ཞང་ཞུང་ཞེས་པའི་ཡུལ་ཆེན་རྣམས་དང་། བོད་ཡུལ་དུ་གསོ་རིགས་དར་ཚུལ་གྱི་ངོ་སྤྲོད་ཆུ་ཐིགས་ཙམ་གཡུང་དྲུང་བོན་གྱི་རང་ལུགས་ལྟར་སྙན་གསང་ཞུ་བ།

རྩོམ་ཡིག་འདི་ཐེངས། 59758 བཀླགས་འདུག

unnamed     སྤྱིར་ཞང་ཞུང་ཞེས་པ་སྒྲའི་འཇུག་གཞི་ལ་གཉིས་སུ་མཆིས་ཏེ།   ཞང་ཞུང་ཕུག་པ་རྟག་གཟིགས་ནི་འོལ་མོ་ལུང་རིང་སངས་རྒྱས་བྱོན་པའི་དག་ཞིང་དངོས་ལ་ངོས་འཛིན།   བར་པ་ནི་རྒྱལ་མཁར་བ་ཆོད་ཅེས་པ།   མང་ཆེ་བས་ད་ལྟ་ཏ་སིག་གམ་སྟག་གཟིག་ཅེས་པའི་ཡུལ་ལ་ངོས་འཛིན་བྱེད་ཀྱི་ཡོད།

་་་་་་་་་་་་་་་་བཤད་ལུགས་གཉིས་པ་གནའ་དུས་ཞང་ཞུང་རྒྱལ་ཁབ་ཅེས་ཞང་ཞུང་དངོས་ཀྱི་ཡུལ་ནི་ཞང་ཞུང་སྒོ་པ་འདི་ཡིན་ཏེ།   འདི་ལའང་སྒོ་ཕུག་བར་གསུམ་ཡོད་པའི་ཕུག་པ་ནི་ཁྱུང་ལུང་དངུལ་མཁར་སོགས་མཁར་ལྔ་རྫོང་བཞི་ཡུལ་ཕྲན་གྲངས་མང་ཞིང་རྒྱལ་པོ་ཡང་བྱ་རུ་ཐོགས་པའི་རྒྱལ་པོ་བཅོ་བརྒྱད་སོགས་རྒྱལ་རབས་བཞི་བཅུའི་ལོ་རྒྱུས་ཡོད་ལ།   མངའ་འབངས་ལའང་ཁྲི་སྡེ་བརྒྱད་ཅུ་སོགས་ཀྱི་བཤད་པ་ཡང་ཡོད། བར་པ་རྟ་སྒོ་དང་རའི་ཕྱོགས་དང་། སྒོ་པ་ནི་ཁྱུང་པོ་རི་རྩེ་དྲུག་ཡན་དང་སུམ་པའི་ཡུལ་ཆ་ཤས་དེར་གཏོགས་ཡོད་པ་སོགས་འདིར་རྒྱས་སྤྲོས་སུ་མི་ཞུ།   མདོར་ན་གནའ་དུས་སུ་གྲགས་ཆེའི་རྒྱལ་ཁབ་ཙག་དང་། སྐད་ཡིག   རིག་གནས།  ཤེས་རིག་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཀྱང་ཡིན་པ་ངོས་འཛིན་བྱེད་ཆོག

་་་་་་་་་་་་་་་་་་ཞང་ཞུང་ཡུལ་གྱི་བོན་གཤེན་མཁས་པ་རྣམས་ཀྱི་རྫུ་འཕྲུལ་གྱིས་འོལ་མོའི་གླིང་དུ་ཕེབས་ནས་དག་པ་ལྷ་ཡི་སྐད་ལས་ཞང་ཞུང་སྐད་དུ་བཀའ་སྡེ་སྣོད་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་ཏེ་གཤེན་བསྟན་དར་རྒྱས་མཛད་པའི་ལོ་རྒྱུས་ཡོད་པ་མ་ཟད།   མཁས་པའི་རྒྱན་དྲུག་དང་ཞང་ཞུང་སྟོང་རྒྱུང་གིས་མཛད་པའི་སྦྱར་དཔེ་འགའ་ཤས་ད་དུང་མཐོང་རྒྱུ་ཡོད།   ཇི་སྐད་དུ།   ཞང་ཞུང་ནས་བོན།   རྒྱ་གར་ནས་ཆོས།   རྒྱ་ནག་ནས་ཁྲིམས་ཞེས་རྒྱུན་སྲོལ་དུ་ཆགས།  ལྷག་པར་བོན་གྱི་གསོ་བ་རིག་པའི་རྒྱུད་སྡེ་རྩ་བ་རྣམས་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་(བཀའ་ཁྱད་པར་བཞི་ལྡན་)རིམ་བཞིན་བརྒྱུད་ནས་བསྒྱུར་ཏེ་དར་བ་ཤ་སྟག་ཡིན།  བར་སྐབས་སུ་བོད་དུ་བསྟན་པ་དར་ནུབ་དབང་གིས་གཏེར་དུ་གཤེགས་ནས་སླར་ཡང་སྤྲུལ་པའི་གཏེར་ཆེན་རྣམས་ཀྱིས་གཏེར་ནས་བཏོན་ཏེ་སྤེལ་བའི་གསོ་དཔྱད་ཀྱི་གསུང་རབ་ཁུངས་ལྡན་རྣམས་དེང་སྐབས་བོད་ལུགས་གསོ་བ་རིག་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་གཟུར་གནས་དཔྱོད་ལྡན་རྣམས་ལ་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་ཞིག་ཏུ་གྱུར་ཡོད་པས།   འདིར་ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་ཅུང་ཟད་སྤྲོས་ན།unnamed-2

་་་་་་་་་་་་་་་་།

་་་་་་་་་་་་་་་དེ་ཡང(རྒྱལ་བའི་བཀའ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་)ཞེས་བྱ་བའི་པོད་བདུན་པ་ལས།  དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ།  མདོ་སྡེ་ཆེན་པོ་སྡེ་དགུ།  མན་ངག་ཡན་ལག་བརྒྱད་ལྡན།  ཉིང་ལག་ཉིས་ཁྲི་ཆིག་སྟོང་རྣམས།   དཔྱད་བུ་ཁྲི་ཤེས་དང་དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད་དོ།   ཞེས་གསུངས།   དཔྱད་བུ་ཁྲི་ཤེས་ནི།   གཏན་ཚིགས་ངེས་པའི་ལག་མདོ)ལས།  སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་ཕྱིར།   ལོག་པ་འདུལ་ཕྱིར་རྒྱལ་བའི་སྲས་བཞི་བཞག   ཅེས་པའི་སྐབས་ནས་དངོས་སུ་བསྟན་པའི་སྟོན་པའི་སྐུ་སྲས་གཉིས་པ་འབྱུང་ལྡན་ཉེར་དྲུག་པའི་ཤིང་སྤྲེལ་ལམ་སྤྱི་ལོ་སྔོན་༡༤༤༩༦ལོའི་སྟོན་ཟླའི་ཚེས་༡༥ལ་སྐུ་འཁྲུངས་ཤིང་།   དགུང་ལོ་གསུམ་བཞེས་ནས་ཡབ་ལས་བོན་ཞུ་བའི་སྤོབས་པ་ལྡན་ཏེ་དཔྱད་རྒྱུད་ཉིས་ཁྲི་ཆིག་སྟོང་གི་བདག་པོ་གཉེར་དུ་གཏན་པར་མཛད་པ་དེ་ཡིན།  གཞན་ཡང་བོན་ཉིད་ཀྱི་སྙིང་པོ(འབུམ་ཉི་མ་དགུ་ཤར) ཞེས་བྱ་བའི་པོད་དྲུག་པ་ལས་སྨན་མདོ་མང་པོ་བགྲང་ཡོད་པ་སྟེ།   ཡན་ལག་བརྒྱད་པ་སྨན་གྱི་མདོ་དང་།   བ་སུ་ཏ་ར་སྨན་གྱི་མདོ་དང་ཞེས་པ་སོགས་ནས་གསོ་དཔྱད་དུག་སེལ་སྨན་གྱི་མདོ་གྲངས་བརྒྱ་ལྷག་སྨན་སྦྱོར་སྟོང་རྩའི་ནང་གསལ་བ་དང་།   ད་དུང(རྣམ་པར་རྒྱལ་བ)ལས་གསོ་བ་རིག་པའི་འབུམ་སྡེ་གསུམ་ནི།  གསོ་བྱའི་ནད་འབུམ་ནག་པོ།  གསོ་བྱེད་ཀྱི་དཔྱད་འབུམ་ཁྲ་བོ།   རྣམ་རྒྱལ་གྱི་སྨན་འབུམ་དཀར་པོ།  འོལ་མོ་ལུང་རིང་དུ་གཏན་ལ་ཕབ་སྟེ་སྣོད་ནི་དཔྱདབུ་ཁྲི་ཤེས་ལ་གཏད་དོ།   ཞེས་གསུངས་སོ།།

་་་་་་་་་་་་་་་་་ཕྱིས་སུ་གཏེར་སྟོན་བུ་མཚོ་སྲིད་པའི་རྒྱལ་པོའི་གཏེར་མ་གསོ་རིག་འབུམ་དགུའི་ནང་ཚན་བདུད་རྩི་བང་མཛོད་འབུམ་བཞི་བཞུགས་པ་འདི་ཡིན་ཏེ།  རྩ་བ་ཐུགས་འབུམ་མཁན་སྔོན།  དེ་ལས་གྱེས་པ་འཚོ་བྱེད་སྨན་འབུམ་དཀར་པོ།  འཚོ་ཐབས་དཔྱད་འབུམ་ཁྲ་བོ།  གསོ་བྱའི་ནད་འབུམ་ནག་པོ་རྣམས་ཆེས་གསོ་རིག་བསྟན་པའི་འབྱུང་ཁུངས་དཔྱད་གསུམ་དག་ཐེར་གྱི་གྲུབ་པའི་སྲོལ་རྒྱུན་བཟང་པོ་མ་ཉམས་པར་རྒྱུན་གནས་ཡོད་ལ།   གནའ་བོའི་ལོ་རྒྱུས་ཀྱིས་ཕྱུག་པའི་གཅེས་བཏུས་ཟུར་རྒྱན་སྣ་ཚོགས་ཀྱང་གྲངས་མང་དུ་བཞུགས་ཡོད།  དེ་ལའང་ཤོད་སྟངས་འདྲ་མིན་ཡོད་ཀྱང་།  དོན་དུ་གསོ་བ་རིག་པའི་འབྱུང་གཞི་ཟབ་མོའི་བདེན་དོན་སྟོན་བྱེད་མ་བགོས་སྤྱི་ཁྱབ་ཀྱི་ནོར་བུ་ཞིག་ཡིན་པ་དོན་གྱིས་གྲུབ་ཡོད་པ་ནི་སུས་ཀྱང་དེ་ལས་བརྒལ་མི་ནུས་སོ།།

་་་་་་་་་་་་་་་་བོད་དུ་ཞང་ཞུང་ནས་བསྒྱུར་བའི་བཀའ་དང་བཀའ་བརྟེན་གྱི་རིག་གནས་རྒྱས་པ་ཆེར་འཕེལ་ཐུབ་མེད་པའི་སྐབས་བོད་རྒྱལ་ཐོག་མ་གཉའ་ཁྲིའི་དུས་སུ་རྒྱུ་བོན་ཤེས་པ་ཅན་པ་བཅུ་གཉིས་དར་བའི་ནང་ཚན་ཕན་ཤེས་སྨན་དཔྱད་བོན་ཞེས་བྱ་བ་ནི།   བྲོ་ནད་གསོ་བས་ཚེ་ཡི་བར་ཆད་སེལ།  ཞེས་སོགས་འབྱུང་བ་མ་ཟད།  (ལྡེའུ་ཆོས་འབྱུང་དང་བློན་པོ་བཀའ་ཐང་།)  སོགས་ལས་དུག་ལ་སྨན་ཡོད་ཅེས་པས་དེ་དུས་སྨན་བཅོས་ཡོད་པ་བསྟན་ཡོད།  དེ་བཞིན་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་ཁོང་གི་དུས་ལ་ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས་ནས་གཡུང་དྲུང་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བྱུང་ཡོད་པ་མ་ཟད།  ལྷན་ཅིག་ཏུ་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཐབས་ཅད་ལ་འཕེལ་འགྲིབ་ཅུང་ཟད་བྱུང་རུང་།  ད་ལྟའང་རྩ་བ་རུལ་ཞིང་རྩེ་མོ་མ་སྐམ་ཙམ་དུ་གནས་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད།

་་་་་་་་་་་་་་་།་

་་་་་་་་་་་་་་་་་བསྟན་པ་ཕྱི་དར་གྱི་སྐབས་སུ།  མིང་དོན་མཚུངས་པའི་སྨན་པ་མཁན་ཆེན་ཁུ་ཚ་ཟླ་འོད་དང་།   གཤེན་དང་བྲུ།   ཞུ་དང་སྤ།   རྨེའུ་དང་ཁྱུང་།  ཞིག་པོ་སོགས་མཁunnamed-1ས་དབང་དེ་རྣམས་ཀྱིས་དཔེ་རྒྱུན་དེ་དག་ལ་བརྟེན་ནས་ཕྱག་བཞེས་ཀྱིས་འཕྲིན་ལས་བསྐྱངས་པ་དང་།  གཅེས་བཏུས་ཀྱི་བཀའ་བརྟེན་མང་དུ་མཛད་ཡོད་པ་ད་ལྟ་དངོས་སུ་བཞུགས་རིགས།  སྐམ་གཡུང་དྲུང་ཉི་རྒྱལ་གྱི་སྨན་ནུས་ཀུན་གསལ་ཉི་མའི་སྙིང་པོ་དང་།   མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་ཕྱག་ལེན་སྐོར།  སྤ་སྟོན་གཡུང་དྲུང་འབྲུག་གྲགས་ཀྱི་རྒྱུད་འགྲེལ་དང་ཕྱག་ལེན་སྣ་ཚོགས།   ཁྱུང་སྤྲུལ་འཇིགས་མེད་ནམ་མཁས་སྨན་སྦྱོར་སྟོང་རྩ་སོགས་ལེའུ་བཞི་རུ་བསྡུས་ཏེ་ཕྱག་ལེན་མཛད་པ་སོགས་ནི་དངོས་དཔེ་ཞིག་ཡིན།  བོད་ཀྱི་ལོ་རྒྱུས་ཡིག་ཆ་ཕལ་ཆེ་བ་དང་།  ཁྱད་པར་དུ་ཏུན་ཧོང་ནས་རྙེད་པའི་ཡིག་ཆ་ལས་དཔྱད་ཡིག་འདི་ནི་ཕྱག་སྦལ་ན་ཡང་མྱེད་དེ།  དཔྱད་ཡིག་ཐམས་ཅད་ལས་ཀྱང་བསྡུས་པའི་སྟེང་དུ།   ཞང་ཞུང་གི་དཔྱད་ཕུག་པ་དང་སྦྱར་ཏེ་བགྱིས་པ་ལགས་སོ།  ཞེས་དང་།  གཞན་ཡང་ཟུར་མཁན་བློ་གྲོས་རྒྱལ་པོས་མཛད་པའི་(ཤེས་བྱ་སྤྱི་ཡི་ཁོག་འབུག་)ལས་ཀྱང་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བསྙེས་ཟེར་བ་མ་ངེས་ཏེ།  བོན་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད།  ཅེས་པ་སོགས་ར་སྤྲོད་ཁུངས་བཙན་དང་ལྡན་པའི་ལུང་མང་རུང་ཚིག་ལ་འཇིགས་པས་འདིར་འཐུས་པར་བྱའོ།  དེས་ན་བོད་ཀྱི་གསོ་དཔྱད་ཀྱི་ཕུགས་དེ་ཞང་ཞུང་རང་ནས་ཡིན་པ་དོན་གྱིས་གྲུབ་པས་སུས་ཀྱང་བསྙོན་མི་ནུས་སྙམ་མོ།།

་་་་་་་་་་་་་་་་་་་་མདོར་ན་གཡུང་དྲུང་བོན་རང་ལུགས་ཀྱི་ལྟ་བ་ནི།  གསོ་བ་རིག་པ་ཞེས་རྣམ་མཁྱེན་རྒྱལ་བའི་བཀའ་འཁོར་རིམ་གསུམ་གྱི་དང་པོ་ཡིན་པ་དང་།  རིག་པའི་གནས་ལྔའི་ནང་ཚན་གཞན་རྗེས་སུ་འཛིན་པའི་རིག་པ་ཡིན་པ།  ལུང་རིགས་ཀྱི་སྒྲུབ་བྱེད་རྒྱུད་འབུམ་སོགས་ནི་ཁྱད་པར་བཞི་དང་ལྡན་པའི་རྒྱལ་བའི་བཀའ་ཟབ་མོ་ཡིན་པ།  བསྟན་པའི་གཉེར་དཔོན་ནི་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ཡིན་པ།   བསྟན་པའི་རྒྱུད་ནི་གདུང་ཚོབ་མུ་ཆོ་སོགས་མཁས་པའི་རྒྱན་དྲུག  མཁས་པ་མི་བཞི།  གཤེན་དང་བྲུ། ཞུ། སྤ། རྨེའུ།   ཁྱུང་།   ཞིག་པོ་སོགས་ད་ལྟའི་བར་དངོས་ཡོད་ཀྱི་འཕྲིན་ལས་བསྐྱངས་པ་པོ་དེ་རྣམས་ཡིན་པ། བསྟན་པ་འཕེལ་འགྲིབ་ཇི་ལྟར་བྱུང་ཡང་ལོ་རྒྱུས་ནི་མི་ལོ་ཁྲི་ཕྲག་ལྷག་གི་སྔ་རོལ་དུ་ཞང་ཞུང་ནས་བྱུང་བ་ཡིན་པ་བཅས་པའི་བསྡུས་དོན་འདི་ནི་སངས་རྒྱས་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པ་ཀུན་གྱི་བཤད་ཚུལ་དེའོ།།

་་་་་་་་་་་་་་་་་་ཐ་སྙད་ཆུ་ཀླུང་ཆེན་པོ་རྦ་རླབས་དྲག་ཏུ་འབབ་པ་རྣམས་རྒྱ་མཚོ་ཆེ་ལ་འདྲེས་ན་དབྱེ་བ་མེད་པ་བཞིན་ཚིག་མ་མཐུན་ཡང་དོན་དང་དམིགས་ཡུལ་མཐུན་པས་འགལ་བ་མེད་པར་སྙམ་ནས།  ཁོ་བོས་སྙན་གསེང་ཞུས་པ་ཡིན་པས་དགོངས་འགལ་མེད་པ་མཁྱེན་མཁྱེན། ཐ་ཚན་མུ་ཙུག་སྨར་རོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *