༓ ཚངས་དབྱངས་རྒྱ་མཚོར་ཞུས་པ།

རྩོམ་ཡིག་འདི་ཐེངས། 572 བཀླགས་འདུག

སྤྱན་ཟུང་སྐར་ཆེན་ཤར་ཕྱོགས་རི་ལ་འཁོར། །
རི་བོའི་རྩེ་ཡི་དཀར་གསལ་ཟླ་བར་གཏད། །
མ་སྐྱེས་ཨ་མའི་ཞལ་རས་སྒོར་སྒོར་དེ། །
ཐུགས་ལ་མངོན་ནམ་ཟུར་མིག་འཕང་ངམ་ཀྱེ། །

ལུས་དྲི་ཞིམ་པའི་ལམ་ཐུག་བུ་མོ་དང་། །
ཁ་འབྲས་མཚར་བའི་དཔོན་ཆེན་སྲས་མོ་དང་། །
རང་སེམས་སོང་བའི་མ་སྐྱེས་ཨ་མ་སོགས། །
གཏན་གྱི་འདུན་མར་བྱུང་ངམ་མ་བྱུང་ཀྱེ། །

རྟིང་མ་བྱིས་པའི་དམ་བཅའ་དྲན་ཙམ་གྱིས། །
མ་བྲིས་ཨ་ཅག་ཞལ་དེ་ཡིད་ལ་འཁོར། །
ཚོར་བའི་རྟ་རྒོད་སྒྲོག་གྱིས་མ་ཐུབ་པས། །
ཁྲུང་ཁྲུང་དཀར་མོའི་གཤོག་པ་གཡར་རམ་ཀྱེ། །

དྲན་པ་འཁོར་སའི་མདོ་ཡི་ཨར་ཁང་དང་། །
དམ་ཚིག་གཙང་མའི་བཞེས་པས་ནས་ཆང་དང་། །
ངན་སོང་བློ་ནས་བོར་བའི་སྙིང་སྟོབས་སོགས། །
ཆང་མ་ཡེ་ཤེས་མཁའ་འགྲོས་ཤེས་ལགས་སམ། །

འཛུམ་དང་སོ་དཀར་བསྟན་པས་སྣང་བྱེད་དྲངས། །
སྙིང་གཏམ་ཚིག་གསུམ་ཞུས་པས་སེམས་པ་འདྲིས། །
ད་ལམ་དབེན་གནས་འགྲིམས་སམ་སོམ་ཉི་ཟ། །
དམ་པའི་ལྷ་ཆོས་བསྒྲུབས་སམ་མ་བསྒྲུབས་ཀྱེ། །

མཚོ་ལྷོ་འཕྲིན་ལས་ཉི་མ། བོད་བཞུགས། མཚོ་སྔོན། བོན་བརྒྱ་དགོན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *