སྐར་ཆེན་ལྟ་བུའི་སྐྱེས་བུ་ཞིག་གི་རྣམ་ཐར་བཀླགས་པ།

རྩོམ་ཡིག་འདི་ཐེངས། 2827 བཀླགས་འདུག

IMG_3691 (1)

རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་ནས་དགོངས་ཞག་ལྔ་བཅུ་འཁོར་བའི་རྗེས་དྲན་གྱི་ཚུལ་དུ་ཕུལ་བ།

/

  སྔོན་གླེང་།

/

་་་་་་་་་་་་་་མི་ཡུལ་འདིར་གནའ་ནས་ད་བར་དུ་སྐར་ཆེན་ལྟ་བུའི་སྐྱེས་བུ་དག་གི་བློ་གྲོས་ཀྱི་འོད་སྣང་ལ་བརྟེན་ནས་འཚོ་ཐུབ་པར་བྱུང་ཞིང་། དེ་འདྲའི་སྐྱེས་ཆེན་དག་གི་བློ་གྲོས་ཀྱི་ཉིང་བཅུད་དང་། ཤེས་རབ་ཀྱི་གཟི་དཔལ། རྨད་དུ་བྱུང་བའི་མཛད་པ་བཅས་ཀྱིས། འཇིག་རྟེན་འདིར་ཡར་འཕེལ་མར་འགྲིབ་ཀྱི་བསྐལ་པ་ཇི་ཙམ་ཚེས་པ་དེ་སྲིད་དུ་རླབས་ཆེན་གྱི་ཕན་བདེའི་ཉི་གཞོན་མངོན་པར་བཏེགས་བཞིན་གནས་ཡོད།
 /

་་་་་་་་་་་་རང་རེ་གངས་ཅན་ལྗོངས་འདིར་བསྟན་སྲིད་གཉིས་ཀའི་བྱ་གཞག་ལ་མཛད་རྗེས་སྲིད་ན་མཐོ་བའི་སྐྱེས་ཆེན་གང་མང་ཞིག་བྱུང་དང་འབྱུང་བཞིན་ལགས་པ་ལྟར་གཡུང་དྲུང་བོན་ལུགས་འཛིན་པ་དག་གི་ཁྲོད་ནས།དུས་རབས་ཉི་ཤུ་པའི་ནང་དུ་བསྐལ་ཁུག་གི་གཉེན་འཕྲང་ཇི་སྙེད་ཀྱི་གསེང་ནས་ཤེས་རབ་ཀྱི་སྤྱན་ཤེལ་ཐོག་སྟེ། མཛད་འཕྲིན་གྱི་རྩིབ་སྟོང་རྒྱས་པའི་སྐར་ཆེན་ལྟ་བུའི་སྐྱེས་བུ་ཟུང་ཞིག་བྱོན་ཡོད་པ་སྟེ། དཔལ་རྒྱལ་བ་སྨན་རི་བའི༧ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་དང་། ༧ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐུགས་རྗེའི་མཛད་ཕྲིན་ལ་བརྟེན་ནས། མདོ་སྔགས་གཡུང་བོན་གྱི་བསྟན་པའི་ཉི་མ་སེར་པོ་ནུབ་རིའི་ཕག་ནས་མི་མངོན་པའི་དབྱིངས་སུ་ཐིམ་ལ་ཉེ་དུས། ལྷོ་མཐའི་ནགས་འདབས་ཤིག་ནས་བསྟན་པའི་མེ་རོ་གྱེན་དུ་བསླང་ཞིང་ཁྲི་སྡུག་ཉི་མའི་འོད་སྣང་ཤར་རིའི་ཕྲག་པ་ནས་བསུས་མྱོང་།
 /

་་་་་་་་་་་་ད་ལན་འདིར་གླེང་བར་བྱ་བ་ནི། རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་ཡ་གྱལ་ཁྲི་འཛིན་སོ་གསུམ་པ་ཆེན་མོ་༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་དེ་ཉིད་ཀྱི་རྣམ་ཐར་བཀླགས་པའི་རྒྱུད་རིམ་ནས་དད་འདུན་མོས་པའི་བློ་མིག་གིས་རྙེད་པའི་མདོ་དོན་གྱི་སྐད་ཆ་ཞིག་སྟེ། དཔལ་གཤེན་བསྟན་སྨན་རིའི་གླིང་གི་སློབ་གཉེར་བ་ཁྲི་གཡུང་དྲུང་ལགས་ཀྱིས་རྩོམ་སྒྲིག་གནང་བའི«སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་རྣམ་ཐར་མདོར་བསྡུས་བཞུགས»ཞེས་པའི་མགོན་པོ་གང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་རྣམ་པར་ཐར་པ་དེ་ཉིད་མཇལ་སྐལ་ཐོབ་པའི་ཚོར་བ་གཤའ་མ་ཞིག་དང་ལྷན་དེ་འབྲེལ་གྱི་སྐད་ཆ་འགའ་ཞིག་གླེང་བར་བྱ།
/

་་་་་་་་་་་་་དེ་ཡང་། ཕྲན་རང་ཉིད་ལ་མཚོན་ན་མགོན་པོ་གང་ཉིད་དངོས་སུ་མཇལ་བའི་སྐལ་བཟང་མ་ཐོབ་ན་ཡང་། རང་ཉིད་བོན་འབངས་ཤིག་གི་གྲལ་མཐར་གནས་པ་དང་ཆུང་ངུའི་དུས་ནས་གཤེན་བསྟན་སྨན་རིའི་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་གར་ཚ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གཙོས། གང་གི་དངོས་སློབ་དགེ་བའི་བཤེས་གཉེན་དག་གི་དྲུང་ནས་ཐོས་བསམ་གྱི་འཚོ་བ་རོལ་མྱོང་མཁན་ཞིག་དང་། དཔལ་རྒྱལ་བ་སྨན་རི་བ་མཆོག་གི་བླ་མེད་ཀྱི་མཛད་ཕྲིན་འཛམ་གླིང་གོ་ལའི་ཁྱོན་དུ་ཉི་ཟླའི་འོད་སྣང་ལྟར་ཤར་བཞིན་ལགས་པས། དེ་འབྲེལ་རྒྱལ་བ་སྨན་རི་ཆེན་མོའི་རྣམ་ཐར་དང་མཛད་པ་ཇི་སྙེད་དག་ལ་མཐོང་ཐོས་མྱོང་གསུམ་གང་རིགས་བྱུང་དང་འབྱུང་བཞིན་པའི་བདག་རྐྱེན་དད་པའི་ཆུན་པོ་ལ་བརྟེན་དང་། ལྷག་དོན་རྣམ་ཐར་གྱི་དཔེ་ཆ་འདི་ཉིད་དངོས་སུ་བཀླགས་སྐབས་དད་སེམས་ཀྱི་མིག་ཆུ་འཕར་མ་ཞིག་ཚོར་ཤེས་ཀྱི་སྦུབས་སུ་ཡང་ཡང་དྲངས་པ་ལ་བརྟེན་ནས། མགོན་པོ་གང་གི་རྣམ་པར་ཐར་པའི་རང་གཤིས་ཀྱི་ཆ་ཤས་ཙམ་ཞིག་འདིར་འགོད་པར་བྱ།
//
གཅིག

/

་་་་་་་་་་་་་་་«སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་རྣམ་ཐར་མདོར་བསྡུས་བཞུགས»ཞེས་པ་དེ་ཉིད་ལས། “འཛམ་གླིང་བོན་གྱི་གཙུག་རྒྱན་ཞྭ་དཀར་བསྟན་པའི་དབུ་འཁྲིད་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་ཞུས་ན་༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་རིན་པོ་ཆེ་མཆོག་ནི། རྒྱལ་བ་གཤེན་གྱི་འབྱུང་ལྡན་(༣༠༡)བོད་ས་མོ་སྦྲུལ་གྱི་ལོ་སྟེ། ཕྱི་ལོ་(༡༩༢༩)ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་བོད་མདོ་སྨད་ཤར་ཁོག་ཏུ་ལྗོངས་ལྡོང་ཚང་ཞེས་པའི་དུད་ཁྱིམ་དེར་ཡབ་ལྗོངས་ལྡོང་རྒྱལ་ལོ་དང་ཡུམ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་མཚན་ལ་བླ་མ་ཐར་ཞེས་གསོལ།”  དུས་སྐབས་འདི་ནི་ཅི་འདྲའི་དགའ་འོས་པ་ཞིག་དང་ཆེས་སྐལ་བཟང་གི་དུས་སྐབས་ཤིག་རེད་ཨང་། འཇིག་རྟེན་འདིར་སྐྱེ་འགྲོ་རྣམས་ལ་དྲོད་སྐྱིད་ཀྱི་འོད་སྣང་སྐྲུན་མཁན་གྱི་ཉི་མ་ཞིག་གམ། སྐུ་སྲོག་གི་བདེན་དོན་གངས་ལ་བསྟིམ་ཞིང་བླ་མེད་ཀྱི་ཟུངས་ཁྲག་ཐོལ་གྱིས་རྒྱུ་བའི་སྐར་ཆེན་ལྟ་བུའི་སྐྱེས་བུ་ཞིག་མི་ཡུལ་འདིར་དངོས་སུ་འཁྲུངས་པའི་དུས་སྐབས་ཤིག་རེད། སྐྱེས་ཆེན་དེ་ནི་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞེས་སུ་གྲགས་པ་དེ་ཉིད་ཡིན་པར་མ་ཟད། སྐྱེས་ཆེན་དེས་རིགས་ཞེན་གྱི་བ་དན་དཀར་པོ་ངེད་ཚོའི་མགོ་ཐོག་ཏུ་བསྒྲེངས་ཤིང་། བླ་མེད་ཀྱི་བྲང་ཁོག་སྣུམ་པོས་མི་རིགས་ཤིག་གི་དབུགས་རྒྱུན་སླར་ལ་བསྲིངས་མྱོང་། ལྷག་དོན་སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་ཆེན་དུ་བཏང་བའི་ཚུལ་རྣམས་གཤམ་ནས་གླེང་བར་བྱ།

/
གཉིས།

/

་་་་་་་་་་་་་་ཡང་དེ་ཉིད་ལས། “༡༩༤༡ དགུང་གྲངས་བཅུ་གསུམ་ཐོག་འདོན་དབྱངས་གྱེར་གསུམ་དང༌། འབུད་རྡུང་དཀྲོལ་གསུམ་སོགས་ལ་སྦྱངས་པ་ལྷོད་མེད་གནང༌། སྐབས་དེར་ཁོང་གི་མ་ཡུམ་སྐུ་ན་ཕྲ་བའི་དུས་ནས་ལྔ་ལམ་དུ་གྱུར་སྟབས་བསྟན་པ་ལྷུན་གྲུབ་མཆོག་གི་སྐུ་མདུན་ནས་གསོ་བ་རིག་པའི་གཞུང་ལས་དུས་བཞི་ཁམས་རྩིས་དང༌མ་བུ་དགྲ་གྲོགས།རྩ་དཔྱད་སྨན་གྱི་ངོ་སྤྲོད་སོགས་ལ་སྦྱངས་པ་གནང་སྟེ་ཟིང་ཆུ་སྟོད་སྨད་དང་བབ་བཟོ་སོགས་ས་ཆ་གང་སར་མ་ཡུམ་གྱི་དགེ་རྩར་དམིགས་ཏེ་སྐྱེ་འགྲོ་ནད་ཀྱིས་གདུང་བ་རྣམས་ལ་སྨན་སྦྱིན་རྒྱ་ཆེར་བསྩལ་གནང་མཛད།”

/

་་་་་་་་་་་་་་་ཨེ་མ། རིག་གཞུང་གི་མ་མ་སྟེ། འབྲི་ཀློག་འདོན་གསུམ་གྱི་དབྱངས་རྟ་སྙན་མོས་ཤེས་བྱ་རིག་པའི་རྨང་གཞི་བཏིང་ཞིང་ཕ་དང་མེས་པོའི་གཏམ་རྒྱུད་བཀླགས་པ་ནི། ཁྱེད་ཀྱིས་ཕ་ཤུལ་བུ་ཡིས་འཛིན་པའི་སྟ་གོན་ལ་མངོན་པར་ཕྱོགས་པ་ཡིན་ཞིང་། ལྔ་གསུམ་བཅོ་ལྔའི་དགུང་གྲངས་མ་ཚེས་གོང་ནས་གངས་ཅན་རིག་པའི་རྒྱ་མཚོའི་ཡ་གྱལ་གསོ་བ་སྨན་གྱི་རིག་པར། མཁས་པའི་ལག་ལེན་དང་དུ་བླངས་ཤིང་སྐྱེ་འགྲོ་མང་པོར་ནད་ཀྱི་གདུང་བ་ལས་གྲོལ་བར་མཛད་ཅིང་དེ་ཉིད་མ་ཡུམ་གྱི་དྲིན་ལན་གསབ་པའི་དགོངས་གཞི་དགོངས་པ་ཐུགས་ལ་བཀོད། རེད་ཡ། མི་ཡུལ་འདིར་སྐྱེས་ཆེན་གང་ཞིག་ཡིན་ཡང་མ་ཡུམ་གྱི་པང་ཁུག་ནས་ལང་ཚོའི་ཨག་རྒྱངས་རིང་མོ་འཇིག་རྟེན་དུ་བསྒྲགས་ཤིང་། མ་ཡུམ་གྱིས་བྱམས་སྐྱོང་ལ་བརྟེན་ནས་ཟུངས་ཁྲག་གི་འོད་སྣང་དམར་པོ་སྐུ་ཡི་རྩ་ལམ་ནས་མཆེད་ཅིང་བཞུར། ཨ་མའི་དྲིན་ལན་གསབ་པ་ནི། ནང་ཆོས་རིག་པ་ཆེན་མོའི་ཚད་མེད་སྙིང་རྗེའི་རང་གཟུགས་ཀྱི་རྨང་གཞི་བརྟན་པའི་ཐབས་ལམ་ཉག་གཅིག་དེ་ཡིན་སྟབས། དེ་ནི་གང་ཉིད་སྤྱིར་འགྲོ་ཁམས་ཀྱི་མགོན་སྐྱོབས་དམ་པ་དེ་ཉིད་དང་། ཡང་སྒོས་ནང་ཆོས་བསྟན་པའི་འགོ་ཁུངས་དྲུང་མུ་གྱེར་གྱི་མངའ་བདག་ཏུ་འགྱུར་བའི་རྟེན་འབྲེལ་གྱི་འགོ་མ་ཤར་བའི་སྐྱ་རེངས་ཤིག་ཅི་ལ་མིན་ཨང་།

/
གསུམ།

/

་་་་་་་་་་་་་“དགུང་གྲངས་བཅུ་བདུན་ཐོག་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་སྐར་དང་བསྟུན་ཏེ་སྐྱང་ཚང་བླ་མ་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་སྐུ་མདུན་ནས་གཙང་གཙུག་གི་སྡོམ་པ་ཞུས་ཤིང་མཚན་ལ་ཤེས་རབ་རྣམ་དག་ཏུ་གསོལ།”  རིན་པོ་ཆེ། ཁྱེད་ནི་དོན་དམ་པའི་ཁྱད་འཕགས་ཀྱི་སྐྱེས་བུ་ངོ་མ་དེ་ཡིན་སྟབས། སྐབས་དེ་དུས་ནས་བཟུང་། འཇིག་རྟེན་གྱི་ཁྱིམ་གཞི་དང་འདོན་ཡོན་ལོངས་སྤྱོད་ཙམ་ལ་མངོན་པར་མ་ཞེན་པར། འགྲོ་ཀུན་བྱང་ཆུབ་ཀྱི་རྒྱལ་ས་ཆེན་མོ་རུ་སྒྲོལ་ཕྱིར་བདག་ཅག་གི་སྟོན་པའི་གཤེགས་ཤུལ་ནས་ཉེ་བར་ཕེབས་ཏེ། ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཆེན་མོའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་མངའ་བདག་ཏུ་འགྱུར་བའི་རྟགས་དང་མཚན་མ་དངོས་སུ་དོད་པ་སྟེ། གང་ཉིད་ཀྱི་འཁྲུངས་སྐར་དང་བསྟུན་ཏེ་གནག་སྣུམ་གྱི་དབུ་ལོའི་མཆོད་ཀ་དཀོན་མཆོག་གི་ཞིང་སར་ཕུལ་བ་སོགས། མདོ་སྔགས་སེམས་གསུམ་གྱི་བསྟན་པའི་རྒྱུན་ཐག་གཅིག་ཏུ་དྲེལ་བ་ལ་མངོན་པར་ཕྱོགས་པ་ཡིན་པས་སོ། །

/

  བཞི

/

་་་་་་་་་་་་་་་“དགུང་གྲངས་ཉེར་ལྔའི་ཐོག་གཡུང་དྲུང་བོན་གྱི་གཞུང་བཀའ་པོད་དྲུག་ལ་དམ་བཅའ་བཞག་ཅིང་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་བཞེས།” ངོ་མ་རེད་ཡ། ལུང་རྟོགས་གཉིས་ཀྱི་བསྟན་པའི་བདག་པོའི་ཅོ་པན་འཆང་ཞིང་འགྲོ་མིའི་དད་ཡུལ་གྱི་དཔལ་དུ་བཞད་པའི་སྐྱེས་ཆེན་ཞིག་ཏུ་འགྱུར་བ་ལ། རྒྱུ་འབྲས་ལུག་འབྱུང་གི་ཞིང་ས་གཤིས་པོར་དཀའ་ཚིགས་ཀྱི་ལོ་ཟླའི་འདབ་མ་རིང་ནས་རྒུམ་ཞིང་འབད་བརྩོན་གྱི་རུས་པ་སྙིང་ན་བཅུག་དགོས་པ་ལས། སྐྱེས་མ་ཐག་ནས་གོས་ཆེན་གྱི་རུམ་དུ་བཏུམ་པའི་ཁྲི་མཐོའི་མངའ་བདག་ཙམ་གྱིས། འགྲོ་བའི་རྣམ་ཤེས་ཀྱི་རེ་འདོད་སྐོང་པར་བག་མི་ཚ་བར་འགྱུར་བ་དཀའ་ཞིང་། སྐྱེས་ཆེན་ཞིག་གི་འགན་འཁྲིའི་ཁུར་ཆེན་འཕྲག་ཐོག་ཏུ་ཐེག་པར་དེ་བས་དཀའ། ཁྱེད་ནི་དེ་འདྲའི་ཁྱི་ལུད་དར་གཏུམ་དུ་བྱས་པ་དག་དང་མི་འདྲ་བར། ནང་ཆོས་ཀྱི་རིག་པའི་ཉིང་བཅུད་གང་དག་ལ་ཐོས་དང་བསམ་པའི་སྒྲོ་འདོག་ལེགས་པར་བཅད་སྟེ། རྒྱལ་བ་མཉམ་མེད་ཆེན་མོའི་ཕྱག་སྲོལ་ཇི་བཞིན་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་ཅོ་པན་དོན་གྱིས་འཕོས་པས་སོ། །

/

ལྔ།

/

་་་་་་་་་་་་་་“སྐྱེས་མཆོག་དམ་པ་དུ་མའི་མཚན་བྱང་གཅིག་ཏུ་བསྡུས་ནས་ཟན་རིལ་བསྒྲིལ་བ་ལས། ཞྭ་དཀར་བསྟན་པའི་བདག་ཉིད་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཞལ་ཚབ། དཔལ་རྒྱལ་བ་སྨན་རི་བའི་གསེར་གྱི་ཁྲི་འཕང་མཐོན་པོའི་མངའ་བདག་དམ་པར་བོན་སྐྱོང་བཀའ་སྲུང་གི་ལུང་རྟགས་སུ་སྐྱབས་རྗེ་མཆོག་ཉིད་ལ་ཟན་རྟགས་བབས་པ་ལགས་སོ། །”  ཀྱེ་བླ་མ་ལགས། འགྲོ་བའི་སེམས་ཁམས་ཀྱི་སྨག་རུམ་བརྟོལ་བའི་ཉི་མ། ཟུངས་ཁྲག་གངས་ལ་བསྟིམ་པའི་བླ་མེད་ཀྱི་དཔའ་བོ། རིགས་ཞེན་གྱི་བ་དན་དགུང་ནས་ཕྱར་བའི་སྐྱེས་མཆོག་ཆེན་མོ། བསྐལ་པའི་ཁུག་སོ་དང་དུས་ངན་གྱི་གཉེན་འཕྲང་ཞིག་ནས། བསྟན་པའི་མེ་རོ་ས་འོག་ཏུ་འདའ་ལ་ཁད་པའི་དུས་ཤིག་ལ། མི་རིགས་ཤིག་གི་སྲོག་རྩ་དམར་མོ་འཆད་ལ་ཉེ་བའི་སྐབས་ཤིག་ན། ཁྱེད་ཉིད་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་རྒྱལ་བ་སྨན་རི་བའི་ཞལ་ཚབ་གསེར་གྱི་ཁྲི་རུ་འཁོད་པ་ནས་བཟུང་། དཀའ་ངལ་དང་སྐུ་ཚེགས་ཆེན་པོས་བླ་མེད་ཀྱི་མཛད་བཟང་ཉེ་བར་བསྐྲུན་ཞིང་། བསྟན་པའི་མེ་རོ་སླར་ཡང་བསླང་། མི་རིགས་ཀྱི་དབུགས་རྒྱུན་བསྐྱར་དུ་བསོས། རིགས་གཞུང་གི་རྩ་ལག་སླར་ཡང་བསྐྲུན། གངས་ཅན་རིག་གཞུང་གི་འགོ་ཁུངས་ཏེ་གཡུང་དྲུང་བོན་གྱི་བསྟན་པའི་ཉི་མ་འཛམ་གླིང་གི་ཁྱོན་ན་དར་སྤེལ་མཛད། སྐྱེས་ཆེན་ལགས། དེ་ནས་བཟུང་། སྐུ་ཉིད་ཀྱི་སྟོང་གསུམ་ཡུན་ལ་སྐྱོད་པའི་ཐུགས་རྗེ་ཉི་ཟླའི་འོད་སྣང་ཕྱོགས་སུ་འཕྲོས་ཤིང་། ས་གསུམ་ཟིལ་གྱིས་གནོན་པའི་བླ་མེད་ཀྱི་མཛད་བཟང་སྲིད་འདིར་མངོན་པར་འཕགས། བདེར་གཤེགས་སྟོང་གི་ཐུགས་བཅུད་བསྡུས་པའི་དགོངས་རྟོགས་ཉམས་ཀྱི་མན་ངག་ཐོག་བབ་ཏུ་རྡོལ་ཞིང་། མཁས་བཙུན་བཟང་གསུམ་གྱི་སྙན་པའི་གྲགས་ཆེན་གངས་རིའི་དབུ་རྩེ་ནས་ལྷུག་པོར་གྲོལ་བས། བོན་འབངས་ཡོངས་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད་ཆེན་མོ་ཞེས་སྙན་པའི་གྲགས་པ་འཛམ་གླིང་ན་ཁྱབ། རིན་པོ་ཆེ། སྐུ་ཉིད་འགྲོ་བའི་དོན་དུ་འོ་བརྒྱལ་བར་མ་བྱུང་ངམ།

/

དྲུག

/

་་་་་་་་་་་་་དུས་དེ་ནས་བཟུང་། “གཤེན་བསྟན་སྨན་རིའི་གླིང་དུ་“གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་”གསར་དུ་བཙུགས་ཤིང་ཐུན་མིན་གཡུང་དྲུང་བོན་གྱི་གཞུང་བཀའ་པོད་དྲུག་དང་ཐུན་མོང་རིག་གནས་ཀུན་ལ་འཆད་ཉན་བྱས་ཏེ་མཐར་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་འབུལ་བའི་བཅའ་སྒྲིག་སོགས་གཏན་འབེབས་མཛད།”  བླ་མ་ལགས། ཉིད་ཀྱི་ཐུགས་དགོངས་ཀྱི་ཀློང་ན་སྦྲུམ་པའི་རླབས་ཆེན་གྱི་མཛད་པ་ཟབ་མོ་སྟེ། འཛམ་གླིང་ཧྲིལ་པོའི་སྤྱི་ནོར་དམ་པ་གངས་ཅན་རིག་མཛོད་ཆེན་མོའི་རྩ་ལག་ཏུ་གྱུར་པ། ཐུན་མིན་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་དང་ཐུན་མོང་ཞང་བོད་ལྗོངས་ཀྱི་བླ་ཡི་སྲོག་དང་ཟུངས་ཀྱི་ཁྲག་ལྟར་གྱུར་པའི་ཤེས་རིག་གི་ཉིང་བཅུད་འདི་དག་ཕ་ཤུལ་བུ་ཡིས་འཛིན་པ་ལྟར་དུ་མི་རབས་རྗེས་མའི་ལག་ཟུང་དྲོན་མོར་གཉེར་དུ་གཏད་ཅིང་། གཞིས་བྱེས་གཉིས་ཀའི་སྡེ་ནས་བཤེས་གཉེན་བརྒྱ་ཕྲག་མང་པོ་གསོ་སྐྱོང་གནང་ཞིང་། འཛམ་གླིང་ས་ཕྱོགས་གང་སར་བོན་བསྟན་ཉི་མའི་འོད་སྣང་གིས་རླབས་ཞགས་རིང་མོས་ཡོངས་སུ་ཁྱབ་པར་མཛད། ཕྱོགས་གང་ས་ནས་ཕ་མེད་མ་མེད་ཀྱི་དྭ་ཕྲུག་བསམ་གྱིས་མི་ཁྱབ་པར་གསོ་སྐྱོང་གནང་ཞིང་། དེ་དག་ལ་ཤེས་རིག་སློབ་གླིང་གི་ཁོར་ཡུག་བསྐྲུན་པ་དང་། དེ་དག་གི་ཁྲོད་ནས་མི་གྲལ་མི་ཡི་གསེང་དུ་རྐང་གཉིས་བརྟན་པོ་འཛུགས་ཐུབ་པའི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་བགྲང་དུ་མེད་པར་བསྐྱེད་བསྲིངས་མཛད་པ་ཡིན། དེ་ནི་སྔར་སོང་ལོ་རྒྱུས་ཀྱི་གླེགས་བབ་ཧྲུལ་པོར་ཞིབ་དཔྱད་བཙན་སྔོག་བྱེད་དུས། ཕ་དང་ཨ་མྱེ་དག་གིས་སྐུ་ཚེ་གངས་ལ་བསྟིམ་ཞིང་། སྐུ་སྲོག་འབེན་དུ་བཙུགས་པའི་དགོངས་བཞེད་དེ་ཉིད་ཡོངས་སུ་འགྲུར་པར་བསམ་གྱིས་མི་ཁྱབ་པའི་མཛད་པ་རུ་ངེས། དེར་བརྟེན་མགོན་པོ་གང་ཉིད་མི་རིགས་ཤིག་གི་ངོས་ནས་གླེང་ན་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་དང་། ཆོས་ལུགས་གྲུབ་མཐའ་ཞིག་ལ་མཚོན་ན་དོན་དམ་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་ཞིག་གི་མཚན་དོན་གཤིས་ལ་གྲུབ་པས་ཡིན།  དེ་ནི་སྐར་ཆེན་ལྟ་བུའི་སྐྱེས་བུ་གང་ཉིད་ཀྱི་སྐུ་འཚོ་བཞུགས་ཀྱི་རྣམ་ཐར་དང་འབྲེལ་བའི་རླབས་ཆེན་གྱི་མཛད་པའི་ཆ་ཤས་ཙམ་ཡིན་པ་ལས། དོན་དངོས་མགོན་པོ་གང་གི་རླབས་ཆེན་གྱི་མཛད་པ་དང་། ཞུམ་པ་མེད་པའི་སྙིང་སྟོབས། འཇིགས་པ་དང་བྲལ་བའི་དགོངས་བཞེད་སོགས་ཐུན་མིན་བླ་ན་མེད་པའི་ཁྱད་བོན་གང་དག་འདི་ལྟ་བུའི་ཡིག་ཚོགས་རེ་གཉིས་ཙམ་གྱིས་གླེང་ཐབས་བྲལ་བ་ཞིག་ཀྱང་ཡིན།

/
བདུན།

/

་་་་་་་་་་་་་་“དགུང་གྲངས་གྱ་དགུ་བཞེས་ཐོག་བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་སྟེ། ཕྱི་ལོ་(༢༠༡༧)ཟླ་(༩)ཚེས་(༡༤)ཉིན་གྱི་ཕྱི་དྲོ་ཆུ་ཚོད་(༦།༢༥)ཐོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཁྱད་དུ་འཕགས་པའི་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་གཟིགས་གནང་མཛད།”   ཀྱེ་མ་ཀྱེ་མ། ལས་དབང་གི་རླུང་ནག་འཚུབ་མའི་འཇིག་རྟེན་འདི་ནས། སངས་རྒྱས་ཀྱི་བཀའ་བས་སེམས་ཅན་གྱི་ལས་བཙན་པའི་དུས་ངན་འདི་ནས། དགུང་སྔོན་མཁའ་དབྱིངས་ཀྱི་ཁྲོད་ན་སྐར་ཆེན་བཞིན་འཚེར་བའི་སྐྱེས་བུ་ཞིག་གཤེགས་སོང་། གངས་རིའི་ལྷ་ཁང་འདེགས་པའི་ཀ་བ་ཞིག་འགྱེལ་སོང་། དུས་ངན་གྱི་རླུང་ཚུབ་ཁྲོད་ཀྱི་ཉི་མ་ཞིག་ནུབ་སོང་། བསྟན་པའི་མེ་རོ་སློང་བའི་སྒྲོན་མེ་ཞིག་གཟིམས་སོང་། འཇིག་རྟེན་གྱི་མུན་པ་སེལ་བའི་སྐར་ཆེན་ཞིག་ཡལ་སོང་། གདན་ས་སྨན་རིའི་གླིང་དུ་གདུང་སེམས་ཀྱི་མཆོད་མེ་ལམ་ལམ་དུ་འབར་བཞིན། འདུས་སྡེ་ཚོགས་མང་གི་དཀྱིལ་དུ་སྔར་མེད་སྐྱོ་དབྱངས་ཀྱི་འདོན་པ་ཞིག་འུར་གྱིས་གྲགས་སོང་། དགོན་དེའི་སྐོར་ལམ་དང་ཁོར་ཡུག་དག་ཏུ་དད་ལྡན་སྐྱ་སེར་མང་པོའི་མིག་མཐའ་མཆི་མས་འཁོར་བཞིན། “འཛམ་བུ་གླིང་དུ་གསེར་གྱི་ཉི་ཤར་བཞིན། དུས་ངན་ལྔ་བརྒྱ་ཐ་མའི་སྙིགས་མ་ལ།”ཞེས་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་མྱ་ངན་དབྱངས་རྟ་དེ་ཉིད་ཀྱིས་ཡོངས་སུ་ཁྱབ་སོང་། རིས་མེད་གྲུབ་མཐའ་ཡོངས་ཀྱི་གདན་ས་ཁག་དང་བླ་ཆེན་མི་ཆེན་རྣམས་ཀྱིས་ཐུགས་གསོའི་མྱ་ངན་གྱི་ཞུ་འཕྲིན་གང་སར་ཁྱབ་སོང་། བོད་ཕྱི་ནང་ཡོངས་ཀྱི་བོན་དགོན་ཁག་ལ་སྐྱོ་གདུང་དང་སྨྲེ་ངག་གི་ན་བུན་འཁྲིགས་ཤིང་གདུང་འདབ་མཆོད་སྤྲིན་གྱི་དགེ་རྩ་སྒྲུབ་པར་བྲེལ་དགོས་ཐུག་སོང་།

/
་་་་་་་་་་་་་ཀྱེ་མ། ཀྱེ་མ། དེ་ནི་གཞན་གང་ཡང་མ་ཡིན་པར། སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་ཆེན་དུ་བཏང་ཡང་འོ་མི་བརྒྱལ་བའི་དཔལ་རྒྱལ་བ་སྨན་རི་མཆོག་འཇིག་རྟེན་འདི་ནས་གཏན་དུ་ཞལ་གྱེས་སོང་བ་རེད་ཟེར། ཨ་ཁ་ཁ། དེ་ནི་ཟུངས་ཁྲག་གངས་ལ་རྒྱུ་བའི་གངས་རིའི་ལྷ་སྲས་ཤིག་ཁ་བ་ཅན་དང་གཏན་དུ་ཞལ་གྱེས་སོང་བ་ཡིན་ལ། སངས་རྒྱས་ཀྱི་བསྟན་པ་འཛིན་པའི་འགྲོ་བའི་དེད་དཔོན་ཞིག་གཤེགས་སོང་བ་རེད། ཕ་མེད་མ་མེད་ཀྱི་དྭ་ཕྲུག་མང་པོའི་རྣམ་ཤེས་འཁོར་སའི་ཡབ་ཆེན་ཞིག་ངེད་ཚོ་དང་ཞལ་གྱེས་པ་རེད། ལྷག་དོན་འཛམ་གླིང་བོན་འབངས་ཡོངས་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད་ཆེན་མོ་མཆོག་གིས་བསྟན་འགྲོའི་དོན་དུ་མཛད་པ་རླབས་པོ་ཆེ་སྐྱོང་བར་འཕྲོ་ལུས་སོང་བ་ཡིན་པར་མ་ཟད། ཤུལ་ལུས་ཀྱི་འབང་མི་རྣམས་ལ་མཚོན་ན་ཁྱེད་ཉིད་ཕེབས་པར་སྔ་ཐག་ཆོད་སོང་བ་རེད། དེ་ཡང་ཡིན་ཏེ། ད་དུང་ཉིད་ལ་གསོན་གཤིན་གཉིས་ཀྱི་རེ་བའི་མིག་ལྟོས་བཅོལ་མཁན་སྔར་ལས་གྲངས་མང་བར་གྱུར་འདུག་པས་སོ། ། དེ་ནི། རེ་སྨོན་ཁྲི་ཕྲག་གི་ཀློང་ནས་ཁྱེད་ཉིད་འཇིག་རྟེན་འདིར་མར་མེ་ཚེ་འབར་བཞིན་སྒོམ་པའི་འགྲོ་བ་མང་པོའི་སྙིང་ཁམས་ཆུ་ལས་གྲང་བར་གྱུར་འདུག་པས་ཡིན། ང་ཚོ་སྟེ་ཤུལ་ལུས་འབང་མི་རྣམས་ཀྱིས་རང་ཉིད་ཀྱིས་རང་ཉིད་ལ་སེམས་ཀྱི་ཞུ་འཕྲིན་གཏོང་བཞིན “རྒྱལ་བའི་མཆོག་ལ་སྐྱེ་འཆི་མི་མངའ་ཡང་། །མི་རྟག་ཚུལ་བསྟན་དགོངས་པ་མ་མྱ་ངན་འདས། །” ཞེས་པའི་སངས་རྒྱས་ཀྱི་ཞལ་གསུང་འདི་གཅིག་པུས་རང་སེམས་རང་གིས་གསོ་བཞིན། རང་བློ་རང་གིས་སྐོར་བཞིན་འདུག་པ་ལས་གཞན་པའི་བྱ་ཐབས་ཤིག་ཡོད་སྲིད་དམ།

/
་་་་་་་་་་་་་་མཇུག་ཏུ་ཞུ་གསོལ། མདོར་ན་ཇི་སྲིད་འཁོར་བ་མ་སྟོང་པ་དེ་སྲིད་དུ་དཔལ་རྒྱལ་བ་སྨན་རི་མཆོག་གི་དགོངས་རྟོགས་ཡིད་བཞིན་ནོར་བུའི་འོད་སྣང་དེ་ཉིད་འཇིག་རྟེན་འདིར་འགྲོ་བའི་སེམས་ཁམས་ཀྱི་གསོས་སུ་ནམ་ཡང་གནས་པའི་ཡིད་ཆེས་ཀྱི་ཀློང་ནས་དེ་བཞིན་འགྲུབ་པར་གྱུར་ཅིག་གུ།

/

་་་་་་་་་་་་་་་ཞེས་ཞྭ་དཀར་གཡུང་དྲུང་བོན་གྱི་དབུ་ཁྲིད་དམ་པ་སྐྱབས་རྗེ་རྒྱལ་བ་སྨན་རིའི༧ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ཉིད་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་ནས་དགོངས་ཞག་ལྔ་བཅུ་འཁོར་བར་རྗེས་དྲན་གྱི་ཚུལ་དུ་མགོན་པོ་པོ་གང་གི་ཐུགས་རྗེའི་སྐྱབས་འོག་དུ་ཚུད་པ་ཞུ་ཚང་སྐལ་བཟང་རྒྱལ་མཚན་ནས་གུས་པས་སྦྱར་བའོ།། དགེ་དེས་དཔལ་ལྡན་བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *