་ཡན་ལག་ཐམས་ཅད་བསྐུམ་ཞིང་ལག་གཉིས་རེ་མོས་རྩ་རྒྱུད་ལ་ཡར་བྱུག་མར་བྱུག་ལྔ་ལྔ་དང་། མདའ་འགེང་གཞུ་འགེང་དུ་བྱའོ། ལྔ་པ་རླུང་སྦྱོར་ཡན་ལག་བཞི་ལྡན་གྱི་ངང་ནས་གསང་གནས་ཐབས་ཤེས་འཁོར་ལོའི་ནང་དུ་ཐུལ་སེར་གྱི་རླུང་སྦུད་པ་ལྟ་བུ་ལ་དམིགས་པ་གཏད་དེ། འོག་སྒོ་གཉིས་དབྱེ་བཙུམ་དུ་བྱ་ཞིང་ལག་པ་གཉིས་པུས་མོ་གཡས་ལ་འཇུས་ལ་རྐེད་པ་འཁོར་ལོ་བཞིན་གཡས་སུ་ཐང་ལྔ་བསྐོར་བ་དང་། གཉིས་ཀ་གཡོན་ལ་འཇུས་ལ་ཐང་ལྔ་བསྐོར་བ་དང་། གཉིས་ཀ་ལ་འཇུས་ལ་བསྐྲུལ་བ་དེ་བཞིན་དུ་བྱའོ། དེ་དག་ཀྱང་རླུང་བཟུང་བ་དང་འཁོར་ལོ་ལྔ་ལ་དམིགས་པ་རེས་མོས་གཏད་པ་དང་། ལུས་སྦྱོང་གི་ཡན་ལག་དུས་གཅིག་ཏུ་བྱེད་པའོ། །དེས་དང་པོ་ལུས་ལ་དྲོད་སྐྱེ། དེ་ནས་སྣང་བ་འཆར་ཏེ། དང་པོ་སྨྲིག་རྒྱུ་ལྟ་བུ་འབྱུང་སྟེ་སའི་རླུང་ཟིན་པའོ། དེ་ནས་དུ་བ་ལྟ་བུ་འབྱུང་སྟེ་ཆུའི་རླུང་ཟིན་པའོ། །དེ་ནས་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང་སྟེ་མེའི་རླུང་ཟིན་པའོ།  ། དེ་ནས་མར་མེ་ལྟ་བུ་འབྱུང་སྟེ་རླུང་གི་རླུང་ཟིན་པའོ། །དེ་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འབྱུང་སྟེ་ནམ་མཁའི་རླུང་ཟིན་པའོ། དེ་ཡང་རྒྱུད་ལས། །གྱེན་རྒྱུ་མགྲིན་པའི་འཁོར་ལོ་ཡོངས་སུ་བསྐོར། །སྲོག་འཛིན་ཐུགས་གློད་ཞགས་འདེབས་སོར་མོ་བཀྲོལ། །མེ་མཉམ་གསུས་རྡེབ་རྐེད་པ་མགལ་མེ་བསྒྱུར། །ཁྱབ་བྱེད་ཀུན་བསྡམས་རྩ་བྱུག་མདའ་འགེང་བྱ། །ཐུར་སེལ་པུས་འཛིན་འོག་བསྡམ་རབ་ཏུ་བསྐུལ། །ལུས་སྦྱོང་རླུང་བཟུང་དམིགས་པ་གསུམ་འཛོམས་པས། །སྨྲིག་རྒྱུའི་འོད་འབྱིན་གཡུ་བུན་དུ་བ་འཕྱུར། །ཟེར་གྱི་མདའ་འབྱུང་གསལ་བའི་སྒྲོན་མེ་འདྲ། །སྤྲིན་མེད་ནམ་མཁའ་དག་པ་ཅི་བཞིན་དུ། །འབྱུང་ལྔའི་རླུང་ཟིན་རྟགས་སྣང་གསལ་བར་འཆར། །དེ་ལ་གོམས་པས་ཡེ་ཤེས་ལྔ་འབྱུང་ངོ་། །ཞེས་སོ།།

 ༧ བདུན་པ་འདྲེན་པ་སྒྲའི་གནད་ཀྱིས་རྩ་ལམ་སྦྱང་བ་ནི།

་་་་་་་་་བླ་མ་དགྱེས་པའི་འགྱིང་རིང་ཞེས་པ་ཧི་ཧིང་གིས་སྟོབས་བསྐྱེད། ཡི་དམ་འཛུམ་པའི་བསྡུས་འབོད་ཅེས་པ་ཧཱུ་ཧཱུཾ་གིས་གནད་ལ་དབབ། མཁའ་འགྲོ་འབོད་པའི་བརྡའ་སྐད་ཅེས་པ་ཧཱུཾ་ཧྲི་ཡིས་སྤར་འདོན་བྱེད་དོ། དེ་ཡང་རྩ་བའི་རླུང་ལྔས་ལུས་སྦྱོང་གི་བདེ་དྲོད་སྤར་བའི་སྐབས་སུ་རླུང་འཕེན་པའི་དུས་སུ་ཧི་ཧིང་དང་། ཧཱུ་ཧཱུཾ། ཧཱུཾ་ཧྲི་སོགས་གང་འདོད་ཀྱི་སྒྲ་སྐད་དང་སྦྱོར་དགོས་སོ།།

/

༧ བརྒྱད་པ་གཏུམ་མོའི་དམིགས་པ་ཏིང་འཛིན་གནད་ཀྱིས་རྩ་སྐྱོན་བསལ་བ་ནི། 

་་་་་་་་་་སྤྱིར་སེམས་ཀྱི་རྒྱལ་པོ་སྣ་ཚོགས་སུ་འཕྲོས་པས། རླུང་ཁྲིད་དེ་རླུང་སེམས་ལོག་པར་འཇུག་པ་ཡིན་པས་ན། དམིགས་པའི་རྟེན་གཅིག་ལ་བཟུང་པས་ལས་སུ་རུང་པར་འགྱུར་བའོ། །དེ་ཡང་རླུང་སྦྱོར་ཡན་ལག་བཞི་ལྡན་གྱི་ངང་ནས་ལྟེ་བའི་འོག་གྲུ་གསུམ་མེའི་དཀྱིལ་འཁོར་དུ། མཁའ་འགྲོ་མ་འདེགས་བྱེད་སྒྲོལ་མ། ཚད་པ་ཆེ་ན་ལྗང་ཁུ། གྲང་བ་ཆེ་ན་དམར་པོ། གྲི་ཁུག་དང་ཐོད་ཁྲག་ཅན། ཐབས་ཀྱི་ངོ་བོ་ཁ་ཏྲམ་ཀ་ལ་འཁྱུད་པ། དེ་ཡང་དམར་འབར་མེའི་རང་བཞིན་མོ་ཁབ་ཙམ་གཅིག་ལ་བློ་གཏད་དོ། །རྩ་དབུ་མའི་ནང་གི་དམིགས་པ་དེ་ཤིན་དུ་ཕྲ་ན་དྲོད་སྐྱེ་མྱུར་བ་ཡིན་ནོ། །དེ་ནི་དང་པོའི་དུས་སུ་བསྲུང་བར་འགྱུར་རོ། །དེ་ནས་གང་བདེ་ལ་སྤོས་ཀྱིན་བྱ་སྟེ། སེམས་བྱིང་རྒོད་ཆེ་ན་ཨ་དམར་པོ་ལ་གཏད། རྟོག་པ་མང་ན་ཐིག་ལེ་དཀར་པོ་ལ་གཏད། གྲང་བ་ཆེ་ན་མེའི་རྒྱུན་ལ་གཏད། དེ་ལས་སོགས་པ་གང་བདེ་བ་ལ་སྤོས་ཀྱིན་བྱའོ། །དེ་ནས་ཡེ་ཤེས་རྙེད་ནས་ཐེག་པ་ཆེན་པོའི་ངོ་བོ་ཉིད་ཀྱི་ངང་ལས་གཏུམ་མོ་བཟུང་པ་ཡིན་ནོ། །དེ་དག་ནི་དམིགས་པས་རླུང་སེམས་དབུ་མ་ལ་འཛུད་པར་བྱའོ།། རྒྱུད་ལས། ཏིང་འཛིན་གནད་ཀྱིས་རྩ་སྐྱོན་བསལ་བ་ནི། །སེམས་ཀྱི་རྟོག་པས་རླུང་ཁྲིད་ལོག་པར་འཇུག། འཁྲུལ་པའི་རྩ་ལམ་རྒྱུ་བ་དགག་པའི་ཕྱིར། །དང་པོའི་དུས་སུ་སྤྲུལ་སྐུའི་ཏིང་ངེ་འཛིན། །འདེགས་བྱེད་སྒྲོལ་མ་ཐབས་ཀྱི་ཁ་ཏྲམ་འཛིན། །སྐུ་རུ་བསྒོམ་པས་སྲུང་བའི་མཆོག་ཏུ་འགྱུར། །ལས་སུ་རུང་ནས་རྫོགས་སྐུའི་ཏིང་ངེ་འཛིན། །ཨ་དམར་ཐིག་ལེ་མེ་རྒྱུན་ཙཎྜ་ལི། །བྱིང་རྒོད་འཕྲོས་དང་ཚ་གྲང་གནད་ལ་བསྣུན། །རང་སེམས་ཐབས་དང་ཤེས་རབ་གང་འདོད་འབྱུང་། །ཡེ་ཤེས་རྙེད་ནས་བོན་སྐུའི་ཏིང་ངེ་འཛིན། །འོད་གསལ་སྟོང་ཉིད་མཁའ་ལྟར་དག་པའི་དོན། །རྣམ་གྲོལ་ཟབ་མོའི་ལམ་ལ་བགྲོད་པར་བྱ། ཞེས་སོ།།

 ༧ དགུ་པ་རྩ་རླུང་གཏུམ་མོའི་རྣལ་འབྱོར་ལ་བརྩོན་པའི་ཕན་ཡོན་ནི།

་་་་་་་་་་་་་རླུང་སྦྱོར་ཡན་ལག་བཞི་ལྡན་ལ་བསླབ་པའི་ཕན་ཡོན། རྩ་བའི་རླུང་ལྔས་ལུས་སྦྱོང་གི་བདེ་དྲོད་སྤར་བའི་ཕན་ཡོན། བདེ་སྟོང་ཡེ་ཤེས་སྐྱེ་བའི་ཐབས་གཏུམ་མོ་དམིགས་པའི་ཕན་ཡོན་དང་གསུམ་མོ།། དང་པོ་ནི། ལམ་མངོན་སངས་རྒྱས་པའི་རྒྱུད་ལས། སྔ་མའི་རླུང་རོ་ནད་དུག་བཏོང་བྱས་ནས། །སྦྱོར་བ་བཞི་ལྡན་བདེ་རླུང་བཟུང་བ་ནི། །ལྕགས་ཀྱུ་ལྟ་བུའི་རླུང་དབྱིབས་སྣ་ནས་རྔུབ། །དཀར་འཇམ་བསྙོམ་ལ་རིང་བ་སྲིན་བལ་འདྲ། །འཁོར་འདས་ཡོན་ཏན་མ་ལུས་སྡུད་པར་བྱེད། །ཆུ་རྒྱུན་ལྟ་བུའི་རླུང་དབྱིབས་རྩ་ལ་དབབ། །ཐབས་དང་ཤེས་རབ་འབྲེལ་པས་དབུ་མར་བསྟིམ།།བདེ་ཆེན་བྱང་སེམས་ཐིག་ལེ་རྒྱས་པར་བྱེད། །མེ་དཔུང་ལྟ་བུའི་རླུང་དབྱིབས་ལུས་ལ་བཟུང་། །སྟོབས་ཆེན་ཤུགས་དང་ལྡན་པས་དབུ་མར་གཞིལ། །ཡེ་ཤེས་བདེ་དྲོད་ནང་ནས་འབར་བར་བྱེད། །དུ་བ་ལྟ་བུའི་རླུང་དབྱིབས་སྤྱི་བོར་གཏོང་། །དོན་གྱི་མཆོད་པ་དབུ་མའི་བུ་གར་འདོན། །ནད་གདོན་སྒྲིབ་པ་མདའ་ལྟར་འཕེན་པར་བྱེད། །ཅེས་པའོ། གཉིས་པ་ནི། མི་ནུབ་ཐིག་ལེའི་འགྲེལ་ལས།  གྱེན་རྒྱུས་དབུགས་རྒྱུ་ཟས་མྱིད་སྨྲ་བར་བྱེད། །སྲོག་འཛིན་སྲོག་བཟུང་བློ་སྟོབས་འདོད་པ་བསྒྲུབ། །མེ་མཉམ་ཟས་འཇུ་དྲོད་བསྐྱེད་ལུས་ཀུན་གསོ། །ཁྱབ་བྱེད་ལུས་ཀུན་བྱ་བ་ཕལ་ཆེར་བྱེད། །ཐུར་སེལ་གཤང་ལྕི་ཐིག་ལེ་འབྱིན་སྡོམས་བྱེད། ཅེས་དང་། གྱེན་རྒྱུས་ཚངས་པའི་དབྱངས་མཛོད་རྡོལ་བར་བྱེད། །སྲོག་འཛིན་ཚེ་རིང་དྲན་པ་གསལ་བར་འགྱུར། །མེ་མཉམ་བདེ་དྲོད་འབར་ཞིང་ནད་རྣམས་སེལ། །ཁྱབ་བྱེད་རྫུ་འཕྲུལ་ཐོགས་ཆགས་མེད་པར་སྟོན། །ཐུར་སེལ་བདེ་བ་རྒྱས་ཤིང་རྩ་ཁ་དབྱེ། ཞེས་དང་། གྱེན་རྒྱུ་དབང་པོ་བསྐྱེད་ཅིང་མགོ་ནད་སེལ། །སྲོག་འཛིན་སྲོག་རྩོལ་བསྐྱེད་ཅིང་ཤེས་རིག་གསལ། །མེ་མཉམ་ཟས་བཞུ་ལུས་ཀྱི་ཟུང་ཀུན་བསྐྱེད། །ཁྱབ་བྱེད་ཡན་ལག་སྟོབས་འཕེལ་ལས་ཀུན་བྱེད། །ཐུར་སེལ་རོ་སྨད་ཀུན་འདེགས་སྦོས་འཁྲུགས་འདོན། ཞེས་དང་། གྱེན་རྒྱུ་འཕར་དང་རྒོད་འབྱིན་བོན་དབྱངས་སྒྲོགས། །སྲོག་འཛིན་དགའ་སྤྲོ་དང་བསྐྱེད་ཡེ་ཤེས་འབར། །མེ་མཉམ་བདེ་དྲོད་སྦར་འདོན་སྟོང་ཉིད་སྐྱེ། །ཁྱབ་བྱེད་ཐོགས་མེད་གྲུབ་རྟགས་སྣ་ཚོགས་འབྱིན། །ཐུར་སེལ་འབར་འཛགས་བདེ་ཆེན་ངང་ལ་སྦྱོར། ཞེས་དང་། གྱེན་ཟིན་འཕར་དང་མཁའ་ལྡིང་ལྷ་གནས་བགྲོད། །སྲོག་འཛིན་ཚེ་རིང་གྲོང་འཇུག་འདུ་འཕྲོ་བྱེད། །མེ་མཉམ་མེ་དང་ཆུ་ལ་འཇིགས་པ་མེད། །ཁྱབ་བྱེད་སྣ་ཚོགས་སྤྲུལ་བསྒྱུར་ལུས་སུ་སྟོན། །ཐུར་སེལ་ཆགས་ལམ་རྫུ་འཕྲུལ་ཞབས་དང་ལྡན། ཞེས་དང་། གྱེན་མེད་འཇིང་རིང་ཁ་ལྐུགས་དབང་པོ་ཉམས། །སྲོག་མེད་ཚེ་ཉམས་དྲན་པ་མི་གསལ་འཆི་བར་བྱེད། །མེ་མེད་ཟས་བཅུད་མི་བཞུ་འཁྲུ་སྐྱུག་སྦོས། །ཁྱབ་མེད་ལྡང་བར་མི་ནུས་ཡན་ལག་བཤལ། །ཐུར་མེད་གཅིན་འགག་རྡེལ་བཅས་རྟུག་འགག་འབྱུང་། ཞེས་གསུངས་སོ། གསུམ་པ་ནི། །ཐབས་མཆོག་རྒྱལ་པོ་ཐེག་པའི་རུ་ཤིང་འདི། །གསང་སྔགས་གསང་བ་མཆོག་གི་རྟ་ཕོ་ཡིན། །ཐེག་པ་ཆེན་པོ་ཉིད་ཀྱི་གཤོག་པ་སྟེ། །བསྒོམ་ཆེན་ཡང་དག་བྱེད་པའི་རུ་དར་རོ། །རི་ཁྲོད་དགོན་པར་གནས་པའི་ཕ་ནོར་ཏེ། །གཅིག་པུར་དབེན་ས་འཛིན་པའི་སྲོག་མཁར་བྱེད། །ནད་གདོན་བར་ཆོད་སྒྲོལ་བའི་མཚོན་ཆ་ལ། །རང་ལུས་བདེ་དྲོད་འབར་བའི་གོས་པོ་ཆེ། །བཅུད་ལེན་ནུས་པ་བསྐྱེད་པ་བདུད་རྩིའི་ཟས། །སྡུག་བསྔལ་འཁོར་བས་མི་ཐུབ་གོ་ཆ་བརྩན། །དབུ་མའི་རྩ་ཁ་འབྱེད་པའི་ལྡེ་མིག་ཡིན། །ཡེ་ཤེས་བདེ་རླུང་བསྐྱེད་པའི་གཡོབ་དར་ལ། །བྱང་སེམས་ཐིག་ལེ་རྒྱས་པའི་དམུ་ཡད་ཟས།།རང་རིག་ཡེ་ཤེས་གསལ་བའི་ཡི་གེ་མཆོག རྟོགས་པ་དྭངས་སྙིགས་འབྱེད་པ་སྲིད་པའི་རླུང་། །ཐར་པའི་སྦུག་གུ་སེལ་བའི་ཡི་དམ་ལྷ། །ཡོན་ཏན་བསམ་གྱིས་མི་ཁྱབ་ལམ་འདི་ཡིན། །ཞེས་ཡོན་ཏན་དུ་མ་ཡང་གསུངས་པའོ།།

་་་་་་་་་་་་༧ དེ་ལྟར་མ་རྒྱུད་རྩ་རླུང་འཕྲུལ་འཁོར་ཉིན་རེ་བཞིན་ཉམས་སུ་ལེན་ཚུལ་ནི། ཞོགས་པ་དང་དགོང་མོར་ཤིན་ཏུ་དབེན་པའི་གནས་སམ་ཁང་པ་གང་རུང་ལ་དགོངས་སྤྱོད་རྣམ་གསུམ་རྒྱས་བསྡུས་གང་ཅོག་ཚར་གཅིག་བྱ། དེ་ནས་གོང་དུ་བཤད་པའི་ལུས་གནད་དང་རྩ་བསྐྱེད་རླུང་བསྒོམ་རྣམས་ཚུལ་བཞིན་བྱ་ལ་དུག་རླུང་འབུད། དེ་ནས་རླུང་སྦྱོར་ཡན་ལག་བཞི་ལྡན་ཚར་གཅིག་བྱ། དེ་ནས་རྩ་བའི་རླུང་ལྔ་འཕྲུལ་འཁོར་དང་མཉམ་དུ་ཚར་རེ་བྱ། དེ་ནས་གཏུམ་མོའི་རླུང་སྦྱོར་ཚར་གསུམ་བྱ། སྡོམ་རླུང་ཁུག་དགུ་འགྲོ། ཉམས་སུ་ལེན་སྟངས་ནི། ལས་དང་པོ་བ་རྣམས་ཀྱིས་ཞི་དལ་གྱི་སྒོ་ནས་བརྩོན་ཞིང་། ཅུང་ཟད་གོམས་པ་དང་ཡུན་རིང་ཞིང་ལུས་སེམས་ཤུགས་དྲག་གི་སྒོ་ནས་ཉམས་སུ་བླངས་ན་ཕན་སྟོབས་ཆེ། དེ་ལྟར་རླུང་སྦྱོར་ཡན་ལག་བཞི་ཚང་བའི་སྒོ་ནས་རླུང་ཁུག་དགུ་ཚར་ནས་མ་མཐའ་སྐར་མ་བཅོ་ལྔ་ཙམ་གྱི་རིང་ལ་རིག་པ་མ་བཅོས་པའི་ངང་སྐྱོང་དགོས། དེའི་ཚུལ་གྲོལ་ལམ་རིན་ཆེན་འཕུར་རྐྱེན་ལས་བསླབ་པར་བྱའོ། དེ་ལྟར་རླུང་སྦྱོར་དང་འཕྲུལ་འཁོར་རྣམས་རྒྱུན་དུ་ཚུལ་བཞིན་ཉམས་སུ་བླངས་ན་གོང་དུ་རླུང་སྦྱོར་རང་རང་གི་ཕན་ཡོན་བྱེ་བྲག་ཏུ་བཤད་པས་རྟོགས་ནུས།། སྤྱིར་མ་རྒྱུད་ཀྱི་རྩ་རླུང་གཏུམ་མོའི་ཕན་ཡོན་ནི། སྒོམ་གྱི་གེག་བྱིང་རྒོད་རྨུག་གསུམ་རང་ཤུགས་ཀྱིས་བསལ་ཞིང་རིག་པའི་དྭངས་ཆ་སྤྲིན་མེད་མཁའ་ལ་ཉི་ཤར་བཞིན་ཤིན་ཏུ་གསལ་བར་འདྲེན་ནུས་པས་རིག་ལམ་རྩ་ལ་སྦྱངས་པས་ལམ་ལ་གོལ་ས་མེད་ཅེས་པའི་དོན་ཚང་། སྒོམ་ཉམས་ལེན་གང་བྱས་ཀྱང་སེམས་ཤིན་ཏུ་བརྟན་པོ་ཡོང་བས་ཉམས་ལེན་གྱི་འཕེལ་སྟོབས་ཀྱང་རབ་ཏུ་ཆེ། རིག་པའི་ཡེ་ཤེས་ཀྱི་ཉམས་ལེན་མི་ཤེས་པ་དག་གིས་ཀྱང་རླུང་སྦྱོར་དང་ལུས་སྦྱོང་འདི་ལྟར་བརྩོན་ན་སེམས་འཁྲུགས་པ་དང་། ཚུལ་མིན་གྱི་རྣམ་རྟོག་དང་། ཞེ་སྡང་། ཁོང་ཁྲོ། གློ་བུར་གྱི་དངངས་སྐྲག །སེམས་ནད་སོགས་ཀུན་སེལ་ནས་སེམས་ལ་ཞི་བདེ་འདྲེན་པ་དང་། ལུས་ལ་ན་ཚའི་རིགས་ཐ་དག་སྔོན་འགོག་བྱེད་ནུས། སྙིང་དང་གློ་བ་མཁལ་མ་མཆིན་པ་མཚེར་པ་སོགས་དོན་སྣོད་ཚང་མའི་ནུས་པ་སླར་གསོ་ཐུབ། ཕོ་བའི་མེ་དྲོད་གསོ་ཞིང་ཟས་ཀྱི་འཇུ་སྟོབས་ཆེ། ནད་འགོག་གི་ནུས་ཤུགས་རྒྱས་ཞིང་ཆམ་པ་སོགས་འགོ་ནད་ཀུན་སྔོན་འགོག་ཐུབ། ནད་པ་རྣམས་ཀྱིས་རླུང་སྦྱོར་འདི་ལྟར་ཉམས་སུ་བླངས་ན་ཕོ་ནད་དང་མཆིན་ནད་སོགས་དོན་སྣོད་ཀྱི་ནད་ཀུན་སེལ་ནུས། དེ་ཡང་མི་ནུབ་ཐིག་ལེའི་འགྲེལ་ལས། ནད་ཀྱིས་གདུང་བ་ལ་རླུང་གི་བཅིང་བཀྲོལ་གྱིས་ནད་དངོས་སུ་སེལ་བས། གསོ་བ་རིག་པ་བས་ཁྱད་དུ་འཕགས་པ་དང་། གདོན་གྱིས་ཉེན་པ་ལ་ཡེ་ཤེས་ཀྱི་གཏུམ་མོས་གནོད་བྱེད་དངོས་སུ་བསྒྲོལ་བས་ན་ནང་རིག་པ་བས་ཁྱད་པར་འཕགས་པ་དང་། རྟེན་ཅིང་འབྲེལ་བའི་འཁྲུལ་འཁོར་གྱི་བདེན་པས། སྡུག་བསྔལ་དངོས་སུ་སེལ་བས་ཀུན་རྫོབ་བདེན་པ་བས་ཁྱད་དུ་འཕགས་པ་དང་། གཏུམ་མོ་ལས་ཀྱི་ཕྱག་རྒྱས་ལས་ངན་དངོས་སུ་འདེད་པས་འདུས་བྱས་དགེ་བ་བས་ཁྱད་དུ་འཕགས་པ་དང་། འདི་དང་ལྡན་ན་ཉོན་མོངས་པ་ཐལ་བ་རླུང་གི་འདེད་པ་དང་འདྲ་བས། ཡེ་ཤེས་ཀྱི་ཚོགས་རྫོགས་པས་བསྟན་པ་སྐྱོང་བ་ཡང་འདི་ཁོ་ནའོ།། ཞེས་བཤད་པ་ཡིན་ནོ། དེ་ལྟར་རླུང་སྦྱོར་འདི་ནི་ལུས་སེམས་བདེ་བར་གནས་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་པ་མ་ཟད་ཚེ་སྒྲུབ་པ་ཡང་འདི་ལས་ལྷག་ཅིག་མེད་དེ། ཞང་ཞང་སྙན་རྒྱུད་ཀྱི་བླ་མ་རྟོག་མེད་ཞིག་པོའི་ཞལ་ནས།ཐུན་མོང་ཡོན་ཏན་ནི། བང་མགྱོགས་སྟོབས་ལྡན་དྲོད་འབར་ཚེ་ལོ་ལོག་འགྱུར་ཐུབ། ཅེས་གསུངས་པས། ཤེས་ལྡན་རྣམས་ཀྱིས་རྩ་རླུང་སྦྱངས་བའི་ཕན་ཡོན་ལ་བསམ་ནས་ཚུལ་བཞིན་ཉམས་སུ་བླངས་ན་གནས་སྐབས་ཀྱི་བདེ་སྐྱིད་ཐམས་ཅད་ཀྱི་འབྱུང་ཁུངས་དང་། དགེ་བ་དང་ཉམས་ལེན་གང་བྱས་ནུས་སྟོབས་ཤིན་ཏུ་ཆེ་བས་ཕྱི་མར་ཡང་ཕན་ཐོག་རབ་ཏུ་ཆེ་བར་ཤེས་པར་བྱའོ།།

༧ མ་རྒྱུད་གདམས་པ་རྒྱ་མཚོ་ལྟ་བུ་ལས། །

ཆུ་ཐིགས་ཙམ་ཞིག་ཀུན་སློང་དག་པས་བཀོད། །

དལ་འབྱོར་མི་ཚེ་ཡིད་བཞིན་ནོར་ལས་ལྷག །

དེ་ཉིད་དོན་ལྡན་བྱེད་པའི་ཐབས་མཆོག་ཉིད། །

༧ ཀུན་ལ་དགོས་པའི་བདེ་ཐང་ལོངས་སྤྱོད་དང་། །

ཚེ་རིང་ནད་མེད་སྐྱིད་པའི་དཔལ་ལ་རོལ། །

དེ་དག་ཚུལ་ལྡན་འདོད་ན་ཐབས་འདིར་བརྩོན། །

་་་་་་་་་་་ཞེས་པ་འདི་ནི་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་ནང་ནས་མི་ནུབ་ཐིག་ལེ་དང་འབྱུང་བའི་ཐིག་ལེ་གཉིས་ཀྱི་རྩ་འགྲེལ་རྣམས་སུ་ཇི་ལྟར་གསུང་པ་ལྟར་སྤྱི་ཚོགས་ནང་དུ་ཉིན་རེའི་འཚོ་བའི་དགོས་མཁོ་ལ་དམིགས་ཏེ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་གྱིས་འཚོ་བའི་སྒོམ་གྲྭའི་མཁན་མིང་འཛིན་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་རྒྱ་གར་རྒྱལ་ས་ལྡི་ལིར་སྤྱི་ལོ་༢༠༡༧ཟླ་བ་༡༠ཚེས་༧-༨ཉིན་བྲིས།།

D0A7E74D-5393-40CD-B910-ADFD40449E5E

གསང་སྔགས་མ་རྒྱུད་རྩ་རླུང་གཏུམ་མོའི་ལག་ལེན་གྱི་མཆན་འགྲེལ་བཞུགས།

 

་་་་་་་་་་་་་་བཅའ་བ་ལུས་གནད་ཀྱི་སྐབས་སུ་ཞབས་གཉིས་གཡུང་དྲུང་གི་སྐྱིལ་ཀྲུང་བྱས་ལ་ཕྱག་གཉིས་ཀྱི་མཐེབ་ཆེན་གྱིས་སྲིན་མཛུག་གི་རྩ་བར་མནན་ནས་ལྟེ་འོག་ཏུ་གཡས་པ་འོག་དང་གཡོན་པ་སྟེང་དུ་ཕྱུང་ལ་མཉམ་བཞག་བྱ། བསྐྱེད་པ་རྩ་གནད་ཀྱི་སྐབས་སུ་རྩ་དབུ་མ་མཐིང་གསལ་ནམ་མཁའ་དྭངས་བའི་མདོག་ལྟར་མར་སྣེ་གསང་གནས་སུ་ཟུག་པ། དེའི་སྦོམ་ཐུང་གི་ཚད་ནི། གསང་གནས་ནས་སྙིང་ཁའི་བར་དུ་མདའ་སྨྱུག་སྦོམ་འདྲའི་ཚད་ཙམ་དང་དེ་ནས་ཇེ་ཆེར་སོང་ནས་ ཡར་སྣེ་སྤྱི་བོ་ནས་ཁ་ཆེར་གདང་བ། རྩ་དབུ་མའི་མར་སྣེ་ནས་རྩ་གཡས་དཀར་ཤེལ་དཀར་གྱི་མདོག་དང་གཡོས་དམར་བྱུར་དམར་གྱི་མདོག་ལྟར་མདའ་སྨྱུག་འབྲིང་པོའི་ཚད་ཙམ་གཉིས་སུ་གྱེས་ནས་ཡར་སོང་སྟེ་རྩ་གཡས་དཀར་སྤྱི་བོའི་རྩ་འཁོར་གྱི་ཐད་ཀ་ནས་རྩ་དབུ་མའི་རྒྱབ་ནས་གཡོན་ཕྱོགས་སུ་བསྐོར་ནས་དེའི་མདུན་ནས་གཡས་ཕྱོགས་སུ་སོང་སྟེ་ སྨིན་མཚམས་གཡས་ནས་མར་གུག་སྟེ་སྣ་བུག་གཡས་ལ་ཟུག །གཡོན་དམར་རྩ་དབུ་མའི་རྒྱབ་ནས་གཡས་ཕྱོགས་སུ་བསྐོར་ནས་དེའི་མདུན་ནས་གཡོན་ཕྱོགས་སུ་སོང་སྟེ་སྨིན་མཚམས་གཡོན་ནས་མར་གུག་སྟེ་སྣ་བུག་གཡོན་ལ་ཟུག་པའོ། དེ་ཡང་གཡོན་དམར་སྟེང་དང་གཡས་དཀར་འོག་ཏུ་བྱས་ལ་རྩ་དབུ་མའི་རྒྱབ་དང་མདུན་ན་བསྣོལ་བར་བྱའོ། དབུ་མའི་ནང་གི་རྩ་འཁོར་རྣམས་ཀྱི་དབྱིབས་འཁོར་ལོ་ལྟར་དང་རྩ་འདབ་རྣམས་མེ་ཏོག་གི་འདབ་མ་ལྟར་ཕྱིར་གྱེས་པའོ།།

་་་་་་་་་་དུག་རླུང་འབུད་པའི་སྐབས་སུ་ལག་པའི་ཐེ་འོང་སྲིན་ལག་གི་རྩ་བར་བཞག་ལ་སྲིན་མཛུབ་གཡོན་པས་སྣ་བུག་གཡས་པ་མནན་ལ་སྣ་བུག་གཡོན་པ་ནས་རླུང་རྔུབ། དེ་ནས་སྲིན་མཛུབ་གཡོན་པས་སྣ་བུག་གཡོན་པ་མནན་ལ་སྣ་བུག་གཡས་པ་ནས་རླུང་འབུད། ཡང་སྲིན་མཛུབ་གཡས་པས་སྣ་བུག་གཡོན་པ་མནན་ལ་སྣ་བུག་གཡས་པ་ནས་རླུང་རྔུབ། དེ་ནས་སྲིན་འཛུབ་གཡས་པས་སྣ་བུག་གཡས་པ་མནན་ལ་སྣ་བུག་གཡོན་པ་ནས་རླུང་འབུད། ཡང་སྣ་བུག་གཉིས་ཀ་ནས་རྔུབ་ནས་གཉིས་ཀ་ནས་འབུད། དམིགས་པས་རླུང་རྩ་གཡས་གཡོན་གཉིས་ཀྱི་ནང་ནས་དབུ་མའི་ནང་དུ་འཛུལ་ནས་སྤྱི་བོ་ནས་ཕྱིར་ཐོན་པར་བསམ། རླུང་སྦྱོར་ཡན་ལག་བཞི་ལྡན་གྱི་སྐབས་སུ་སྣ་བུག་གཡས་གཡོན་གཉིས་ནས་འཇམ་ལ་རིང་བའི་རླུང་ལྕགས་ཀྱུ་བཞིན་དུ་རྔུབ། དམིགས་པས་དབུ་མའི་ནང་དུ་རླུང་གིས་གང་བར་བསམ་ལ་དེ་ལ་སེམས་རྩེ་གཅིག་ཏུ་གཏད་ལ་རླུང་གང་ཐུབ་ཐུབ་བར་དུ་བཟུང་ལ་མནན། རླུང་མི་ཐུབ་པའི་དུས་སུ་སྣ་བུག་གཉིས་ནས་རྔུབ་ཆུང་བྱས་ལ་མནན། དེ་འདྲ་ལན་གསུམ་བར་དུ་བྱ། མཐར་རླུང་བཟུང་མི་ཐུབ་པའི་དུས་སུ་སྣ་བུག་གཉིས་ནས་ཤད་ཀྱིས་རླུང་འཇམ་ལ་རིང་བར་གཏོང་ཞིང་དེ་ནས་དྲག་ཏུ་རིང་བར་བྱ་ལ་གཏོང་། དམིགས་པས་དབུ་མའི་ནང་ནས་ཕྱིར་དུ་བ་ལྟར་སྔོ་ཕྱུ་རུ་རུ་ཐོན་པར་བསམ། ནང་རླུང་ལྷག་མ་མེད་པར་ཕྱིར་སོང་མ་ཐག་ནས་སྣ་བུག་གཉིས་ནས་རླུང་རྔུབ་ཆུང་དུ་བྱས་ལ་དམིགས་པས་དབུ་མར་བསྟིམ།

0

་་་་་་་་་་རྩ་བའི་རླུང་ལྔས་ལུས་སྦྱོང་གི་བདེ་དྲོད་སྤར་བའི་སྐབས་སུ་དང་པོ་གྱེན་རྒྱུའི་རླུང་སྦྱོར་ལ། སྣ་བུག་གཉིས་ནས་རླུང་གོང་ལྟར་རྔུབ་ལ་རྩ་གཡས་གཡོན་ནང་ནས་སོང་སྟེ་དབུ་མའི་ནང་དུ་ལྷུད་ཀྱིས་གང་བར་བསམ། དེ་ནས་མགྲིན་པའི་འཁོར་ལོའི་དབུས་སུ་གྱེན་རྒྱུའི་རླུང་གདུགས་ལྟ་བུ་དེ་ལ་དམིགས་པ་དྲག་ཏུ་གཏད་ལ་རླུང་གང་ཐུབ་ཐུབ་བར་དུ་བཟུང་ལ་མནན། མི་ཐུབ་པའི་དུས་སུ་རྔུབ་ཆུང་དུ་བྱས་ལ་སྐེ་གཡས་སུ་ལན་ལྔ་བསྐོར། དེ་ནས་གཡོན་དུ་ལན་ལྔ་བསྐོར། དེ་ནས་མདུན་དུ་ཡར་མར་ལན་ལྔ་སྒྱེ་རྒུར་བྱ།མཐར་རླུང་མི་ཐུབ་པའི་དུས་སུ་སྣ་བུག་གཉིས་ནས་ཤད་ཀྱིས་ཕྱིར་འཇམ་རིང་ནས་དྲག་ཏུ་རིང་བར་གཏོང་ལ་དམིགས་པས་དབུ་མའི་ནང་ནས་དུ་བ་ལྟར་སྔོ་ཕྱུ་རུ་རུ་ཕྱིར་ཐོན་པར་བསམ། རླུང་འཕེན་པའི་དུས་སུ་ཧི་ཧིང་དང་། ཧཱུ་ཧཱུཾ། ཧཱུཾ་ཧྲི་སོགས་གང་འདོད་ཀྱི་སྒྲ་སྐད་དྲག་ལ་སྦོམ་པས་འཕེན། ནང་རླུང་ཕྱི་རུ་སོང་མ་ཐག་ནས་སྣ་བུག་གཉིས་ནས་རླུང་རྔུབ་ཆུང་དུ་བྱས་ལ་དམིགས་པས་དབུ་མར་བསྟིམ།

་་་་་་་་་་་གཉིས་པ་སྲོག་འཛིན་གྱི་རླུང་སྦྱོར་ལ་སྣ་བུག་གཉིས་ནས་རླུང་གོང་ལྟར་རྔུབ་ལ་རྩ་གཡས་གཡོན་ནང་ནས་སོང་སྟེ་དབུ་མའི་ནང་དུ་ལྷུད་ཀྱིས་གང་བར་བསམ། དེ་ནས་སྙིང་ཁའི་འཁོར་ལོའི་དབུས་སུ་སྲོག་འཛིན་གྱི་རླུང་ནོར་བུ་ལྟ་བུ་དེ་ལ་དམིགས་པ་དྲག་ཏུ་གཏད་ལ་རླུང་གང་ཐུབ་ཐུབ་བར་དུ་བཟུང་ལ་མནན། མི་ཐུབ་པའི་དུས་སུ་རྔུབ་ཆུང་དུ་བྱས་ལ་རོ་སྟོད་དུ་ཤད་དགང་བཞིན་ལག་པ་གཡས་པས་རྡོ་རྗེ་ཁུ་ཚུར་བཅངས་ནས་ཞགས་པ་འཕེན་པ་ལྟར་དང་། སོར་མོ་དགྲོལ་བ་དེ་འདྲ་ལན་ལྔ་དང་། གཡོན་པས་ཀྱང་དེ་བཞིན་ལྔ་བྱ། དེ་ནས་ལག་གཉིས་རྡོ་རྗེ་ཁུ་ཚུལ་བཅངས་བཞིན་བརླ་རྩའི་ཐོག་ཏུ་བཞག་ལ་རོ་སྟོད་གཡས་བསྐྲུལ་ལྔ་གཡོན་བསྐྲུལ་ལྔ་བྱའོ། མཐར་རླུང་མི་ཐུབ་པའི་དུས་སུ་སྣ་བུག་གཉིས་ནས་ཤད་ཀྱིས་ཕྱིར་འཇམ་རིང་ནས་དྲག་ཏུ་རིང་བར་གཏོང་ལ་དམིགས་པས་དབུ་མའི་ནང་ནས་དུ་བ་ལྟར་སྔོ་ཕྱུ་རུ་རུ་ཕྱིར་ཐོན་པར་བསམ། རླུང་འཕེན་པའི་དུས་སུ་ཧི་ཧིང་དང་། ཧཱུ་ཧཱུཾ། ཧཱུཾ་ཧྲི་སོགས་གང་འདོད་ཀྱི་སྒྲ་སྐད་དྲག་ལ་སྦོམ་པས་འཕེན། ནང་རླུང་ཕྱི་རུ་སོང་མ་ཐག་ནས་སྣ་བུག་གཉིས་ནས་རླུང་རྔུབ་ཆུང་དུ་བྱས་ལ་དམིགས་པས་དབུ་མར་བསྟིམ།

་་་་་་་་་་་གསུམ་པ་མེ་མཉམ་གྱི་རླུང་སྦྱོར་ལ་སྣ་བུག་གཉིས་ནས་རླུང་གོང་ལྟར་རྔུབ་ལ་རྩ་གཡས་གཡོན་ནང་ནས་སོང་སྟེ་དབུ་མའི་ནང་དུ་ལྷུད་ཀྱིས་གང་བར་བསམ། དེ་ནས་ལྟེ་བའི་འཁོར་ལོའི་དབུས་སུ་མེ་མཉམ་གྱི་རླུང་མེ་དབལ་ཟུར་གསུམ་ལྟ་བུ་དེ་ལ་དམིགས་པ་དྲག་ཏུ་གཏད་ལ་རླུང་གང་ཐུབ་ཐུབ་བར་དུ་བཟུང་ལ་མནན། མི་ཐུབ་པའི་དུས་སུ་རྔུབ་ཆུང་དུ་བྱས་ལ་ ལག་པ་གཉིས་ཀྱིས་རྐེད་པ་གཡས་གཡོན་ལ་འཇུས་ལ་ གསུས་པ་སྒལ་པར་རྡེབ་བཞིན་གཡས་སྐོར་ལྔ་གཡོན་སྐོར་ལྔ་དང་། དེ་ནས་གསུས་པ་རྒྱབ་ཕྱོགས་སུ་ཕར་འཐེན་པ་དང་མདུན་ཕྱོགས་སུ་ཚུར་འཕུལ་བ་ལན་ལྔ་རེ་བྱ། མཐར་རླུང་བཟུང་མི་ཐུབ་པའི་དུས་སུ་སྣ་བུག་གཉིས་ནས་ཤད་ཀྱིས་ཕྱིར་འཇམ་རིང་ནས་དྲག་ཏུ་རིང་བར་གཏོང་ལ་དམིགས་པས་དབུ་མའི་ནང་ནས་དུ་བ་ལྟར་སྔོ་ཕྱུ་རུ་རུ་ཕྱིར་ཐོན་པར་བསམ། རླུང་འཕེན་པའི་དུས་སུ་ཧི་ཧིང་དང་། ཧཱུ་ཧཱུཾ། ཧཱུཾ་ཧྲི་སོགས་གང་འདོད་ཀྱི་སྒྲ་སྐད་དྲག་ལ་སྦོམ་པས་འཕེན། ནང་རླུང་ཕྱི་རུ་སོང་མ་ཐག་ནས་སྣ་བུག་གཉིས་ནས་རླུང་རྔུབ་ཆུང་དུ་བྱས་ལ་དམིགས་པས་དབུ་མར་བསྟིམ།

་་་་་་་་་་་་བཞི་པ་ཁྱབ་བྱེད་ཀྱི་རླུང་སྦྱོར་ལ་སྣ་བུག་གཉིས་ནས་གོང་ལྟར་རླུང་རྔུབ་ལ་རྩ་གཡས་གཡོན་ནང་ནས་སོང་སྟེ་དབུ་མའི་ནང་དུ་ལྷུད་ཀྱིས་གང་བར་བསམ་ལ་རྐང་པའི་མཛུག་མོ་ནང་དུ་ཤུགས་ཀྱིས་བཀུག་ལ་ལག་པ་རྡོ་རྗེ་ཁུ་ཚུར་དྲག་ཏུ་སྡོམ་བཞིན་ཡན་ལག་བཞིའི་རྩ་ཡི་ནང་དུ་ཁྱབ་བྱེད་ཀྱི་རླུང་ཉི་ཟེར་གྱེས་པ་ལྟ་བུ་དེ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ལ་རླུང་གང་ཐུབ་ཐུབ་བར་དུ་བཟུང་ལ་མནན། མི་ཐུབ་པའི་དུས་སུ་རྔུབ་ཆུང་དུ་བྱས་ལ་ལག་པ་གཡས་པས་ལག་པ་གཡོན་གྱི་རྩ་རྒྱུད་ལ་ཡར་བྱུག་མར་བྱུག་ལན་ལྔ་ལྔ་དང་། དེ་བཞིན་གཡོན་གྱིས་གཡས་ཀྱི་རྩ་རྒྱུད་ལ་ཡར་བྱུག་མར་བྱུག་ལྔ་ལྔ་བྱ། དེ་ནས་ལག་པ་གཡས་གཡོན་གཉིས་ཀྱིས་རྐང་པའི་རྩ་རྒྱུད་ལ་ཡར་བྱུག་མར་བྱུག་ལྔ་ལྔ་བྱ། དེ་ནས་མདའ་འགེང་གཞུ་འགེང་བྱ་སྟེ་རོ་སྟོད་གྱེན་དུ་བསྲིངས་བཞིན་དང་པོ་ལག་པ་གཡས་ཀྱིས་མདའ་འཕེན་པའི་ཚུལ་དང་གཡོན་པས་གཞུ་བཀང་ཚུལ་ལན་ལྔ་དང་། དེ་ནས་གཡོན་གྱིས་མདའ་འཕེན་ཚུལ་དང་གཡས་ཀྱིས་གཞུ་བཀང་ཚུལ་ལན་ལྔ་བྱའོ། མཐར་རླུང་བཟུང་མི་ཐུབ་པའི་དུས་སུ་སྣ་བུག་གཉིས་ནས་ཤད་ཀྱིས་ཕྱིར་འཇམ་རིང་ནས་དྲག་ཏུ་རིང་བར་གཏོང་ལ་དམིགས་པས་དབུ་མའི་ནང་ནས་དུ་བ་ལྟར་སྔོ་ཕྱུ་རུ་རུ་ཕྱིར་ཐོན་པར་བསམ། རླུང་འཕེན་པའི་དུས་སུ་ཧི་ཧིང་དང་། ཧཱུ་ཧཱུཾ། ཧཱུཾ་ཧྲི་སོགས་གང་འདོད་ཀྱི་སྒྲ་སྐད་དྲག་ལ་སྦོམ་པས་འཕེན། ནང་རླུང་ཕྱི་རུ་སོང་མ་ཐག་ནས་སྣ་བུག་གཉིས་ནས་རླུང་རྔུབ་ཆུང་དུ་བྱས་ལ་དམིགས་པས་དབུ་མར་བསྟིམ།

་་་་་་་་་་་ལྔ་པ་ཐུར་སེལ་གྱི་རླུང་སྦྱོར་ལ་སྣ་བུག་གཉིས་ནས་རླུང་གོང་ལྟར་རྔུབ་ལ་རྩ་གཡས་གཡོན་ནང་ནས་སོང་སྟེ་དབུ་མའི་ནང་དུ་ལྷུད་ཀྱིས་གང་བར་བསམ། དེ་ནས་གསང་གནས་ཀྱི་འཁོར་ལོའི་དབུས་སུ་ཐུལ་སེར་གྱི་རླུང་སྦུད་པ་ལྟ་བུ་དེ་ལ་དམིགས་པ་དྲག་ཏུ་གཏད་ལ་རླུང་གང་ཐུབ་ཐུབ་བར་དུ་བཟུང་ལ་མནན། མི་ཐུབ་པའི་དུས་སུ་རྔུབ་ཆུང་དུ་བྱས་ལ་རོ་སྨད་དུ་ཤད་དགང་བཞིན་འོག་སྒོ་གཉིས་དབྱེ་བཙུམ་དྲག་ཏུ་བྱ་ཞིང་ལག་པ་གཉིས་ཀྱིས་པུས་མོ་གཡས་ལ་འཇུས་ལ་རྐེད་པ་འཁོར་ལོ་བཞིན་གཡས་སུ་ཕྱིར་ལ་བསྐོར་བ་ལན་ལྔ། གཉིས་ཀས་གཡོན་ལ་འཇུས་ལ་གཡོན་དུ་ཕྱིར་ལ་བསྐོར་བ་ལན་ལྔ། གཉིས་ཀ་ལ་འཇུས་ལ་གཡས་ནས་ནང་དུ་བསྐོར་བ་ལན་ལྔ་དང་གཡོན་ནས་ནང་དུ་བསྐོར་བ་ལན་ལྔ་བྱའོ། མཐར་རླུང་བཟུང་མི་ཐུབ་པའི་དུས་སུ་སྣ་བུག་གཉིས་ནས་ཤད་ཀྱིས་ཕྱིར་འཇམ་རིང་ནས་དྲག་ཏུ་རིང་བར་གཏོང་ལ་དམིགས་པས་དབུ་མའི་ནང་ནས་དུ་བ་ལྟར་སྔོ་ཕྱུ་རུ་རུ་ཕྱིར་ཐོན་པར་བསམ། རླུང་འཕེན་པའི་དུས་སུ་ཧི་ཧིང་དང་། ཧཱུ་ཧཱུཾ།ཧཱུཾ་ཧྲི་སོགས་གང་འདོད་ཀྱི་སྒྲ་སྐད་དྲག་ལ་སྦོམ་པས་འཕེན། ནང་རླུང་ཕྱི་རུ་སོང་མ་ཐག་ནས་སྣ་བུག་གཉིས་ནས་རླུང་རྔུབ་ཆུང་དུ་བྱས་ལ་དམིགས་པས་དབུ་མར་བསྟིམ།

0-5

་་་་་་་་་་་གཏུམ་མོའི་དམིགས་པའི་སྐབས་སུ་དབུ་མའི་མར་སྣེའི་ནང་རྩ་གསུམ་གྱི་འདུས་མདོ་ལ་ཤིན་ཏུ་ཚ་བའི་མེ་གྲུ་གསུམ་ལེབ་མོ་ཞིག་སྒོམ། དེའི་སྟེང་དུ་པདྨ་ཉི་ཟླའི་གདན་ལ་མཁའ་འགྲོ་མ་འདེགས་བྱེད་སྒྲོལ་མ་སྐུ་མདོག་སྤྱིར་ལྗང་ཁུ་ཡིན་ཡང་སྐབས་འདིར་དམར་འབར་མེ་ཡི་རང་བཞིན། ཐོད་སྐམ་ལྔ་ཡི་དབུ་རྒྱན་སོགས་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས་པ། གྲི་ཁུག་དང་ཐོད་ཁྲག་ཅན། ཐབས་ཀྱི་ངོ་བོ་ཁ་ཏྲམ་ཀ་གྲུ་མོ་གཡོན་པའི་ཁུད་དུ་འཁྱུད་པ། མེ་རི་འབར་བའི་དབུས་སུ་མཁའ་འགྲོའི་གར་སྟབས་སུ་གཞེངས་པ་གསལ་བར་སྒོམ། དེ་ནས་སྣ་བུག་གཡས་གཡོན་གཉིས་ནས་རླུང་གོང་ལྟར་རྔུབ་ནས་དབུ་མའི་ནང་དུ་རླུང་གིས་གང་བར་བསམ་ལ་གོང་གི་ཚ་དབལ་ཅན་གྱི་མཁའ་འགྲོ་མེ་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཏད་ལ་རླུང་གང་ཐུབ་ཐུབ་བར་དུ་བཟུང་ལ་མནན། རླུང་མི་ཐུབ་པའི་དུས་སུ་སྣ་བུག་གཉིས་ནས་རྔུབ་ཆུང་བྱས་ལ་མནན། དེ་ལྟར་རླུང་གཞིལ་བ་ལན་གསུམ་བར་དུ་བྱ། མཐར་རླུང་བཟུང་མི་ཐུབ་པའི་དུས་སུ་སྣ་བུག་གཉིས་ནས་ཤད་ཀྱིས་ཕྱིར་འཇམ་རིང་ནས་དྲག་ཏུ་རིང་བས་གཏོང་ལ་དམིགས་པས་དབུ་མའི་ནང་ནས་ཕྱིར་དུ་བ་ལྟར་སྔོ་ཕྱུ་རུ་རུ་ཐོན་པར་བསམ། ནང་གི་རླུང་ལྷག་མ་མེད་པར་ཕྱིར་སོང་མ་ཐག་ནས་སྣ་བུག་གཉིས་ནས་རླུང་རྔུབ་ཆུང་དུ་བྱས་ལ་དམིགས་པས་དབུ་མར་བསྟིམ། དེ་རླུང་ཁུག་པ་གཅིག་ཡིན། དེ་ལྟར་རླུང་ཁུག་ལན་གསུམ་མམ་ལྔའམ་བདུན་ནམ་དགུའམ་བཅུ་གཅིག་གམ་བཅུ་གསུམ་མམ་བཅོ་ལྔའམ་བཅུ་བདུན་ནམ་བཅུ་དགུའམ་ཉེར་གཅིག་བར་དུ་གང་འདོད་དུ་བྱའོ། རླུང་ཁུག་གྲངས་གང་འདོད་དུ་ཚར་ནས་གོང་གི་འཕྲུལ་འཁོར་རྣམས་སྟབས་གཅིག་ཏུ་ཚར་རེ་བྱས་ན་ཕན་སྟོབས་ཤིན་ཏུ་ཆེ་བས། དེ་ཡང་ཐོག་མར་ཚ་དབལ་ཅན་གྱི་མཁའ་འགྲོ་མེ་དང་བཅས་པ་ལ་དམིགས་པ་དྲག་ཏུ་གཏོད་བཞིན་གྱེན་རྒྱུའི་འཕྲུལ་འཁོར་བྱ་བ་ནི། སྣ་བུག་གཉིས་ནས་རླུང་དྲག་ཏུ་རིང་བར་རྔུབ་ནས་དེ་མ་ཐག་སྐེ་གཡས་སུ་ལན་ལྔ། གཡོན་དུ་ལན་ལྔ་བསྐོར། མདུན་དུ་ཡར་མར་ལན་ལྔ་སྒྱེ་རྒུར་བྱ། དེ་ཚར་མ་ཐག་སྣ་བུག་གཉིས་ནས་རླུང་ཤད་ཀྱིས་ཕྱིར་འཇམ་རིང་ནས་དྲག་ཏུ་རིང་བར་གཏོང་བར་བྱའོ། དེ་བཞིན་སྲོག་འཛིན་དང་མེ་མཉམ་ཁྱབ་བྱེད་ཐུར་སེལ་གྱི་འཕྲུལ་འཁོར་རྣམས་དེས་འགྲེས་སོ། གཏུམ་མོའི་སྐབས་སུ་ཕྱི་ཡི་གནམ་གཤིས་ཚ་དྲོད་ཆེ་བའམ་ཡང་ན་ཚ་ནད་ཅན་གྱི་གང་ཟག་གིས་མཁའ་འགྲོའི་སྐུ་མདོག་ལྗང་ཁུ་གྲང་རེག་ཅན་ཞིག་སྒོམ་པ་དང་། སེམས་ནང་དུ་བྱིང་རྒོད་ཆེ་ན་མཁའ་འགྲོའི་ཚབ་ཏུ་གྲུ་གསུམ་མེ་ཡི་དཀྱིར་འཁོར་ཐོག་ལ་ཨ་དམར་པོ་སྒོམ་པ། རྟོག་པ་མང་ན་དེའི་ཐོག་ལ་ཐིག་ལེ་དཀར་པོ་སྒོམ་པ། གྲང་བ་ཤིན་ཏུ་ཆེ་བའི་སྐབས་སུ་མཁའ་འགྲོ་དང་ཡི་གེ་ཐིག་ལེ་སོགས་གང་ཡང་མི་སྒོམ་པར་གྲུ་གསུམ་མེ་ཡི་དཀྱིལ་འཁོར་གྱེན་དུ་ལངས་ནས་ཨ་ཤད་ལྟ་བུའི་མེ་ཟུར་གསུམ་ཤིན་ཏུ་ཚ་དབལ་དང་ལྡན་པ་ལ་དམིགས་པ་གཏད་པ་གང་འདོད་དུ་བྱ་ཆོག་པར་གསུངས་སོ། འོན་ཀྱང་དམིགས་པ་གང་ལ་བཟུང་ཡང་རླུང་སྦྱོར་ཡན་ལག་བཞི་ལྡན་ཚང་བར་བྱེད་དགོས་པ་གཅིག་མཚུངས་ཡིན་ནོ། །

0-10-4 0-3

་་་་་་་་་་་་ཁར་ཉིན་སྔོན་མ་ནས་ཉིན་རེའི་འཚོ་བའི་ནང་དུ་ཉེ་བར་མཁོ་བའི་གསང་སྔགས་མ་རྒྱུད་ཀྱི་རྩ་རླུང་གཏུམ་མོའི་ལག་ལེན་གསལ་བར་བཤད་པ་ནད་བརྒྱ་སེལ་བའི་སྨན་མཆོག་མཆི་མེད་ཚེ་ཡི་བདུད་རྩི་ཞེས་པ་ཞིག་བྲིས་ཁུལ་བྱས་ཀྱང་མཆེད་གྲོགས་མང་པོ་ཤིག་གིས་དེ་ནི་རྒྱུད་དང་འགྲེལ་གྱི་ཚིག་རང་སར་བཞག་པ་མང་བས་ད་དུང་དེ་ལ་གསལ་ཁ་འདོན་དགོས་ཚུལ་ཡང་ཡང་གསུང་པར་བརྟེན་སླར་ཡང་༧སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་རིན་པོ་ཆེའི་གདན་ས་གསུམ་པ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་སྤྱི་ལོ་༢༠༡༨ཟླ་བ་༥ཚེས་༡༠ཉིན་མཆན་འགྲེལ་འདི་བྲིས་པས་དགེ་བར་གྱུར་ཅིག །

ཟབ་མོའི་གཞུང་ཆེན་བལྟ་བའི་མིག་ལོང་ཞིང་། །

བླ་མའི་མན་ངག་ཡིན་ཟེར་འདི་འདྲ་འགའ། །

གདམས་ངག་མཐིལ་དུ་བཟུང་བའི་སྐྱེ་བོ་དག །

རྟ་ཕོ་བོར་ནས་བོང་བུའི་རྗེས་སྙེགས་འདྲ། །

ལམ་ཐག་རིང་མོའི་ས་ཐག་ཆོད་པ་མིན། །

ཞེས་ཀྱང་སྨྲས་སོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *