༓ ཞང་ཞུང་གི་མིང་བརྡའི་སྐོར་ཟུར་ཙམ་ལ་ལྟ་བ།
རྩོམ་ཡིག་འདི་ཐེངས། 482 བཀླགས་འདུག
ཞང་ཞུང་ཞེས་པའི་མིང་བརྡ་འདི་ནི་ཆེས་གདོད་མའི་དུས་རབས་སུ་བྱུང་བའི་མིང་བརྡ་རྙིང་བ་ཞིག་ཏུ་གྲུབ་པར་མ་ཟད་སཾསྐྲིཏ་ལྷ་ཡི་སྐད་དུ་ཞང་ཞུང་ལ་ཊཀཱལ་དང་བིསཱཤ་ཞེས་བརྗོད་བཞིན་ཡོད་ལ་འདིའི་མིང་བརྡ་གྲུབ་སྟངས་དང་མིང་བརྡའི་གོ་དོན་ཐད་ཞང་བོད་ཀྱི་མཁས་པ་མང་པོས་འཚོལ་ཞིབ་དང་དཔྱད་གླེང་གང་མང་བྱས་ཟིན་པ་དང་ད་ལྟ་ཡང་རང་རྒྱལ་གྱི་མཁས་པ་དང་ཕྱི་གླིང་གི་མཁས་པ་མང་པོས་འཚོལ་ཞིབ་ཀྱི་ལམ་དུ་སྙེག་བཞིན་པའི་སྒང་ཡིན་ན་ཡང་ཞང་ཞུང་གི་རྒྱལ་རབས་འཇིག་སྔ་བའི་རྒྱུ་མཚན་གྱིས་ཞང་ཞུང་ཞེས་པའི་མིང་བརྡའི་གོ་བ་ལེགས་པོ་ཞིག་འཇོག་མ་ཐུབ་པར་མངོན།
ཞང་ཞུང་ཞེས་པའི་མིང་བརྡ་འདི་ཞང་སྐད་ཡིན་པ་ལ་ཕྱིས་སུ་མཁས་པ་ཁ་ཤས་ཀྱིས་ཞང་ཞེས་པ་ནི་བོད་པས་ཕར་བཏགས་པ་ཞིག་ཏུ་སེམས་བཞིན་འདུག ཞང་བོད་ལོ་རྒྱུས་ཏི་སེ་འོད་ལས། བོད་ཀྱི་ཡ་ཐོག་གི་མི་རྒྱུད་མིའི་གདུང་དྲུག་གམ་རུས་ཆེན་བཞི་རུ་གྲགས་པ་དེ་རྣམས་གནས་ཡུལ་གང་ནས་མཆེད་པའི་ཁུངས་ཀྱང་ཞང་ཞུང་ལ་ཐུག་གི་ཡོད་པའི་རྒྱུ་མཚན་དེས་ཀྱང་ཞང་ཞེས་པའི་ཚིག་འདི་བོད་ཀྱིས་ཞང་ཞུང་ལ་ཕར་བཏགས་པའི་ཐ་སྙད་ཅིག་ཡིན་པ་ལས་གདོད་མ་ནས་བྱུང་བའི་ཚིག་ཅིག་མ་ཡིན་པའི་བདེན་དཔང་གསལ་པོ་བྱས་པ་ཡིན། ༼༡༽ཞེས། བཞེད་ཡོད་ན་ཡང་བོད་པའི་བརྡ་ཆད་ཁྲོད་ཀྱི་ཞང་གི་གོ་དོན་ཞང་ཞུང་ཞེས་པའི་ཚིག་ཟུར་གྱི་ཞང་གི་གོ་བ་དང་གཏད་ནས་མི་འདྲ་བ་ཞིག་མ་ཡིན་པར་བོད་ཀྱི་བརྡ་ཆད་ཁྲོད་ཀྱི་ཞང་ནི་ཞང་ཞུང་ཞེས་པའི་ཚིག་ཟུར་གྱི་ཞང་གི་མིང་བརྡ་ལས་འཕྲོས་པ་ཡིན་པར་འདོད་ལ་ཞང་ཞུང་གི་རུས་པ་དེ་གསལ་བྱེད་ཀྱི་ཆེད་དུ་བོད་པས་ཞང་ཞེས་པའི་ཐ་སྙད་འདི་བེད་སྤྱོད་བྱས་པ་རེད་འདོད།
རང་རེ་བོད་ཀྱི་ཚིག་མཛོད་ཁ་ཤས་ལས་ཞང་གི་གོ་དོན་བཞག་གནང་ཡོད་པ་དག་ངོ་སྤྲོད་ཙམ་ཞུས་ན། དག་ཡིག་གསར་བསྒྲིགས་ལས། ༢ བོད་ཀྱི་རུས་ཤིག ༼༢༽ཅེས་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཞང་། སྔར་བོད་ཀྱི་རུས་ཤིག་གི་མིང་། ༼༣༽ཞེས་གོང་གི་ཚིག་མཛོད་རྣམས་ཀྱི་ཞང་གི་གོ་བ་ནི་ཞང་ཞུང་ཞེས་པའི་ཚིག་ཟུར་གྱི་ཞང་གི་གོ་དོན་དང་བར་ཐག་ཆེས་རིང་བ་ཞིག་ཏུ་སྣང་ན་ཡང་། བསམ་དགོས་པ་ཞིག་ལ་ཞང་ནི་སྔར་བོད་ཀྱི་རུས་ཤིག་གི་མིང་དུ་བཞེད་པ་དེ་འཚོལ་ཞིབ་ཀྱི་གནས་སུ་གྱུར་འདུག་པས་བོད་ཀྱི་ཞང་རུས་དེ་གདོད་མའི་ཞང་ཞུང་གི་རུས་ལས་མཆེད་པའི་བོད་ཀྱི་འགྲོ་བ་མི་ཡི་རིགས་ཤིག་ཡིན་པ་ཤུགས་སུ་བསྟན་འདུག་པར་མ་ཟད་དག་ཡིག་གསར་བསྒྲིགས་ལས། ཞང་ཞུང་། ༡ བོད་རང་སྐྱོང་ལྗོངས་ཀྱི་མངའ་རིས་གུ་གེའི་གནའ་དུས་ཀྱི་མིང་། ༢ བོད་ཀྱི་རུས་ཤིག ༼༤༽ཅེས་པ་ལ་གཞིག་ན་བོད་ཀྱི་ཞང་རུས་དེ་གདོད་མའི་རུས་ཀྱི་གྲོལ་ཕུག་ཞང་ཞུང་གི་རུས་དེ་ཐུག་ཡོད་པ་མངོན་གསལ་དུ་བསྟན་འདུག་སྙམ།
ཡང་འབེལ་གཏམ་ལུང་གི་སྙིང་པོ་ལས། ཞང་ཞུང་ཞེས་པའི་མིང་འདི་ཡང་། ཞང་ཞུང་སྐད་དུ་ཁྱུང་ལ་ཞུང་ཞེས་བརྗོད་ཅིང་། དེ་བོད་སྐད་དུ་བསྒྱུར་ན་ཁྱུང་ཞེས་འབྱུང་བས་ཁྱུང་གི་ལུང་པའམ། ཁྱུང་པོའི་ལུང་པ་ཞེས་བརྗོད་པ་ཡིན་པར་བཤད། ༼༥༽ཅེས་པ་ལ་གཞིག་ན་ཞང་སྐད་ཀྱི་ཞུང་ནི་ཁྱུང་ལ་གོ་བ་དང་། ཞང་ནི་ལུང་པ་དང་ཡུལ་ལ་འཇུག་པར་གསུངས་ཡོད་ལ། བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ་ལས། ཞང་ཞུག་ནི་བྱ་ཁྱུང་། ཏིང་ཞུང་ནི་ཁྱུང་སྔོན། ༼༦༽ཞེས་པའི་གོ་དོན་བཞག་ཡོད། ཞང་བོད་སྒྲ་བསྡེབས་དབུ་ཕྱོགས་བཞུགས་ པ་ལས། ཞང ༼ བྱ ༽། ཞུང ༼ ཁྱུང ༽། དུ ༼བྱ ༽ ། ཞང་ཞག ༼ བྱ་ཁྱུང ༽། ཏ་དན་ཞང་ཞག་མུ་ལ་ལྡབ། ༼ ལྟ་བ་ཁྱུང་ཆེན་མཁའ་ལ་ལྡིང ༽ ། འབྱུང་སེགས་སྐྱེ་ལ་ཞུང་ཞག་ནུལ། ༼ དཔག་བསམ་ཤིང་ལ་བྱ་རྒྱལ་ལྡིང ༽ ། ༼༧༽ཞེས་པའི་གཞུང་ཡིག་འདི་ལ་གཞིག་ན་ཞང་ཞུང་གི་སྐད་ཀྱི་མིང་བརྡའི་ཁྲོད་ནས་ང་ཚོས་གོ་ངེས་པ་ནི་ཞང་ནི་བོད་སྐད་དུ་བྱ་ལ་འཇུག་པ་དང་། ཞུང་ནི་བོད་སྐད་དུ་ཁྱུང་ལ་འཇུག་པའི་གོ་རིམ་ཁྲོད་ནས་ཞང་ཞུང་ཞེས་པ་ནི་བོད་སྐད་དུ་བྱ་ཁྱུང་ལ་གོ་བའི་སྐད་བརྡ་ཞིག་མངོན་གསལ་དུ་རྙེད།
ང་ཚོས་བོན་གཞུང་རྙིང་མ་ཁག་ལ་དཔྱད་ཞིབ་ཅིག་བྱས་ན་ཞང་ཞུང་ཞེས་པའི་གོ་དོན་དེ་བོད་སྐད་དུ་ཕབ་བསྒྱུར་མཛད་པའི་ལས་རིམ་དེ་ལམ་དུ་ལྷོངས་ནུས་པ་ཁྱུང་པོ་གཡུ་ཁྲིའི་རྒྱུད་ལས་བསྡུས་པའི་ཁྱུང་པོའི་གདུང་རབས་གཡུ་མགོ་མ་ལས། ཞང་ཞུང་སྐད་དུ། ཞུང་ཞག་ཅེས་བྱ་བ། བོད་སྐད་དུ་ཁྱུང་པོ་ཞེས་བྱ་བ་རུ་གྲགས་པ། སྔོན་ཚེ་ལོ་ཁྲི་བའི་དུས་སུ་བྱུང་བ་ལགས་སོ།། ༼༨༽ཞེས་པ་ལ་གཞིག་ན་ལོ་རྒྱུས་ཀྱི་དུས་ཡུན་ནི་མི་རྣམས་ཀྱིས་ཚེ་ལོ་ཁྲི་ཐུབ་པའི་བར་སྐབས་ཡ་ཐོག་སྲིད་པའི་ལྷ་རབས་ཀྱི་དུས་སུ་བྱུང་བར་མངོན།
ཁྱུང་ཞེས་པའི་མིང་བརྡ་དེ་ཡང་བོན་ལུགས་ནས་དར་ཁྱབ་ཆེ་བའི་མིང་བརྡ་ཞིག་ཏུ་གྱུར་བ་ཞང་བོད་ལོ་རྒྱུས་ཏི་སེ་འོད་ལས། ཁྱུང་ཞེས་བྱ་བའི་ཐ་སྙད་འདི་བོད་ཀྱི་བརྡ་ཆེས་རྙིང་མ་ཞིག་ཡིན་པ་ནི་དུས་ཕྱིས་བོད་དུ་བྱོན་པའི་སངས་རྒྱས་པའི་མདོ་རྒྱུད་ཡོངས་གྲགས་ཀྱི་དཔེ་རྣམས་སུ་ཁྱུང་ལ་ནམ་མཁའ་ལྡིང་ཞེས་པའམ་མཁའ་ལྡིང་ཞེས་པའི་ཐ་སྙད་ཡོད་པ་ལས་ཁྱུང་ཞེས་པའི་ཚིག་འདི་ཤིན་ཏུ་རྙེད་དཀའ་བ་དེ་ཙམ་གྱིས་ཀྱང་ཤེས་ཐུབ་པ་ཡིན། ཁྱུང་ནི་བོན་ལུགས་སུ་ཡ་ཐོག་སྲིད་པའི་ལྷ་རབས་ཀྱི་མཆེད་ཁུངས་ཤིན་ཏུ་གལ་ཆེན་པོ་ཞིག་ཏུའང་ངོས་འཛིན་སྲོལ་བྱུང་འདུག ༼༩༽ཅེས་བཞེད་ཡོད་པ་ལ་གཞིགས་ན་ཁྱུང་ལས་འཕྲོས་པའི་རིག་གནས་ཀྱི་སྣང་ཚུལ་དེ་ཡང་སྲིད་པའི་ལྷ་བོན་ནས་འཕྲོས་ཞིང་བོན་གཞུང་ནས་ཁྱབ་བརྡལ་དུ་སོང་བ་ཤེས་ཐུབ།
ཁྱུང་འདི་ལ་འདབ་ཆགས་གཞན་ལས་ཁྱད་འཕགས་ཀྱི་ནུས་པའམ་ཟིལ་ཤུགས་སྟོབས་ལྡན་ཞིག་ཡོད་པ་ནི་དབལ་གསས་རྔམ་ པའི་ཁྱུང་ཟློག་ལས། བྱ་ཁྱུང་སྟེང་དུ་མཆོངས།། སྣང་སྲིད་ཁ་གནོན་བྱ་ཁྱུང་ལ།། སྲིད་པ་གསུམ་གྱི་དབང་ཡང་བསྐུར།། སྲིད་པ་གསུམ་གྱི་ཁ་གནོན་ཞིག། བསྐལ་བ་གསུམ་གྱི་བྱིན་ཀྱང་བསྩལ།། བསྐལ་བ་གསུམ་གྱི་གདོན་རྣམས་དབང་དུ་སྡུད།། ལྷ་གདོན་ཀླུ་གདོན་ལ་ སོགས་ཏེ།། མདོས་བདག་རྣམས་ཀྱི་གཉའ་ནོན་ཅིག། སྣ་རིང་ལག་བྲིས་མ། ༼༡༠༽ཅེས་པ་ལས་ཁྱུང་གི་སྒུལ་ཤུགས་འདི་རླབས་ཆེ་ཞིང་ངོ་མཚར་བ་ཞིག་ཡིན་པ་དངོས་པོའི་གཤིས་ལུགས་སུ་གྲུབ་པ་བསྟན་འདུག
དོན་གྱིས་དཔྱད་ན་ཞང་ཞུང་ཞེས་པ་ནི་ཁྱུང་གི་ལུང་པའམ་ཁྱུང་པོའི་ལུང་པ་རུ་གོ་བའི་གོ་དོན་གཅིག་དང་། ཁྱུང་པོ་རུ་གོ་བའི་གོ་དོན་གཉིས། བྱ་ཁྱུང་དུ་གོ་བའི་གོ་དོན་གསུམ་གྱི་སྡོམ་ཚིག་བཞག་འདུག་པས་དོན་གྱི་ཆ་གང་ལ་ལྟོས་ན་ཁྱུང་དང་ཁྱུང་གི་ཡུལ་ལས་མ་འདས་པར་སྣང་ན་ཡང་ང་ཚོས་འཚོལ་ཞིབ་ཅིག་བྱས་ན་ཞང་སྐད་དུ་ཞང་ཞུང་ཞེས་པ་ནི་བོད་སྐད་དུ་བྱ་ཁྱུང་ལ་འཇུག་པ་དང་། ཅི་ཞིག་མཚོན་ན་ཞང་ཞུང་གི་འགྲོ་བ་མིའི་རིགས་ཀྱི་གྲོལ་ཕུག་དེ་ཁྱུང་ཡིན་པ་མཚོན་ཞིང་ཁྱུང་རུས་ལས་གྲོལ་བའི་འགྲོ་བ་ཅི་སྙེད་ཅིག་འཚོ་གནས་བྱེད་སའི་ཡུལ་དེ་ལ་ཁྱུང་གི་ལུང་པའམ་ཁྱུང་པོའི་ལུང་པ། ཁྱུང་པོ་རུ་གྲགས་པར་སྙམ། དེའི་ཁྲོད་ནས་ཞང་ཞུང་གི་མིང་བརྡ་དང་གོ་དོན་ཅུང་འཐུས་པར་བྱས་སོ།།
༼༡༽༼༩༽ནམ་མཁའི་ནོར་བུས་བརྩམས་པའི ༼ ཞང་བོད་ལོ་རྒྱུས་ཏི་སེའི་འོད ༽ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། ༡༩༩༦ ལོའི་ཟླ ༥ པའི་པར་གཞི། ཤོག་གྲངས ༤༠ དང ༤༡ ན་གསལ །
༼༢༽༼༤༽དག་ཡིག་རྩོམ་སྒྲིག་ཚན་ཆུང་གིས་སྒྲིག་རྩོམ་བྱས་པའི ༼ དག་ཡིག་གསར་བསྒྲིགས ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠༡༣ལོའི་ཟླ༡པོའི་པར་གཞི། ཤོག་གྲངས ༦༦༨ ན་གསལ།
༼༣༽ ཀྲང་དབྱི་སུན་སོགས་ཀྱིས་རྩོམ་སྒྲིག་བྱས་པའི ༼ བོད་བརྒྱ་ཚིག་མཛོད་ཆེན་མོ ༽ སྨད་ཆ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠༠༤ལོའི༨པའི་པར་གཞི། ཤོག་གྲངས ༢༣༧༢ ན་གསལ།
༼༥༽དཔོན་སློབ་བསྟན་འཛིན་རྣམ་དག་གིས་མཛད་པའི ༼ སྔ་རབས་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ ༽ ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན། ༢༠༠༥ ལོའི་ཟླ ༡ པོའི་པར་གཞི། ཤོག་གྲངས ༢༦ ན་གསལ།
༼༦༽སྦ་སར་པཎྟི་ཏ་ཀུན་བཟང་རྒྱལ་མཚན་མཆོག་གིས་མཛད་པའི ༼ གངས་ཅན་བོད་ཀྱི་བརྡ་ཡང་དག་པར་སྦྱོར་བ་མིང་གི་བསྟན་བཅོས་ལེགས་པར་བཤད་པ་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༡༩༨༩ ལོའི་ཟླ ༡༠ བའི་པར་གཞི། ཤོག་ངོས ༤༢༢ ན་གསལ།
༼༧༽ཞུ་ཡས་ཉི་མ་གྲགས་པས་མཛད་པའི ༼ ཞང་བོད་སྒྲ་བསྡེབས ༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠༠༩ ལོའི་ཟླ ༡༠ བའི་པར་གཞི། ཤོག་གྲངས ༢༨༢ ༣༠༤ ན་གསལ།
༼༨༽ཁྱུང་པོ་གཡུ་ཁྲིའི་རྒྱུད་ལས་བསྡུས་པའི་ཁྱུང་པོའི་གདུང་རབས་གཡུ་མགོ་མ། ལག་བྲིས་མ།
དབལ་གསས་རྔམ་པའི་ཁྱུང་ཟློག་ལས ༼ རྩོམ་པ་པོ་མི་གསལ༽། ལག་བྲིས་མའི་ཤོག་ངོས ༡༠ ན་གསལ།
གསས་བུ་ཡེ་ཤེས་བློ་གྲོས། བཞུགས་གནས། བོད། བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང།
བསམ་ཚུལ་ཕྲིས།